1965ལོར་ཕ་ཁི་སི་ཐན་གྱི་ཡུལ་དུ་ཨོ་རྒྱན་ཡུལ་གྱི་ཁྲག་རྒྱུད་ཅན་གྱི་མུའུ་སི་ལིན་གྱི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས། ཁོའི་ཨ་ཕ་ནི་ཕ་ཁི་སི་ཐན་གྱི་བྷེ་ཧྲ་བར་ཞེས་པའི་ས་ཆ་ནས་ཡོང་བའི་རང་དབང་འཐབ་མོ་བ་ཞིག་ཡིན་པ་དང་། ཞཱ་རུ་ཁི་ཧན་གྱིས་བཤད་པ་བཞིན་ཏེ་ཁོའི་ཨ་མྱེས་ནི་ཨོ་རྒྱན་ཡུལ་ནས་ཐོན་པ་ཞིག་ཡིན་ཞིང་ཁོའི་ཨ་མ་ནི་ཨ་མྱེས་ཀྱིས་བུ་བསྐལ་དུ་བླངས་པ་ཞིག་ཡིན་ཟེར། ཆུང་དུས་ཁོ་རང་སློབ་གྲྭར་འགྲིམས་དུས་རང་ཉིད་ཀྱི་ལུས་རྩལ་དང་ཟློས་གར་འཁྲབ་སྟོན་ཕྱོགས་ཀྱི་བགས་ཤུགས་བསྔོགས་འདོན་ཐད་ནུས་པ་ཅི་ཡོད་བཏོན་མྱོང་། རྗེས་སུ་སློབ་ཆེན་དུ་དཔལ་འབྱོར་རིག་པའི་དངོས་གཞིའི་སློབ་སྦྱོང་བརྒྱུད་དེ་མཐར་ཕྱིན་པ་དང་། དམངས་ཀྱི་སྨྱན་གཟུགས་ཁྱབ་སྤེལ་གྱི་ཧྲོ་ཧྲིའི་ཞིབ་འཇུག་ལ་སློབ་གཉེར་བྱེད་རྒྱུའི་གོ་སྐབས་བྱུང་ན་ཡང་། ཁོས་ལས་དེ་ཉིད་བསྐྱུར་ཏེ་པོ་ལེ་བུའུ་རུ་སོང་ནས་རང་ཉིད་ཀྱི་མི་ཚེའི་གདམ་ག་གསར་བ་དེར་ཞུགས་པ་རེད།
རྒྱ་གར་གྱི་གློག་བརྙན་ལས་རིགས་ཁྲོད་དུ་སྣང་ཚུལ་ཁྱད་པར་བ་ཞིག་ཡོད་པ་སྟེ། གལ་སྲིད་རང་གི་ཁྱིམ་རྒྱུད་ཀྱི་མི་རེ་ཟུང་གློག་བརྙན་ལས་རིགས་ཁྲོད་དུ་བྱ་བ་གཉེར་གྱི་མེད་པ་ཞིག་ཡིན་ཚེ། གློག་བརྙན་གྱི་བྱ་གཞག་ཁྲོད་ནས་མདུན་ལམ་འཚོལ་རྒྱུ་ནི་ལས་སླ་མོ་ཞིག་མིན་པ་རེད། ཡིན་ན་ཡང་། ཕ་མ་ཟུང་སྔ་མོ་ནས་འདས་པའི་ཞྰ་རོད་ཁི་ཧན་ལ་མཚོན་ན། རང་ཉིད་ཀྱི་འཇོན་ཐང་དང་ནུས་པ། སྦྱང་བརྩོན་རྐྱང་བ་ཞིག་ལ་བརྟེན་ནས་བརྙན་འཕྲིན་དང་གློག་བརྙན་གྱི་འཁྲབ་བྱ་ཆུང་ངུ་རེ་ནས་མགོ་བརྩམས་ནས་ཧུར་བརྩོན་བྱས་ཏེ་སྤྱི་ལོ་1992ལོར་པོ་ལེ་བུའུ་ཡི་བརྩེ་དུང་དང་ཁྱིམ་གྱི་མི་ཆོས ། འཁོན་ལན་སློག་པ་བཅས་ཀྱི་བརྗོད་བྱ་སུམ་འཛོམས་ཀྱི་གློག་བརྙན《སྨྱོ་ཧམ(Deewana)》ཞེས་པ་འཁྲབ་རྒྱུའི་གོ་སྐབས་རེག་པ་རེད།
དེ་ལས་ཀྱང་ཁོ་རང་སྙན་གྲགས་རྒྱས་སུ་བཅུག་པའི་གློག་བརྙན་གཞན་ཞིག་ནི1995ལོར་རྒྱ་གར་གྱི་འཁྲབ་ཁྲིད་པ་གྲགས་ཅན་ཨ་ཏིས་ཐི་ཡ་ཆོ་ཕི་ར(Aditya Chopra)ཡིས་འཁྲབ་ཁྲིད་བགྱིས་པའི《བརྩེ་སེམས་ཚུར་འགུག Dilwale Dulhania Le Jayenge》 ཞེས་པ་དེ་ཡིན་པ་རེད། གློག་བརྙན་འདི་དང་ཐོག་བསྟན་པ་ནས་ད་ལྟའི་བར་དུ་གདེང་འཇོག་མི་དམན་པ་ཐོབ་ཡོད་ཅིང་། མུན་མའེ་ཟློས་གར་ཁང་གིས་ཀྱང་རྒྱུན་དུ་སྟོན་གྱིན་པའི་གློག་བརྙན་གྱི་བརྩམས་ཆོས་གླེང་རི་བ་ཞིག་རེད་དོ།།
