སློབ་མའི་བོད་སྐད་གློག་བརྙན་ཐུང་གྲས་གསར་རྩོམ་གནས་ཚུལ་རགས་བསྡུས།

 


        མིག་སྔར་བོད་རིགས་སློབ་མ་མང་པོ་འདུས་པའི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་ཁག་ཏུ་གློག་བརྙན་ཐུང་གྲས་གསར་རྩོམ་གྱི་ཚ་རླབས་ཤིག་འཕྱུར་གྱིན་འདུག་པ་འདི་ནི་སྔར་བྱུང་མ་མྱོང་བའི་གནས་ཚུལ་ཞིག་རེད། ལོ་རབས་བརྒྱད་ཅུ་དགུ་བཅུ་བའི་ནང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཀུན་ཏུ་སྙན་ངག་གསར་རྩོམ་བྱེད་པའི་མཐོ་རླབས་འཕྱུར་བ་དང་མཚུངས་པར་ད་ལྟ་གྲོང་བརྡལ་དང་། འབྲོག་ཁུལ། གྲོང་གསེབ། དགོན་སྡེ་སོགས་སུའང་DVབཟུང་ནས་གློག་བརྙན་ཕབ་སྐྲུན་བྱེད་པ་མཐོང་ཐུབ། བརྙན་རིས་གསར་གཏོད་ཀྱི་ལས་དོན་འདི་བོད་དུ་འགོ་ཚུགས་ཙམ་ཡིན་ཡང་དགའ་འོས་པའི་སྣང་ཚུལ་ཞིག་སྟེ། རྒྱུ་མཚན་ནི་བརྙན་རིས་ལ་བརྟེན་ནས་བརྗོད་པའམ་ཟིན་བྲིས་སུ་འདེབས་པ་ནི་མ་འོངས་བའི་འཕེལ་ཕྱོགས་ཤིག་ཡིན་ལ་འདིས་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བར་ཕན་པ་མི་དམན་པ་ཞིག་ཐོབ་ངེས་ཡིན་པས་རེད།  མིག་སྔའི་གནས་ཚུལ་ལ་བལྟས་ན། སློབ་གྲྭའི་གློག་བརྙན་ཐུང་གྲས་གསར་རྩོམ་དེ་ཁག་གཉིས་ལས་གྲུབ་ཡོད་དེ།


ཁག་དང་པོ། ཆེད་ལས་སློབ་གྲྭའི་གློག་བརྙན་ཐུང་གྲས་གསར་རྩོམ་གནས་ཚུལ།

       མིག་སྔར་བོད་ཁུལ་དུ་ཆེད་ལས་ཀྱི་གློག་བརྙན་སློབ་གྲྭར་བསྐྱོད་དེ་གློག་བརྙན་སྐོར་གྱི་ཤེས་བྱ་དང་ལག་རྩལ་སློབ་གཉེར་བྱེད་མཁན་ན་གཞོན་མི་ཉུང་བ་ཞིག་འདུག ཁོང་ཚོས་དུས་ཡུན་ངེས་ཅན་ཞིག་རིང་ཆེད་དོན་སློབ་སྦྱོང་བྱས་པ་ལ་བརྟེན་ནས་ཆེད་ལས་ཤེས་བྱ་ངེས་ཅན་ཞིག་ཁོང་དུ་ཆུད་རྗེས་རང་ཉིད་ཀྱི་ཆེད་ལས་དང་ཟུང་འབྲེལ་གྱིས་ཆེད་ལས་ཆུ་ཚད་ངེས་ཅན་ལྡན་པའི་གློག་བརྙན་ཐུང་གྲས་ཁག་ཅིག་བརྩམས་འདུག སློབ་མ་འདིའི་རིགས་མང་པོ་མེད་ཀྱང་ཁོང་ཚོས་བོད་ཀྱི་གློག་བརྙན་ཆེད་ལས་ཅན་དུ་འཕེལ་རྒྱས་འགྲོ་བར་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད། དེ་དག་ལས་ཆེས་སྔ་བ་ནི་བདག་གིས༢༠༠༤ལོར་པེ་ཅིང་གློག་བརྙན་སློབ་གླིང་ལས་མཐར་ཕྱིན་ཁར་ཕབ་སྐྲུན་བྱས་པའི«རྩྭ་ཐང»ཡིན་པར་འདོད། གློག་བརྙན་ཐུང་གྲས་འདིས་བདག་གི་ཕྱིས་ཀྱི་གསར་རྩོམ་ཐད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། གཤམ་ནས་དཔེ་མཚོན་རང་བཞིན་ལྡན་པའི་བརྩམས་ཆོས་སྐོར་ཞིག་ངོ་སྤྲོད་བྱེད།

