«སྐད་ཆའི་གཏེར་ཁ་གསར་པ»

                 སྙན་དེབ«བར་སྐོར་གྱི་ཆང་ཁང»གི་འགྲེམ་སྤེལ་མཛད་སྒོའི་སྟེང་གི་གཏམ།

                                              སྐྱབས་ཆེན་བདེ་གྲོལ།

  ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཐོག་མར«བར་སྐོར་གྱི་ཆང་ཁང»ཞེས་པའི་སྙན་དེབ་འདི་དཔར་དུ་བསྐྲུན་པར་མཐུན་རྐྱེན་བསྐྲུན་ཅིང་དཀའ་བ་ཚད་མེད་བརྒྱབ་པའི་པར་སྐྲུན་པ་དཔལ་རྩལ་ལགས་དང་། དེབ་འདི་དཔེ་སྐྲུན་བྱེད་མཁན་གྱི་ལས་ཁུངས་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་མགོ་ཁྲིད་ལྷན་རྒྱས་དང་ཆེད་དོན་རྩོམ་སྒྲིག་འགན་འཁུར་པ་ཀུན་དཔལ་ལགས། ཕྱིར་འཚོང་གི་འགན་ཁུར་མཁན་ནས་སོན་དཔེ་ཁང་ཚང་། རྒྱབ་ཤ་དང་པར་ངོས་འཆར་འགོད་མཁན་བཙན་པོ་གསེར་བ་ལགས། དཔར་ལེན་མཁན་འཇམ་དབྱངས་དབང་ཕྱུག དེ་རིང་གི་འགྲེམ་སྤེལ་མཛད་སྒོར་མཐུན་རྐྱེན་སྦྱོར་མཁན་སྒྲོལ་མ་ལགས་དབྱངས་ཤག དེ་བཞིན་ངའི་འཚོ་བ་དང་འཚོ་བའི་ ཁྲོད་ཀྱི་དཀའ་ངལ་སྣ་ཚོགས་ལ་མཉམ་དུ་གདོང་གཏོད་མཁན་གྱི་ནང་མི་སྤུན་མཆེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།

  སྤྱིར་བཏང་སྙན་ངག་འབྲི་བ་དེ་ཧ་ཅང་དཀའ་བ་མ་ཟད་སྙན་ངག་ཇི་ལྟར་བྲིས་ཚུལ་གྱི་མྱོང་བ་བཤད་རྒྱུ་དེའང་ཧ་ཅང་དཀའ་མོ་འདུག དུས་རྒྱུན་གློག་བརྙན་བཟོ་བ་པོ་དག་དང་བརྩམས་སྒྲུང་རྩོམ་མཁན་དག་གིས་ཁོང་ཚོས་ཇི་ལྟར་གློག་བརྙན་བཟོས་པ་དང་། བརྩམས་སྒྲུང་བརྩམས་པ། ཡང་ན་བྱེ་བྲག་གི་དོན་ག་གེ་མོ་ལ་འཕྲད་སྐབས་ཅི་ཞིག་བྱས་པ་ལྟ་བུའི་དོན་དེ་རྣམས་སྒྲུང་གི་རྣམ་པས་བཤད་དུས་སྙན་ངག་འབྲི་མཁན་དག་ ཕལ་ཆེར་ཡིད་སྨོན་ཤོར་ཡོད་རྒྱུ་རེད་སྙམ། རྒྱུ་མཚན་ནི་སྙན་ངག་ཅིག་ཇི་ལྟར་བྲིས་པའི་གོ་རིམ་ནི་གློག་བརྙན་དང་བརྩམས་སྒྲུང་བཞིན་བཤད་དུ་མི་རུང་སྟེ། དངོས་གནས་བཤད་ན་བཤད་དུ་མི་རུང་བའི་མྱོང་བ་མང་པོ་ཞིག་ཡོད་པའི་དབང་གིས་ད་གཟོད་སྙན་ངག་འབྲི་དགོས་བྱུང་བ་རེད་སྙམ། གསལ་པོར་བཤད་ན་སྙན་ངག་གི་ནང་དུ་གཟུགས་འདས་ཀྱི་དོན་མང་པོ་ཞིག་ལས་གཏམ་རྒྱུད་མང་པོ་ཞིག་འཆད་ཐབས་ཡོད་མ་ རེད། ཡང་ངེད་ཅག་གིས་སྒྱུ་རྩལ་བརྩམས་ཆོས་ཀྱི་རྣམ་པ་གཞན་དག་ལ་ལྟ་སྐབས་གློག་བརྙན་དང་བརྩམས་སྒྲུང་ཉིད་སྨྲ་བ་མེད་པར་གྱུར་བ་དང་དེ་གཉིས་ཀྱིས་ཅི་ཡང་མི་ཤོད་པར་གྱུར་བའི་དུས་སུ་ད་གཟོད་སྙན་ ངག་ལ་བྱེད་ནུས་ཡོད་པར་འགྱུར། དཔེར་ན་ཚན་རིག་རྟོག་བཟོའི་གློག་བརྙན«གཟའ་སྐར་གྱི་བར་དུ»Interstellarཞེས་པའི་ནང་ནས་དུས་དང་ཡུལ་གྱི་རྣམ་གཞག་འཇིག་སྟེ་མིའི་སེམས་ཀྱི་འཆར་སྒོ་ནི་རི་ མོའམ་སྣང་བཪྙན་གྱིས་མཚོན་ཐབས་མེད་པར་གྱུར་བའི་དུས་སུ་གློག་བརྙན་འཁྲབ་ཁྲིད་པས་དེའི་ནང་གི་མི་སྣ་ལ་དྷེ་ལན་ཐོ་མ་ཟིDylan Thomasཡི་སྙན་ངག«ཞི་བའི་མཚན་མོ་དེ་དལ་གྱིས་མ་རྒལ་རོགས»ཞེས་པ་གྱེར་འདོན་བྱེད་དུ་བཅུག་པ་རེད། དེ་བས་རྩོམ་མཁན་མོ་ཡཱན་གྱིས་གསུང་བ་ལྟར་བྱས་ན་སྙན་ངག་གི་བྱེད་ནུས་ནི་དངོས་ཡོད་ཀྱི་འཇིག་རྟེན་ནང་བྱེད་ནུས་ཅི་ཡང་མེད་པ་དེ་ཡིན་ལ། མིའི་འཚོ་བའི་ནང་གི་དོན་མང་པོ་ཞིག་བེད་མེད་དུ་གྱུར་བའི་དུས་སུ་ད་གཟོད་སྙན་ངག་ལ་བེད་ཆོད་པ་ཡིན། ཡིན་ཡང་ངས་འདི་ལྟར་སྐད་ཆ་བཤད་པའི་སྐབས་སུ་སྙན་ངག་ལ་བེད་ཆོད་པ་མིན་ཏེ་ངེད་ཅག་གིས་སྙན་ངག་ཅིག་ཉམས་སུ་མྱོང་བཞིན་མེད་པས་སོ།། དེ་བས་སྙན་ངག་ཉམས་སུ་མྱོང་བའི་ཐབས་ལེགས་ཤོས་ནི་དེ་ཡང་ཡང་ཀློག་པ་ཉིད་ཡིན་པ་ལས་དེའི་སྐོར་ལ་སྐད་ཆ་སྣ་ཚོགས་ཤོད་པ་དེ་མ་ཡིན་པར་སྙམ། ངས་དེ་རིང་ང་རང་གི་སྙན་ངག་གང་ཞིག་ གླེང་སྐབས་ཡིན་མདོག་ཁ་བོས་སྐད་ཆ་ཅི་ཙམ་བཤད་ཀྱང་དེ་ནི་སྙན་ངག་དེ་དང་འབྲེལ་བ་ཆེར་མེད་དེ། སྙན་ངག་ཅིག་གྲུབ་རྗེས་དེ་ཉིད་ང་ལ་མི་གཏོགས་པར་ཀློག་པ་པོ་སྤྱི་ལ་གཏོགས་པར་སྙམ། ང་ནི་སྐབས་ཤིག་ ལ་སྙན་ངག་དེའི་རྩོམ་པ་པོ་ཡིན་པ་མ་གཏོགས་དུས་ཡུན་རིང་ཙམ་འགོར་རྗེས་སྙན་ངག་དེའི་ཀློག་པ་པོར་གྱུར་ཡོད། གསལ་པོར་བཤད་ན་སྙན་ངག་འབྲི་དུས་སུ་རིག་པ་ཀློང་རྡོལ་བ་མ་གཏོགས་སྙན་ངག་གི་ཚོར་བ་ མེད་པའི་སྐབས་སུ་མི་སུ་ཡང་སྙན་ངག་པ་མ་རེད། སྙན་ངག་པ་ཟེར་བ་ནི་སྙན་ངག་གི་ཚོར་བས་ཕྱུག་པའི་གང་ཟག་དེ་རེད། དེ་བས་མི་སུ་ཞིག་གིས་ཀྱང་རང་ལ་རང་གིས་བྲིས་པའི་སྙན་ངག་ཡོད་ཚད་ལ་འགྲེལ་ཇི་ལྟར་རྒྱག་པའི་དབང་ཆ་ཡོད་སྙམ་པ་དེ་ནི་མ་གཞི་ནས་ནོར་བ་ཞིག་རེད་སྙམ། སྙན་ངག་ཅེས་པ་ནི་རྩོམ་རིག་གི་རྩོམ་ལུས་གཞན་དག་སྟེ་བརྩམས་སྒྲུང་དང་ཟློས་གར། ལྷུག་རྩོམ་སོགས་དང་བསྡུར་ན་རི་མོ་དང་རོལ་མོ། འཇིམ་སྐུ་སོགས་ལ་ཐག་ཉེ་བ་རེད། རོལ་མོ་བ་སུས་ཀྱང་ངས་བརྩམས་པའི་རོལ་མོ་འདིས་དོན་འདི་འདྲ་ཞིག་ བཤད་ཀྱིན་ཡོད་ཅེས་གང་སར་སྒྲོག་སྲིད་ཀི་མ་རེད་སྙམ། ངས་བསམ་ན་འབྲུ་འགྲེལ་དང་། ཚིག་འགྲེལ། དོན་འགྲེལ། ཡང་འགྲེལ་སོགས་འགྲེལ་བ་སྣ་ཚོགས་རྒྱག་པར་གོམས་པའི་ངེད་ཅག་གིས་དོན་དེ་ངེས་པར་ཤེས་དགོས། དེ་མ་ཤེས་ཚེ་འགྲེལ་བ་གཅིག་གིས་སྙན་ངག་གི་མེ་ཏོག་དེ་སད་ཀྱིས་བཅོམ་པར་ངེས་ཤིང་གོ་ལོག་ཅིག་གིས་སྙན་ངག་གི་རི་མོ་དེ་རྨང་ནས་བསུབ་ངེས་རེད། འདི་དེ་རིང་ངས་བཤད་འདོད་པའི་དོན་དང་པོ་ཡིན།

