ནང་ཆོས་གློག་བརྙན་མུན་ཁྲོད་ཀྱི་སྒྲོན་མེ།

     


    བླ་མ་དམ་པ་རྣམས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།། དེང་རབས་གློག་བརྙན་ནི་ནམ་ལང་གི་ཉི་མ་བཞིན་དུ་འཇིག་རྟེན་གོ་ལའི་ཁྱོན་འདིར་ཁྱབ་མོད།    དེ་དང་ལེན་མེད་པའང་ཨ་མྱེ་ཉི་མ་སོགས་རེ་ཟུང་ཙམ་ལས་མེད། གློག་བརྙན་གཟུགས་རིས་སུ་བདེན་དངོས་དོན་ཐོབ་དང་། ཕུགས་མེད་རྫུན་གཏམ་སོགས་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པའི་རྣམ་རྟོག་ལ་ཤར་ཚད་ཁོ་རང་གིས་ཕྱིར་མངོན་ཐུབ་པས་མཐའ་གཅིག་ཏུ་གད་སྙིགས་ཤིག་གོ་ཞེས་ཨ་མྱེ་ཉི་མའི་རང་ཚུགས་དེ་སུ་ཞིག་གིས་འཛིན་ནུས།    དེས་ན་གློག་རླབས་དང་འབྲེལ་བའི་ནང་ཆོས་འཁྲབ་སྟོན་གྱི་གཟུགས་རིས་འགྲེམ་སྤེལ་གྱི་སྒོ་ནས། མཐོ་རིམ་ནང་བསྟན་གྱི་ཕ་ས་མིག་གིས་བོར་ཞིང་། དམ་པའི་ལེགས་བཤད་བལྟ་ལོང་མེད་པའི་རྣམ་གཡེང་གློག་བརྙན་གྱི་འདབས་སུ་གནས་བཅའ་བའི་གང་ཟག་དེར་ནང་ཆོས་ངོ་སྤྲོད་དང་།   ཟབ་གནད་གསལ་སྒྲོག་གི་ཐབས་ལ་ནང་ཆོས་གློག་བརྙན་འདི་བས་ལྷག་ཅིག་ཡོད་ཚོད་མི་འདུག་སྙམ།    དེ་ཕྱིར་དད་ངེས་འབྱུང་།    བྱམས་སྙིང་རྗེ་སོགས་ཀུན་ནས་སློང་ཐུབ་པའི་ནང་ཆོས་གློག་བརྙན་ལྷ་སྒྲུང་འཁྲབ་སྟོན་ཙམ་མ་ཡིན་པར་དངོས་ཐོག་བདེན་གཏམ་གྱི་སྤྲུལ་བསྒྱུར་དུས་རབས་འདིར་མང་དུ་བསྐྲུན་ཐབས་བྱུང་ན་ནང་བསྟན་ཆོས་ལུགས་ཀྱི་རྐང་རྩ་གྲོང་པའི་གནས་ནས་འཛིན་བཟུང་གི་བྱ་བ་དམིགས་འདུན་ཡོད་ལ་ཕུགས་བརྟན་པ་ཞིག་ཆགས་ཐུབ་སྙམ། ནང་ཆོས་དོན་སྙིང་སེམས་ལས་བོར་བའི་འགྲོ་བ་མིའི་སྲོག་ཆགས་ནི་གདུག་སེམས་ལྡན་པའི་འཕར་སྤྱང་གི་གྲལ་ལས་བརྒལ་ཚོད་མིན་ན།   རང་རེ་རྒྱུ་མཚན་ཅན་གྱི་ཆོས་ལུགས་ཀྱི་བདག་པོ་ཚོས་ཟབ་ཆོས་ཀྱི་ཁྱད་ནོར་བྱམས་སྙིང་རྗེ་སོགས་རིགས་མཐུན་འགྲོ་བ་ལེགས་ལམ་དུ་དཀྲི་ཕྱིར་ཐབས་མཁས་སྣ་ཚོགས་ལ་འབད་འབུང་བྱེད་རྒྱུར་རེ་བ་སྙིང་ཐག་པ་ནས་སོར་བཅུའི་ཐལ་མོ་བྲང་གར་ཟུམ་སྟེ་གསོལ་བ་ལན་བརྒྱར་འདེབས་པ་ཡིན་ན།     ནང་ཆོས་པ་ཀུན་ཀྱིས་ཡན་པར་མི་འདོར་བ་མཁྱེན་མཁྱེན།  


 

དཔྱད་མཆན་ཡོད།