གཅིག «ལས་དབང་།» འཁྲབ་ཁྲིད་པ། ཚུལ་ཁྲིམས་བཟང་པོ། ཕ་ཡུལ་ལྷ་ས་ནས་ཡིན་ལ་པེ་ཅིང་གློག་བརྙན་སློབ་གླིང་གི་འཁྲབ་ཁྲིད་པའི་སྡེ་ཁག་ལས་མཐར་ཕྱིན། ཁོང་གི་གློག་བརྙན་འདི་སློབ་མའི་གློག་བརྙན་དུས་ཆེན་ཁག་ཅིག་ནང་ཞུགས་པར་གདེང་འཇོག་ཡག་པོ་ཐོབ་ཡོད། གློག་བརྙན་གྱི་ནང་དུ་དད་ལྡན་གྱི་བོད་པ་རླངས་འཁོར་ཁ་ལོ་བ་ཕྱི་ཡི་ཟང་ཟིང་དང་ནང་སེམས་ཀྱི་ཞི་བ་གཉིས་བར་ལ་འཕྱན་འཕྱན་ནས་མཐར་ཐུག་རྟོགས་པའི་གོ་འཕང་བརྙེས་པར་གྱུར། དེ་དང་དུས་མཚུངས་སུ་འཇིག་རྟེན་གྱི་བྱ་གཞག་ལ་རྒྱུས་མེད་པའི་བཙུན་པ་ཞིག་དགོན་པའི་ལས་དོན་གལ་ཆེན་ཞིག་བསྒྲུབ་ཆེད། གནས་སྐབས་ཤིག་ལ་ཁྱིམ་པའི་ཟང་ཟིང་གི་དོན་ལ་གཡེང་བཞིན་པའི་སྐབས་ལ། གློ་བུར་དུ་ལྷ་ཡི་བྱིན་རླབས་ཐོབ་པ་ལ་བརྟེན་ནས་རྟོགས་པའི་གོ་འཕང་བརྙེས་ཚུལ་བསྟན་ཡོད།

གཉིས། «ཁ་ལོ་བ་དང་བླ་མ།» འཁྲབ་ཁྲིད་པ། རིན་ཆེན་སྒྲོལ་མ། ཕ་ཡུལ་ཀན་སུའུ་ཀན་ལྷོ་ནས་ཡིན་ལ་པེ་ཅིང་གློག་བརྙན་སློབ་གླིང་གི་མུ་འབྲེལ་སློབ་གསོ་གླིང་ལས་མཐར་ཕྱིན། ཁོང་གི་གློག་བརྙན་འདི་གློག་བརྙན་དུས་ཆེན་ཁག་ཅིག་ནང་ཞུགས་པར་གདེངས་འཇོག་ཡག་པོ་ཐོབ་ཡོད། གློག་བརྙན་འདིའི་ནང་དུ་རླངས་འཁོར་ཁ་ལོ་བ་ཞིག་རང་གི་ཕ་རྒན་གསོད་པའི་ལག་དམར་ལ་དགྲ་ཤ་ལེན་ཆེད་དེ་འཚོལ་དུ་འགྲོ་བའི་ལམ་དུ་བཙུན་པ་ཞིག་ལ་ཐུག་ཅིང་། ཁོ་གཉིས་ནས་ཕན་ཚུལ་ཤུགས་རྐྱེན་དང་འགྱུར་བ་ཐེབས་ཚུལ་བསྟན་ཡོད།