  ངའི་ཆུང་དུས་ཀྱི་འཚོ་བ་ནི་ཡར་ཀླུང་གཙང་པོ་བཞིན་བར་མ་ཆད་པར་ཡོད་པའི་གནའ་བོའི་ཤེས་རིག་གི་རྒྱུན་ཞིག་ལ་སྦྲེལ་ཡོད། མར་མེ་ལྷབ་ལྷུབ་གཡོས་ཤིང་དེ་ནས་གཟིམས་པ་དང་། འཇའ་ཚོན་ཤར་ཅིང་སླར་ཡལ་བ། ཟླ་བ་གཟའ་ཡིས་བཟུང་སྟེ་ཕྱིར་སོས་པ། མེ་ཏོག་གིས་མིག་ཀྱང་སྲེག་པའི་དབྱར་གྱི་དུས་ཉམས་དགའ་བ་དེ་དགུན་ཁའི་གྲང་རེག་གིས་བཅོམས་ཤིང་བརླག་པར་བྱས་པ་སོགས་ཀྱིས་ངའི་སེམས་སུ་མི་རྟག་པའི་སྣང་བརྙན་གསོན་པོ་ཞིག་བརྐོས་བྱུང་། དེ་བས་ངས་བསམ་ན། ང་ལ་སྙན་ངག་གི་ཞིང་སར་གྱུར་པའི་ཕ་ ཡུལ་དེ་ལྟ་བུ་ཞིག་མེད་ན་ངའི་སྙན་ངག་ནི་འགྱུར་ཁུག་གིས་སྟོང་པའི་དེང་གི་ཁ་སྐད་སྙན་ངག་དང་བཙོག་ བཤད་སྙན་ངག་ལྟ་བུ་ཞིག་ཏུ་འགྱུར་སྲིད་ལ། ངའི་སྙན་ངག་ནི་ལེ་བདའ་དང་ཟུར་བཟའ། བརྙས་སྨོད་སོགས་ཀྱིས་རབ་ཏུ་ཟིན་ཏེ་དེའི་ནང་ན་རང་བྱུང་གི་བརྩེ་བ་དང་ལྷ་སྒྲུང་གི་རྔམ་བརྗིད་ཡོད་མི་སྲིད།

  ཡིན་ནའང་སྙན་ངག་ནི་ཕ་ཡུལ་གཅིག་པུ་རྒྱབ་རྟེན་དུ་བཟུང་བས་འགྲུབ་མི་སྲིད་དེ། ངེད་ཅག་ནི་རྙོག་ཟིང་དང་དཀའ་ཚེགས་ཆེ་བའི་དུས་རབས་ཤིག་ཏུ་འཚོ་བཞིན་ཡོད་ལ། ལྟ་བ་འདྲ་མིན་དང་ལམ་ལུགས་སྣ་ཚོགས་ཀྱི་རྐྱེན་པས་ངེད་ཅག་སྔར་བཞིན་ཕ་ཡུལ་ནས་སེམས་ལྷོད་པོས་འཚོ་ཐུབ་ཀྱིན་མེད། ཕྱོགས་གཞན་ཞིག་ནས་ བཤད་ན་ལྟ་བ་དང་ལམ་ལུགས་དེ་དག་གིས་ང་ཚོའི་ངོ་བོའམ་རང་བཞིན་སྒྱུར་གྱིན་ཡོད། དེ་བས་ངེད་ཅག་ གིས་ནང་སེམས་ཀྱི་འཇིག་རྟེན་དང་ཕྱི་ཡི་ཀུན་སྤྱོད་ཁོ་ན་བསྲུངས་པས་མི་ཆོག་པར་རང་གི་རང་བཞིན་དང་ངོ་བོ་དེ་རྣམ་པ་ཅི་འདྲ་བར་གནས་པ་ལའང་བསམ་བློ་གཏོང་དགོས་ཀྱིན་ཡོད། གནས་ཚུལ་འདི་འདྲ་བའི་ འོག་ཏུ་བོད་ཡིག་གི་སྙན་ངག་ནི་སྔོན་བྱོན་མཁས་པ་ཚོས་བྲིས་པ་དེ་ལས་མ་འདས་པར་བྲིས་པ་དང་། དེ་ལས་མ་བརྒལ་བར་བྱས་ན་ཁྱོན་ནས་འགྲིག་གི་མེད་དེ། ངེད་ཅག་གི་འཚོ་བ་དངོས་ཀྱི་ནང་དུ་ཁོ་ཧྥེ་དང་། གློག་བརྙན། འགུལ་རིས། སྐད་འཕྲིན། ངོ་དེབ། བུད་མེད་དུས་ཆེན་སོགས་སླེབས་ཡོད་ནའང་ངེད་ཅག་གི་སྨྱུག་འོག་ན་སྔར་བཞིན་