ཞི་བདེ་ཉི་མའི་གློག་བརྙན་གསར་པ་ཚེ་གཟུངས་ལྷ་མོ་ཞེས་པ་ཨ་རི་ནས་བསྟན།


640.jpeg

བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་དང་སྙན་ངག་པ་གྲགས་ཅན་ཞི་བདེ་ཉི་མ་དང་། ཁོང་གིས་འཁྲབ་སྟོན་གནང་བའི་གློག་བརྙན<<མོ་སྟོན་ཕག་མགོ>> དེ་བཞིན<<ཨ་རིག་བུ་མོ་འབྲི་བརྒྱ་མ>> <<བྱུ་རུའི་སྐེ་རྒྱན>>སོགས་ནི་བོད་ཁམས་ཡོངས་སུ་འབྲུག་ལྟར་གྲགས་ཤིང་། ལྷག་པར་དུ་ཁོང་གིས་གཙོ་འཁྲབ་གནང་བའི<<ཐར་ལོ>>ཞེས་པའི་གློག་བརྙན་དེར་རྒྱལ་ཕྱི་ནང་ཀུན་ནས་གཟེངས་བསྟོད་བྱ་དགའ་གྲངས་མང་ཐོབ་མྱོང་བས། དམིགས་བསལ་ཁོང་ངོ་སྤྲོད་མ་བྱས་ཀྱང་། བོད་མི་ཡོངས་ཀྱི་སེམས་ལ་ཁྲིགས་སེ་ཡོད་མོད། འདིར་ངོ་སྤྲོད་མདོ་ཙམ་བྱས་ན།

    ཞི་བདེ་ཉི་མ་ལགས་ནི། མདོ་སྨད་མཚོ་སྔོན་མང་རྫོང་མགོ་མང་ཞང་བྲག་དཀར་ཚོ་བའི་འབྲོག་ཁྱིམ་ཞིག་ནས་སྐྱེས། ཁོང་ནི་བོད་ཀྱི་ན་གཞོན་སྙན་ངག་པ་དང་གར་ཆུང་འཁྲབ་སྟོན་པ། གློག་བརྙན་སྐད་སྦྱོར་བ་བཅས་ཡིན། ལོ་རབས་བརྒྱད་ཅུའི་དུས་མཇུག་ནས་བཟུང་རྩོམ་རིག་སྒྱུ་རྩལ་གསར་རྩོམ་གྱི་ལས་ལ་ཞུགས་ནས་སྙན་རྩོམ་དང༌། བརྩམས་སྒྲུང་། འཁྲབ་གཞུང༌། གླུ་ཚིག འདྲ་པར། བསྒྱུར་རྩོམ་སོགས་བརྩམས་ཆོས་མང་པོ་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་དང་ཚགས་པར། བརྙན་འཕྲིན། རླུང་འཕྲིན་སོགས་བརྒྱུད་ནས་པར་བསྐྲུན་བརྒྱུད་གཏོང་བྱས། མཚོ་སྔོན་བརྙན་འཕྲིན་ཁང་གིས་སྒྲུབ་པའི་སྒྱུ་རྩལ་རིག་པའི་དོ་ར་ལས་བོད་ཀྱི་གཏམ་རྒྱུ<<མི་རོ་རྩེ་སྒྲུང>>དང༌། <<ཨ་ཁུ་སྟོན་པའི་གཏམ་རྒྱུད>>སོགས་བཤད་པས་རྒྱ་ཆེའི་ལྟ་མཁན་རྣམས་ཀྱིས་དགའ་བསུ་ཐོབ་ཡོད། ཁོང་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་བཅོ་ལྔ་ལྷག་ཐོབ་མྱོང༌། ད་ལྟ་ཁོང་རྒྱ་ནག་གྲངས་ཉུང་མི་རིགས་རྩོམ་རིག་ལྷན་ཚོགས་ཀྱི་ཚོགས་མི་དང༌། མཚོ་སྔོན་རྩོམ་པ་པོ་ལྷན་ཚོགས་ཀྱི་ཚོགས་མི། རྒྱལ་ཁབ་རིམ་པའི་འཁྲབ་ཁྲིད་པ་བཅས་ཡིན། ཁོང་གིས་བརྩམས་ཤིང་འཁྲབ་སྟོན་བྱས་པའི་གར་ཆུང་དག་བརྙན་འཕྲིན་དང་གར་སྟེགས་སོགས་བརྒྱུད་ནས་འཁྲབ་སྟོན་བྱས་པ་ཁོང་གི་སྨྲ་བརྗོད་དག་ཅིང་དགོད་བྲོ་བ། ཉམས་འགྱུར་གྱིས་ཕྱུག་པའི་སྒྱུ་རྩལ་ལ་ལྟ་མཁན་མང་པོས་བསྟོད་བསྔགས་དང་དགའ་བསུ་ཐོབ་པ་མ་ཟད། འབྲེལ་ཡོད་ཟློས་གར་ཆེད་མཁས་པ་དག་གིས་གདེངས་འཇོག་ཚད་མཐོན་པོ་བྱས།  