གསུམ། «ཐ་བ་སྡེ་བའི་བདེ་སྐྱིད།» འཁྲབ་ཁྲིད་པ། ཚེ་དབང་ནོར་བུ། ཕ་ཡུལ་ཀན་སུའུ་དཔའ་རིས་ནས་ཡིན། པེ་ཅིང་གློག་བརྙན་སློབ་གླིང་འཁྲབ་ཁྲིད་པའི་སྡེ་ཁག་གི་ཟབ་སྦྱོང་འཛིན་གྲྭ་ལ་ཞུགས། ཁོང་གི་གློག་བརྙན་འདི་དྲ་བའི་ཐོག་ནས་བཏང་སྟེ་ལྟ་མཁན་གློག་བརྙན་གཞན་ལས་མང་པོ་བྱུང་ཡོད། ཚེ་དབང་ནོར་བུ་ནི་མིང་དུ་གྲགས་པའི་སྙན་ངག་པ་ཞིག་ཀྱང་ཡིན། གློག་བརྙན་གྱི་ནང་དོན་ནི། སྒོམ་སྒྲུབ་ཀྱི་སྡུག་བཟོད་ཆུང་བའི་གྲྭ་གཞོན་ཞིག་ཐ་བ་གྲོང་གི་ཟ་ཁང་ཞིག་གི་ནང་དུ་འཆལ་མོ་ཞིག་གིས་བློ་རྩེ་བསྒྲིམས་ནས་སྒྲོལ་མ་ཉེར་གཅིག་དབྱངས་འདོན་བྱེད་པར་ཉན་ནས་དེའི་བྱིན་རླབས་ཞུགས་ཏེ་སྒོམ་སྒྲུབ་ཀྱིན་མཐར་ཕྱིན། ཕྱིས་སུ་ཟ་ཁང་དེ་ལ་ལོག་ནས་ཁོས་བདེ་སྐྱིད་ལ་བཀའ་དྲིན་ཆེ་ཞུས། དོན་དག་དེ་ལ་བརྟེན་ནས་བདེ་སྐྱིད་ཀྱིས་ཀྱང་ཡང་བསྐྱར་དད་པ་རྙེད་དེ་འཕགས་མར་གྱུར་ཅིང་། མཁན་པོ་དང་སྤྲུལ་སྐུ་རྣམས་ཀྱི་བཀུར་ཡུལ་དུ་གྱུར།

བཞི། «བྱུ་རུའི་སྐེ་རྒྱན།» འཁྲབ་ཁྲིད་པ། ཞི་བདེ་ཉི་མ། ཕ་ཡུལ་མཚོ་སྔོན་ནས་ཡིན་ལ་ཁ་ཤགས་འཁྲབ་སྟོན་པ་སྐད་གྲགས་ཅན་ཞིག་ཀྱང་ཡིན། ཁོང་གི་གློག་བརྙན་འདི་ནི་ཤིས་ཨན་གློག་བརྙན་སློབ་གླིང་དུ་སློབ་གཉེར་བྱེད་སྐབས་ཀྱི་བརྩམས་ཆོས་ཤིག་ཡིན་ལ་བོད་སྐད་བརྙན་འཕྲིན་བརྒྱུད་བཏང་བར་དགའ་བསུ་ཆེན་པོ་ཐོབ་ཡོད། རྩྭ་ཐང་ཐོག་གི་བུ་མོ་ན་ཆུང་ཞིག་གི་རྨི་ལམ་ནི་རང་ལ་བྱུ་རུའི་སྐེ་རྒྱན་ཞིག་ཡོད་པ་དེ་ཡིན་པ་ལ། མོའི་ཕ་མ་གཉིས་ཀྱིས་རང་ཁྱིམ་གྱི་བཞོན་མ་བཙོང་ནས་མོའི་རྨི་ལམ་མངོན་འགྱུར་བྱེད་རྩིས་ཡིན། ཡིན་ན་ཡང་སེམས་དཀར་བུ་མོ་དེའི་བཞོན་མ་དེ་སྐེ་རྒྱན་ལས་གལ་ཆེན་ཡིན་པའི་ངེས་ཤེས་རྙེད་རྗེས་བྱུ་རུའི་སྐེ་རྒྱན་གྱི་རེ་བ་དོར་ཚུལ་བསྟན་ཡོད།