ཞཱ་རུ་ཁི་ཧན་གྱི་གློག་བརྙན་ལ་པོ་ལེ་བུའུ་ཙམ་དུ་གྲགས་ཆེ་བར་མ་ཟད། འཛམ་གླིང་རང་བཞིན་ལའང་ཤུགས་རྐྱེན་གཏིང་ཟབ་བཞག་ཡོད་པ་རེད་དེ། ཁོས་གཙོ་འཁྲབ་བགྱིས་པའི་ལོ་རྒྱུས་བརྗོད་དོན་གློག་བརྙན་རྒྱལ་པོ་མྱ་ངན་མེད་དང་། དོན་དངོས་གཞིར་བཟུང་ནས་འཁྲབ་པའི་གློག་བརྙན་ཞིག་སྟེ། 911དོན་རྐྱེན་རྗེས་སུ་མི་མང་དག་ཅིག་གིས་མུའུ་སི་ལིན་ལ་དམའ་འབེབས་དང་ཁྱད་གསོད་བྱས་ཤིང་། ཁི་ཧན་ཟེར་བའི་མུའུ་སི་ལིན་ཞིག་གིས་རང་གི་དད་ཡུལ་གྱི་ཆོསལུགས་ལ་ལས་གང་གིས་ཀྱང་འགྱུར་བ་མེད་པར་དད་པ་རྩེ་གཅིག་གིས་བྱེད་ཅིང་། རང་ཉིད་ཀྱི་བུ་ཆུང་ལོ་ན་བཅུ་གསུམ་ལ་མ་གཏོགས་སོན་མེད་པ་དེ་ཡང་ཆོས་ལུགས་གྲུབ་མཐའི་འགལ་འདུའི་ཁྲོད་སློབ་གྲྭའི་ལུས་རྩལ་ར་བ་ནས་སློབ་གྲོགས་གཞན་གྱིས་བསད་པའི་སྐྱོ་སེམས་དང་། རང་གི་ཆུང་མར་བཞག་པའི་དམ་ཚིག་ཅིག་གི་སླད་དུ་དཀའ་ལས་བློ་ཡུལ་ལས་འགོངས་པ་བརྒྱུད་ཨ་རིའི་སྲིད་འཛིན་གྱི་མདུན་དུ་སོང་ནས་ངའི་མིང་ལ་ཁི་ཧན་ཟེར། ང་འཇིགས་སྐུལ་རིང་ལུགས་པ་མིན་ཞེས་བཤད་ཅིང་། སྐྱེས་བུ་རང་ག་བ་ཞིག་གི་སྟེང་ནས་ཁྱད་དུ་འཕགས་པའི་བློ་སྟོབས་དང་མི་ཚེའི་ལམ་བུར་བློ་མི་ཕམ་པའི་སྙིང་སྟོབས་མཚོན་པའི་གློག་བརྙན 《 ངའི་མིང་ལ་ཁི་ཧན་ཟེར 》 ཞེས་པ་སོགས་ཀྱིས་མཚོན་པའི་གློག་བརྙན་གྱི་བརྩམས་ཆོས་མང་དག་ཅིག་གིས་འཛམ་གླིང་ཡོངས་ཀྱི་མི་རྣམས་ལ་བགས་ཆགས་ཟབ་མོ་བཞག་ཡོད་ཚོད་རེད། གཞན་ཡང་། བརྩེ་དུང་བརྗོད་པའི་གློག་བརྙན《དུངས་བ་ངོ་མ་གཏན་དུ་གནས》། སོགས་ཀྱི་བརྩམས་ཆོས་ལ་ཡང་མི་ཧ་ཅང་མང་པོ་ཞིག་གིས་དགའ་པོ་བྱེད་ཀྱིན་ཡོད། ཁོའི་བརྩམས་ཆོས་མང་ཤས་ལ་འཛམ་གླིང་རང་བཞིན་གྱི་བྱ་དགའ་མང་པོ་ཐོབ་ཡོད་པ་དང་། 《 དུས་རབས》 ཞེས་པའི་དུས་དེབ་ཀྱི་རྒྱབ་ཤོག་སྟེང་གི་ལོ་བཞི་བཅུའི་མན་གྱི་ཡ་གླིང་གི་དཔའ་རྒོད་དུ་ཡང་བགྲང་ཡོད་པ་རེད།
འདིར་ངོ་སྤྲོད་བྱས་པའི་གློག་བརྙན་བརྩམས་ཆོས་དག་གི་མིང་རྒྱ་སྐད་ནས་བསྒྱུར་བ་ཡིན་ཏེ། ཤན་སྦྱར་གྱི་ཚུལ་དུ་བཀོད་ན།
1 སྨྱོ་ཧམ། Deewana 疯狂
2 བརྩེ་སེམས་ཚུར་འགུག Dilwale Dulhania Le Jayenge 勇夺芳心
3 ངའི་མིང་ལ་ཁི་ཧན་ཟེར། My name is Khan 我的名字叫克汗
4 དུངས་བ་ངོ་མ་གཏན་དུ་གནས། Mohabbatein 情字路上
གཤམ་གྱི་དྲ་གནས་ལ་རྡེབ་ནས་ཁོའི་གློག་བརྙན་བརྩམས་ཆོས་དག་ལ་རོལ་མྱོང་བྱས་ཆོག
http://fs.funshion.com/search/media?rec=&sall=&kt=&ta=0&word=沙鲁克·罕
དཔྱད་མཆན་ཡོད།