སེང་གེ་དང་། པད་མོ། དཔྱིད་དཔལ། ཉིན་བྱེད་སོགས་ལས་མེད་ཚེ་ཏག་ཏག་ངེད་ཅག་ནི་རང་ཉིད་འཚོ་སའི་མངོན་སུམ་ལ་བྲོས་ཏེ་ཕ་མེས་ཀྱི་བྲག་ཕུག་ཏུ་འཚངས་པ་རེད། དེ་བཞིན་དེང་གི་དུས་སྐབས་མཚོན་ན། མི་ཕན་ཚུན་བར་བརྡ་སྤྲོད་སྟངས་ལ་འགྱུར་བ་ཆེན་མོ་ཐེབས་བཞིན་ཡོད་དེ། དེང་སང་གི་རི་མོ་དང་དྲ་བའི་རྩེད་མོ། ཁ་པར་གྱི་མཉེན་ཆས། ལུས་རྩལ་སོགས་ནི་མི་རབས་གསར་པའི་བར་གྱི་བརྡ་སྤྲོད་བྱེད་དུ་གྱུར་ཡོད། དཔེར་ན་Hip-Hopནི་དེང་སྐབས་ཀྱི་གཞོན་ནུ་ཚོའི་སྐད་ཆ་རང་ཡིན་ལ། དེང་སྐབས་ཀྱི་གཞོན་ནུ་ཚོ་ཟེར་དུས་དེའི་ནང་དུ་བོད་ཀྱི་གཞོན་ནུ་ཚོའང་ཚུད་ཡོད་པ་རེད།

  དུས་སྐབས་འདི་འདྲ་ཞིག་ལ། ངེད་ཅག་གིས་གཞོན་ནུ་ཟླ་མེད་དམ་ཡང་ན་དེབ་ཐེབ་དཔྱིད་ཀྱི་རྒྱལ་མོའི་གླུ་ དབྱངས་ནང་བྲིས་པ་ལྟ་བུའི་ཚིག་རྒྱན་དེ་འདྲ་རྐྱང་རྐྱང་བཀོལ་ན་གཞོན་ནུ་དེ་ཚོས་རྣ་བ་ཙམ་མི་གཡར་བར་མ་ཟད་ཐ་ན་ཁོང་ཚོ་སུན་སྣང་ཡང་སྐྱེ་སྲིད། དེའི་ཕྱིར་ངེད་ཅག་གིས་ཕྱིར་ལོག་མི་སྲིད་པའི་འདས་པའི་ལོ་ རྒྱུས་ཁོ་ནར་འཁྲེང་བཞིན་ཁ་སང་གི་གཏམ་རྒྱུད་ཏག་ཏག་བརྗོད་དེ་རང་སེམས་གསོ་བའི་སྐྱིད་གླུ་ལེན་པ་ལས་དུས་ཚོད་ཀྱི་སྔ་རོལ་ཏུ་འགྲེང་སྟེ་སྔོན་དཔག་བྱེད་དཀའ་བའི་འབྱུང་འགྱུར་གྱི་དོན་སྲིད་པ་རྒན་པོའི་ གབ་ཚིག་འདྲ་བ་དེའི་གབ་ལན་ཨེ་ཁེད་བལྟས་པས་མི་དགའམ། འདི་ངས་དེ་རིང་བཤད་འདོད་པའི་དོན་ གཉིས་པ་ཡིན།

  སྤྱིར་སྙན་ངག་ནི་སྐུ་དྲག་གི་ལོངས་སྤྱོད་ཅིག་རེད། དེ་བས་སྙན་ངག་ནི་སྤྲང་པོ་ཚོས་ཉམས་སུ་མྱངས་མི་ཐུབ། ངས་འདིར་སྐུ་དྲག་ཟེར་བ་ནི་རྒྱུ་དང་དབང་ཤུགས་ཡོད་མེད་ལ་བཤད་ཀྱིན་མེད་པར་དངོས་ཡོད་དང་དངོས་ཡོད་ལས་འདས་པའི་དོན་ཡོད་ཚད་ལ་བསམ་བློ་གཏོང་ཐུབ་པའི་མི་ཡི་གཤིས་ཁམས་རྩ་ཆེ་བ་ཞིག་ལ་གོ་ཡི་ཡོད། དེང་འདིར་མི་ཡི་རིན་ཐང་ནི་དངུལ་ལོར་དང་དབང་ཤུགས་ཁོ་ནས་ཐག་གཅོད་པ་ནི་དོན་དུ་ སྐུ་དྲག་གི་རིགས་རྒྱུད་ཆད་པའི་མགོ་བརྩམས་པ་ཡིན་ལ་མི་ལ་ལྟ་དུས་དེའི་གཤིས་ཁམས་དང་ཤེས་ཡོན་ལ་ མི་བརྟག་པར་དེའི་རྐང་མགོའི་ལྷམ་དང་ལག་མགོའི་ཆུ་ཚོད་འཁོར་ལོར་ལྟ་བ་ནི་མི་ཉིད་གདོད་མའི་རང་ཉིད་བོར་ཏེ་གཞན་འགྱུར་གྱི་སྡུག་བསྔལ་ལ་ཚུད་མགོ་བརྩམས་པ་རེད། དེ་བས་ངས་སྙན་ངག་འབྲི་བ་ནི་མུན་པའི་ནང་ན་གསོལ་བ་འདེབས་པར་ངོས་འཛིན་གྱིན་ཡོད་ལ། དྲག་ཆར་ནང་ནས་མེ་ཏོག་སྐྱོབ་པར་ཡང་ངོས་འཛིན་གྱིན་ཡོད།

  འགའ་ཞིག་གིས་བཤད་ན་དབྱངས་ཅན་མ་དང་ནོར་རྒྱུན་མ་གཉིས་ཀ་འཆམ་པོ་མེད་ཟེར། དེ་བས་སྙན་ངག་ལ་བརྟེན་ནས་ཁ་སོས་མཁན་ཉུང་ལ་སྙན་ངག་ལ་བརྟེན་ནས་ཁ་ཨེ་སོས་ལྟ་མཁན་ཡང་ཉུང། ཡིན་ཡང་སྙན་ངག་བྲིས་ཏེ་མི་ལོ་མང་པོ་ཕྱིན་པའི་རྗེས་སུ་མི་ནི་ཁ་ཙམ་སོས་ཕྱིར་འཇིག་རྟེན་དུ་འོང་བ་མིན་པའི་གནས་ལུགས་དེར་ངེས་པ་གཏིང་ནས་རྙེད་སྲིད་ལ། ཀླད་པ་སྟོང་པར་ལུས་པ་དང་སེམས་པ་ཡང་མོར་གྱུར་བ། རྣམ་ཤེས་ཉིད་གར་འགྲོ་འདི་འགྲོ་མེད་པར་ཤོག་བྱ་བཞིན་གྱུར་པ་ལ་ཁ་མ་སོས་པ་ལས་ཀྱང་ལྷག་པའི་སྡུག་བསྔལ་ཡོད་པ་ཤེས་སྲིད། དེ་བས་སྙན་ངག་འབྲི་བ་ནི་མི་རང་གི་ལུས་སྟེང་ནས་སྐུ་དྲག་གི་གཤིས་ཀ་སླར་གསོ་བྱེད་པ་ཡིན། འདི་ངས་དེ་རིང་བཤད་འདོད་པའི་དོན་གསུམ་པ་ཡིན།

  ཡང་མི་ཡི་བྱ་སྤྱོད་ཐམས་ཅད་ནི་སེམས་ཀྱི་འདུན་པ་སྐོང་བ་དང་སྡུག་བསྔལ་གྱི་མགོ་གནོན་པ་འདི་གཉིས་ལ་འབྲེལ་ཡོད་འདུག སྔོན་དུས་སུ་མཆོད་སྦྱིན་མཁན་རྣམས་ཀྱིས་ལྷ་མཆོད་ཀླུ་མཆོད་ཀྱི་ཆོ་གར་བརྟེན་ཏེ་མིའི་འདོད་པ་སྐོང་བ་དང་སེམས་ཀྱི་འཇིགས་པ་ཞི་བར་བྱེད་པ་ཇི་བཞིན་དེང་གི་སྙན་ངག་ནི་དྲ་ལམ་དང་དཔེ་དེབ་ངོས་ནས་མི་རང་སྒེར་གྱིས་བྱས་པའི་ཡིག་ངག་གི་ཆོ་ག་ཞིག་རེད་སྙམ། གལ་སྲིད་ཆོ་ག་དང་གསོལ་མཆོད་མེད་ན་མི་ནི་ལྷ་དང་བར་ཐག་ཇེ་རིང་ལ་སོང་སྟེ་མི་ལས་དམན་པའི་སྲོག་ཆགས་དག་དང་བར་ཐག་ ཇེ་ཉེར་འགྲོ་ངེས། ཡང་མི་ནི་ཁྱི་དང་བ་གླང་ལ་ཉེ་ཞིང་ལྷ་སྒྲུང་དང་རྨི་ལམ་ལ་རིང་པར་གྱུར་བའི་དུས་དེ་ནི་མི་རིགས་ཤིག་གི་སྙན་ངག་ཉམས་མགོ་བརྩམས་པ་ཡིན་ལ། སྙན་ངག་ཉམས་རྗེས་སུ་དེའི་སྐད་ཡིག་ཀྱང་མི་ལ་མགོ་བོ་སྐོར་བྱེད་དང་མི་ལ་མནར་གཅོད་གཏོང་བྱེད་དུ་གྱུར་ནས་མཐར་ཉམས་པར་འགྱུར་བ་ཡིན། དེང་སྐབས་བོད་ཡིག་གིས་སྙན་ངག་འབྲི་མཁན་ཧ་ཅང་མང་པ་ནི། གནས་གཞན་དག་ཏུ་བོད་ཡིག་བཀོལ་ས་མེད་པར་གྱུར་ཏེ་བོད་ཡིག་གིས་སྙན་ངག་ལས་སྐྱིབས་འཚོལ་བ་ཡིན་པ་ལས་སྙན་ངག་གིས་བོད་ཡིག་ལས་སྐྱིབས་འཚོལ་བ་མ་ཡིན་པར་སྙམ། དེ་གསལ་པོར་བཤད་ན། བོད་སྐད་ཀྱི་རང་གཤིས་ངོམ་པ་དང་། རང་ཚུགས་འདོན་པ། བོད་སྐད་ལ་བརྟེན་ཏེ་རང་ཉིད་འཚོལ་བ་ལ་སོགས་པའི་ལས་ཐམས་ཅད་སྙན་ངག་ལ་བཅོལ་བ་སྟེ། མདོར་ན་སྙན་ངག་ལ་བརྟེན་ནས་བོད་སྐད་ཀྱི་ཟིལ་ཤུགས་འདོན་པའོ།། གལ་སྲིད་ངེད་ཅག་ལ་སྙན་ངག་ཅེས་པའི་འཛིང་རགས་མཐའ་མ་དེའང་མེད་པའམ། ཡང་ན་ཁ་ཅིག་གིས་སྨྲས་པ་བཞིན་ཉམ་ང་བའི་ དུས་སུ་སྙན་ངག་འབྲི་བ་ནི་ངོ་ཚ་ཞིག་ཡིན་སྲིད་ན། བོད་སྐད་བོད་ཡིག་ནི་མི་རིགས་ཀྱི་བླ་སྲོག་རེད་ཅེས་པའི་ཚིག་དེ་ནི་དོན་གྱིས་སྟོང་པ་ཞིག་རེད། དེའང་སྐྱ་ཟད་སྔོ་སྡུག་གི་སྐབས་སུ་སྙན་ངག་ལ་བཅར་བ་ནི་བོད་སྐད་ ཀྱི་བཅུད་ལ་བཅར་བ་ཡིན་ལ། དོན་དུ་ཡུལ་གྲུ་ཞིག་གི་གདོད་མའི་མ་ཡུམ་ལ་བཅར་བའང་ཡིན། འདི་ངས་དེ་རིང་བཤད་འདོད་པའི་དོན་བཞི་པ་དེ་ཡིན།