ལྔ། «བོད་ཡུལ་གྱི་རྔ་སྒྲ།» འཁྲབ་ཁྲིད་པ། ཀླུ་རྒྱལ་ཡར་འདེད། ཕ་ཡུལ་མཚོ་སྔོན་ནས་ཡིན། ད་ལྟ་པེ་ཅིང་གློག་བརྙན་སློབ་གླིང་མུ་འབྲེལ་སློབ་གསོ་གླིང་དུ་སློབ་གཉེར་བྱེད་བཞིན་ཡོད། ཁོང་གི«བོད་ཡུལ་གྱི་རྔ་སྒྲ»ཞེས་པ་འདི་གློག་བརྙན་ཐུང་གྲས་འགྲེམས་སྟོན་ཁག་ཅིག་ཏུ་ཞུགས་མྱོང་བ་དང་ད་ལྟ་དྲ་ཐོག་ནས་ལྟ་ཐུབ་ཀྱི་ཡོད། བོད་ལུགས་ཀྱི་ལོ་སར་སླེབས་ཉེའི་སྐབས་ལ། འོད་ཟེར་བླ་མས་རང་རང་དགོན་དུ་ལོ་རེའི་རྣམ་ཐར་མི་ལ་རས་པ་འཁྲབ་སྟོན་བྱེད་པ་ལ་མི་སྣ་གལ་ཆེན་ཞིག་ཆད་པ་ལ་ཐུགས་ཁྲལ་གནང་བཞིན་ཡོད། མི་ལ་རས་པའི་རྣམ་ཐར་གྱི་བྱིན་རླབས་ཞུགས་ཏེ་ཆོས་སྒོར་ཞུགས་འདོད་པའི་གཞོན་ནུ་ཞིག་གི་འདོད་བློ་དེ་ལ་ཁོའི་ཨ་ཕས་བཀག་རྒྱ་བྱས། ལོ་ངོ་སྟོང་ཕྲག་གི་སྲོལ་རྒྱུན་དེ་རྒྱུན་མཐུད་ཐུབ་མིན་གྱི་འགག་རྩ་ལ་ཐུག་ཡོད།

དྲུག «རྩྭ་ཐང་གི་སྐྱོ་གླུ།» འཁྲབ་ཁྲིད་པ། ནོར་བྲང་། ཕ་ཡུལ་མཚོ་སྔོན་ནས་ཡིན། ཁོང་གིས་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་ལས་གློག་བརྙན་ཕབ་སྐྲུན་སྐོར་སློབ་སྦྱོང་བྱས་མྱོང་བ་དང་ཁོང་གི་གློག་བརྙན«རྩྭ་ཐང་གི་སྐྱོ་གླུ»ཞེས་པ་དྲ་བའི་ཐོག་ནས་བཏང་བར་ལྟ་མཁན་ངེས་ཅན་ཞིག་བྱུང་ཡོད། གློག་བརྙན་གྱི་ནང་དོན་ནི་བོད་ཡུལ་ལ་སྔོན་མ་ཡང་བྱུང་ལ་ད་ལྟ་ཡང་འབྱུང་བཞིན་པའི་རྩྭ་ས་འཕྲོག་རྩོད་ཀྱིས་ཕན་ཚུན་གསོད་རེས་ཀྱིས་ཚེ་སྲོག་ཤོར་བཞིན་པ་དེ་ཡིན།


ཁག་གཉིས་པ། ཆེད་ལས་མ་ཡིན་པའི་སློབ་གྲྭའི་གློག་བརྙན་ཐུང་གྲས་གསར་རྩོམ་གནས་ཚུལ།

         ཉེ་བའི་ལོ་འགའི་རིང་བོད་རིགས་སློབ་མ་མང་པོ་འདུས་པའི་ཆེད་ལས་མ་ཡིན་པའི་སློབ་གྲྭ་ཁག་ཏུའང་གློག་བརྙན་ཐུང་གྲས་གསར་རྩོམ་བྱེད་མཁན་མང་པོ་ཐོན་གྱིན་འདུག ཁོང་ཚོའི་བརྗོད་བྱ་ཕལ་ཆེ་བ་ནི་སློབ་གྲྭ་ཆེན་མོའི་དུས་རྒྱུན་གྱི་འཚོ་བ་ཡིན་ཡང་ལ་ལ་ཞིག་གི་བརྗོད་བྱ་སློབ་ཆེན་འཚོ་བ་ལས་བརྒལ་ཏེ་རྒྱ་ཆེ་ཞིང་གཏིང་ཟབ་པའང་འདུག དེ་དག་ལས་ཅུང་ལེགས་པ་གཤམ་གསལ།