  མདོར་ན། སྒྲུང་དང་སྙན་ངག་གང་ཞིག་ཡིན་ཡང་སྐབས་འགར་དེ་ནི་གང་ཞིག་བཤད་པའམ་མཚོན་འདོད་ པ་ཙམ་མ་ཡིན་པར་སྐད་ཆའི་གཏེར་ཁ་འཚོལ་བ་ཞིག་ཀྱང་ཡིན། སྐད་ཆའི་གཏེར་ཁ་གསར་པ་རེ་རྙེད་པས་སྔོན་གྱི་སྐད་ཆ་ཉིད་ཕུན་སུམ་ཚོགས་པར་གཏོང་བར་མ་ཟད་མིའི་ནང་སེམས་ཀྱང་ཕུན་སུམ་ཚོགས་པར་གཏོང་བ་ཡིན། ཡིན་ཡང་སྙན་ངག་གསར་རྩོམ་བྱེད་དུས་ཡིད་ལ་ཞིང་ཁམས་ཤིག་གྲུབ་ཀྱིན་འདུག་སྟེ་དེ་འབྱུང་བར་གཅིག་བྱས་ན་ཚིག་རྐང་གཅིག་གིས་ཆོག་ལ་ཡང་གཅིག་བྱས་ན་ཚིག་རྐང་བརྒྱ་དགོས་པ་རེད། དེ་བས་ང་རང་ལ་མཚོན་ན་སྙན་ངག་རེ་རེ་གསར་རྩོམ་བྱས་པའི་བརྒྱུད་རིམ་ནི་སེམས་ལ་ཉམས་ལེན་ཐོབ་པའི་བརྒྱུད་རིམ་རེ་རེ་ཡིན་ལ་སྙན་ངག་རེ་བརྩམས་རྗེས་སེམས་ངལ་ཐེངས་གཅིག་རེར་སོས་ཀྱིན་འདུག་ཅེས་བཤད་ཆོག དེ་བས་དེ་རིང་འདིར«བར་སྐོར་གྱི་ཆང་ཁང»ཞེས་པའི་སྙན་དེབ་དེ་ཀློག་མཁན་གྱི་མདུན་སར་བཀྲམས་པ་ནས་ངས་དེ་ལ་གྱེས་ཕྱག་བཏང་བ་ཡིན་ལ། དེབ་འདིའི་ནང་གི་སྙན་ངག་ཐམས་ཅད་ཀྱང་ང་ལ་མི་དབང་བར་ཀློག་མཁན་རེ་རེའི་ལོངས་སྤྱོད་ཀྱི་ཤས་སུ་གྱུར་བ་རེད། དེ་རིང་ནས་ངའང་དེབ་འདིའི་ཀློག་མཁན་ཞིག་ཏུ་གྱུར་མགོ་བརྩམས་པ་ཡིན་ཞིང་། ངས་སྙན་དེབ་རྗེས་མ་གསར་རྩོམ་བྱེད་པའི་སྟ་གོན་ཡང་ གྲུབ་པ་ཡིན་ཞེས་བཤད་ཆོག

  མདོར་ན། མི་ནི་སྙན་ངག་གིས་གཞིས་ཆགས་པ་ལས་མཁར་ཁང་པའམ་སྣོད་ཅ་ལག་གིས་གཞིས་ཆགས་པ་མ་ཡིན། སྙན་ངག་གིས་གཞིས་ཆགས་པས་མི་ལ་བརྩེ་བ་དང་འཆར་སྒོ་ཡོད་ཅིང་རྩིས་ཐང་དང་རང་ཚུགས་ཀྱང་ཡོད་པ་ཡིན། སྙན་ངག་གི་དེབ་ཅིག་བཙོང་དུ་རུང་བ་ནི་དེའི་སྣོད་ལྟ་བུར་གྱུར་བའི་ཤོག་བུ་དང་སྣག་ཚ་བཙོང་བ་ལས་ལས་འཆར་སྒོ་དང་བརྩེ་བ་བཙོང་བ་མ་ཡིན་སྙམ། འདི་ནི་ངས་ཁྱེད་ཅག་ལ་དེ་རིང་ཞུ་འདོད་པའི་སྐད་ཆ་ཐ་མ་དེ་ཡིན།

ལྷན་རྒྱས་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ། ཞལ་དྲོ། བཀྲ་ཤིས།

དཔྱད་མཆན་ཡོད།