གཅིག «ཤེས་རབ་ཀྱི་འཛུམ་མདངས།» འཁྲབ་ཁྲིད་པ། དཔལ་རྩལ་དང་ལྷ་མོ་ཚེ་བརྟན། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་མ་ཡིན། གློག་བརྙན་འདི་ལེགས་འགྲུབ་བྱུང་བ་ནི་ཆེད་ལས་གསར་གཏོད་མི་སྣ་ཁག་ཅིག་གིས་རོགས་རམ་བྱས་པས་ཀྱང་ཡིན། གློག་བརྙན་ཐུང་གྲས་འདིའི་བརྙན་ཕབ་པ་པེ་ཅིང་གློག་བརྙན་སློབ་གླིང་བརྙན་ཕབ་སློབ་གླིང་ལས་ཐོན་པ་ཡིན་པས་གློག་བརྙན་འདིའི་བརྙན་ཕབ་སྤུས་ཚད་ཁག་ཐེག་བྱུང་བ་རེད། ཆེད་ལས་དང་ཆེད་ལས་མ་ཡིན་པའི་མི་སྣས་མཉམ་ལས་བྱེད་པ་ནི་མ་འོངས་བའི་གསར་རྩོམ་ཐབས་ལམ་ཅུང་ལེགས་པ་ཞིག་ཡིན་པར་འདོད། ཤེས་རབ་ནི་གྲོང་གསེབ་ཀྱི་དགེ་རྒན་ཞིག་ཡིན། ཁོའི་ཉིན་གུང་གི་གཉིད་ཐུམ་གྱི་སྐབས་ལ་ད་དུང་སློབ་མ་རྣམས་སེམས་ལ་འཁོར་ནས་དེ་དག་ལ་སེམས་ཁྲལ་བྱེད་བཞིན་པའི་དགེ་སྤྱོད་བཟང་པོར་བསྟོད་བསྔགས་བྱས་ཡོད།
གཉིས། «ལམ།» འཁྲབ་ཁྲིད་པ། དཀའ་ཐུབ་བཀྲ་ཤིས། ནུབ་བྱང་མི་རིགས་སློབ་ཆེན་ནས་ཡིན། གློག་བརྙན་འདི་ཐོག་མར་ཕབ་སྐྲུན་བྱས་རྗེས་ཅུང་རིང་པོ་ཡོད་ཀྱང་རྗེས་སུ་ཡང་ནས་ཡང་དུ་སྒྲིག་གཅོད་བྱས་པར་བརྟེན་ད་ལྟ་སྐར་མ་བཅུ་ལྷག་ཙམ་ལས་མི་འདུག གློག་བརྙན་འདི་གསར་རྩོམ་བྱེད་མཁན་ཁྲོད་ངའི་དེ་སྔོན་གྱི་གློག་བརྙན་ཞིག་གི་འཁྲབ་སྟོན་པ་ཞིག་ཡོད་པ་དེ་གློག་བརྙན་ཕབ་སྐྲུན་བརྒྱུད་རིམ་ལ་ཆ་རྒྱུས་ཅུང་ཡོད་པའི་དབང་གིས་རིགས་འདྲའི་གློག་བརྙན་གཞན་དང་བསྡུར་ན་དཀའ་ཐུབ་བཀྲ་ཤིས་ཀྱི«ལམ»ཞེས་པ་འདི་ཅུང་ཆ་ཚང་བ་ཞིག་འདུག གློག་བརྙན་གྱི་ནང་དོན་ནི་འཚོ་བས་ཆམ་ལ་ཕམ་པའི་བུད་མེད་ཅིག་གནས་མཇལ་ལ་འགྲོ་བའི་ལམ་གྱི་མཐོང་ཐོས་ཀྱི་སྐོར་ཡིན།
གསུམ། «ལམ།» འཁྲབ་ཁྲིད་པ། བསྟན་འཛིན་ཉི་མ། ནུབ་བྱང་མི་རིགས་སློབ་ཆེན་ནས་ཡིན། གློག་བརྙན་འདི་ནི་གློག་བརྙན་ལ་དགའ་བའི་སློབ་ཆེན་སློབ་མ་འགས་རང་གིས་མ་དངུལ་གྲབས་གསོག་དང་། རང་གིས་ཕབ་སྐྲུན་ཚོགས་པ་རྩ་འཛུགས། རང་གིས་དུས་མཇུག་ལས་དོན་ལེགས་སྒྲུབ་བཅས་བྱས་ནས་གྲུབ་པའི་བརྩམས་ཆོས་ཤིག་ཡིན་ལ་འདི་ལས་ཚོགས་པ་ཞིག་གི་སྙིང་སྟོབས་མངོན་ཡོད། གློག་བརྙན་གྱིས་བརྗོད་གཞི་ནི་མཚོ་སྔོན་པོའི་འགྲམ་དུ། ཁྱིམ་ཚང་གི་དཀའ་སྡུག་ལ་འབྲོ་བའི་བུ་མོ་ཞིག་གིས་ཁྱིམ་དེའི་ཆེས་རྩ་ཆེ་བའི་ཐང་ག་ཞིག་ཁྱེར་ནས་མཚོ་མཇལ་འགྲོ་སྐབས་བའི་ལམ་དུ་ལྕགས་རྟ་ཞིག་ལ་ཞོན་ནས་མཚོ་དེའི་མཛེས་ལྗོངས་ལ་ལྟ་བར་འགྲོ་བའི་སློབ་གྲྭ་ཆེན་མོའི་སློབ་མ་ཞིག་ལ་ཐུག་ཚུལ་ཡིན།
          གཞན་ཡང«གཟའ་སྤེན་པ»དང«ས་སྲོས་ཀྱི་སྨྲེ་ངག» «འཚོ་བ་དང་རེ་ཆད»སོགས་སློབ་གྲྭ་ཆེན་མོ་བས་སློབ་སྦྱོང་བྱེད་ཞོར་དུ་སྤྲོ་སེམས་ལ་བརྟེན་ནས་ལེགས་སྒྲུབ་བྱས་པའི་གློག་བརྙན་ཐུང་གྲས་ཁག་ཅིག་ཀྱང་ཡོད།    སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་ཁག་གི་གློག་བརྙན་གསར་རྩོམ་མཁན་ལས་གཞན་ད་དུང་བོད་ཁུལ་གྱི་ལས་རིགས་གཞན་དག་ནས་ཐོན་པའི་གློག་བརྙན་གསར་རྩོམ་མཁན་ཡང་མང་པོ་ཡོད་པ་མ་ཟད་ཐ་ན་དགོན་སྡེ་ཁག་ཅིག་གི་དགེ་འདུན་པ་ལ་ལ་ཞིག་གིས་ཀྱངDVབསྣམས་ནས་རང་སོ་སོའི་གློག་བརྙན་ཐུང་གྲས་ཕབ་སྐྲུན་བྱེད་ཀྱིན་འདུག གློག་བརྙན་ཐུང་གྲས་དེའི་རིགས་ཀྱི་ནང་དོན་ནི་གྲོང་གསེབ་དང་། འབྲོག་ཁུལ། སློབ་གྲྭ། གྲོང་བརྡལ་སོགས་ཀུན་དང་འབྲེལ་བས་བརྗོད་བྱ་ཅུང་རྒྱ་ཆེ་ཞིང་བརྗོད་སྟངས་ཀྱང་བབ་ཆགས་ལ་གོ་སླ་བ་ཞིག་འདུག དེར་བརྟེན་གློག་བརྙན་དེའི་རིགས་ནི་རྒྱ་ཆེའི་མང་ཚོགས་དང་ཧ་ཅང་འཚམ་གྱིན་འདུག
        སྤྱི་ཡོངས་ནས་བརྗོད་ན་སློབ་མས་བརྩམས་པའི་བོད་སྐད་ཀྱི་གློག་བརྙན་ཐུང་གྲས་རིགས་ནི་འཐུས་སྒོ་མི་ཚང་བ་སོགས་མི་འདང་ས་གང་མང་ཞིག་གི་དབང་གིས་ད་དུང་དུས་འགོའི་དུས་མཚམས་སུ་གནས་ཡོད་པས་ཕབ་སྐྲུན་དང་སྒྱུ་རྩལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་ལྷག་པར་དུ་གཏམ་རྒྱུད་བརྗོད་སྟངས་ལེགས་སུ་གཏོང་དགོས་པ་ལ། རབ་ཡིན་ན་ཆུང་ས་ནས་བརྩམས་ཏེ་དུས་ཚོད་ཐུང་ངུ་ཞིག་གི་ནང་གཏམ་རྒྱུད་གསལ་བར་བརྗོད་ཐུབ་དགོས་མོད་བརྗོད་སྟངས་སྣ་ཚོགས་སྤྱད་དེ་ཚོད་ལྟ་བྱེད་ནའང་མི་ཆོག་རྒྱུ་མེད། མིག་སྔའི་གནས་ཚུལ་ལ་བལྟས་ན་ཟློས་གར་གྱི་ནང་དོན་ལྡན་པའི་གློག་བརྙན་ཐུང་གྲས་རིགས་ཅུང་མང་ལ་གནས་ཚུལ་དངོས་མཚོན་གློག་བརྙན་རིགས་ཧ་ཅང་ཉུང་། མིག་སྔའི་བོད་རིགས་ས་ཁུལ་འདི་ཉིད་འགྱུར་ལྡོག་ཆེན་པོའི་བརྒྱུད་རིམ་ཁྲོད་གནས་ཡོད་པས་དོན་དག་གལ་ཆེན་མང་པོ་ཞིག་བརྙན་རིས་ལ་བརྟེན་ནས་ཉར་འཇོག་བྱེད་དགོས། གལ་སྲིད་མི་ཁག་ཅིག་གིས་ལས་དོན་འདི་གཉེར་བ་ཡིན་ན་མ་འོངས་བར་བརྙན་རིས་ཀྱི་དཔྱད་གཞི་རྩ་ཆེན་གང་མང་ཞིག་ཉར་འཇོག་ཐུབ་རྒྱུ་གདོན་མི་ཟ།
          མཐར་བོད་སྐད་ཀྱི་གློག་བརྙན་ཐུང་གྲས་གསར་རྩོམ་ལས་དོན་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུ།


                                                                                                                                    རྩོམ་འདི་ལ་རྩེ་དུས་དེབ་ལས་དྲངས་ཤིང་ཡིག་ནོར་དག་བཅོས་ཡོད།

དཔྱད་མཆན་ཡོད།