    ད་ལྟའི་བར་ཁོང་གིས་གློག་བརྙན་དང་བརྙན་འཕྲིན་བཞི་བརྒྱ་ལྷག་ལ་ལོ་ཙཱ། འཁྲབ་ཁྲིད། སྐད་སྦྱོར་བྱས་པས་ལྟ་མཁན་རྣམས་ཆེས་དགའ་བའི་སྐད་སྦྱོར་འཁྲབ་སྟོན་པ་ཞིག་ཏུ་གྱུར་ཡོད། ཁོང་གི་སྙན་རྩོམ་བསྡུས་དེབ། <<ཞི་བདེ་ཉི་མའི་སྙན་རྩོམ་གཅེས་བསྡུས>>ཞེས་པ་རྒྱ་ནག་གི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དཔེ་སྐྲུན་ཀུང་ཟིས་པར་དུ་བསྐྲུན་པ་དང༌། <<ཞི་བདེ་ཉི་མའི་གར་ཆུང་ཆེད་བསྒྲིགས>>VCD ཟི་ཁྲོན་སྒྲ་བརྙན་པར་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་འགྲེམ་སྤེལ་བྱས་པ་མ་ཟད། རྒྱ་ནག་གི་སྒྱུ་རྩལ་མི་སྣ་གྲགས་ཅན་གྱི་ཚིག་མཛོད་དང་། རྒྱ་ནག་གྲངས་ཉུང་མི་རིགས་རྩོམ་པ་པོའི་ཚིག་མཛོད་དུ་བདམས་ཡོད། 

    དེ་བཞིན་པེ་ཅིན་ཁ་བ་ཅན་གློག་བརྙན་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིས་བཟོ་བསྐྲུན་བྱས་པ་དང་། བོད་ཀྱི་སྒྱུ་རྩལ་པ་དང་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཞི་བདེ་ཉི་མས་འཁྲབ་ཁྲིད་བྱས་པའི་གཏམ་རྒྱུད་གློག་བརྙན<<སྒྲོལ་མའི་མགུལ་རྒྱན>>དང་དངོས་ཞུའི་གློག་བརྙན<<སྐལ་བཟང་གི་གཟའ་མཇུག>>གཉིས་ལ། སྐབས་དང་པོའི་རྒྱ་ནག་ནུབ་རྒྱུད་སློབ་ཆེན་གློག་བརྙན་དུས་སྟོན་སྟེང་སོ་སོར་བྱ་དགའ་ཨང་གཉིས་པ་དང་གསུམ་པ་ཐོབ་པ་མ་ཟད། ཞི་བདེ་ཉི་མར་ཕུལ་བྱུང་གློག་བརྙན་འཁྲབ་ཁྲིད་པའི་གཟེངས་རྟགས་བྱ་དགའ་ཐོབ། ཡང་གནས་ཚུལ་གཞན་ལྟར་ན། ཁོང་གི་དངོས་ཞུའི་གློག་བརྙན<<སྐལ་བཟང་གི་གཟའ་མཇུག>>རྒྱ་ནག་གི་དངོས་ཞུའི་གློག་བརྙན་འཕེལ་རྒྱས་རྒྱབ་རོགས་འཆར་གཞིའི་ནང་བདམས་ཐོན་བྱུང་བ་རེད།  

    ཉེ་ཆར་ཁོང་གིས་གཙོ་འཁྲབ་གནང་བའི<<ཐར་ལོ>>ཞེས་པའི་གློག་བརྙན་དེར་ན་ནིང་ཕྱི་ཟླ་ ༩ པའི་ནང་ Venice རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་། ཨེ་ཤེ་ཡའི་གློག་བརྙན་དུས་སྟོན་ཐོག་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་ཅིང་། ཐེ་ཝན་དུ་གསེར་གྱི་རྟ་མཆོག( Golden Horse )ཅེས་པའི་གློག་བརྙན་དུས་སྟོན་ཆེ་ཤོས་དེའི་ཐོག གློག་བརྙན་རྩེ་གྲའི་བྱ་དགའ་ཡང་ཐོབ། ད་དུང་ཁོང་གིས་ཕབ་སྐྲུན་བྱས་པའི་གློག་བརྙན་ཨ་རིག་བུ་མོ་འབྲི་བརྒྱ་མ་དང་། མོ་སྟོན་ཕག་མགོ་སོགས་ལ་བོད་ཁམས་ཡོངས་ནས་གདེངས་འཇོག་དང་དགའ་བསུ་ཆེན་པོ་ཐོབ་ཡོད།

    ད་ལན་ཨ་རིའི་བུ་རྒྱས་གནས་གཙུག་ལག་སློབ་ཆེན་གྱིས་ཆེད་དུ་གདན་ཞུས་བྱས་པ་བཞིན། ཁོང་སློབ་གླིང་འདིར་ཕེབས་སྐབས་དངོས་སུ་མཇལ་ཞིང་། ཁོང་གིས་གསར་དུ་ཕབ་སྐྲུན་གྲུབ་མ་ཐག་པའི་དངོས་ཞུའི་གློག་བརྙན་<<ཚེ་གཟུངས་ལྷ་མོར>>རོལ་མྱོང་བྱེད་རྒྱུའི་གོ་སྐབས་བཟང་བོ་བྱུང་།

    <<ཚེ་གཟུངས་ལྷ་མོ>>ཞེས་པའི་དངོས་ཞུའི་གློག་བརྙན་འདིའི་བསྟན་དོན་གཙོ་བོ་ནི། ལོ་ན་བཅོ་བརྒྱད་ལ་བུད་མ་ཐག་མའི་གཞོན་ནུ་མ་ཞིག་གིས། རང་ཉིད་ཀྱི་འོད་སྟོང་འབར་བའི་མདུན་ལམ་སློབ་ཆེན་འགྲིམས་པའི་གོ་སྐབས་རྒྱབ་ཏུ་གཡུགས་ནས། ཁྱིམ་ཚང་གི་འགན་ཁུར་དང་དུ་བླངས་ཏེ། བརྩེ་ཞིང་དུང་བའི་མིང་བོ་ཆུང་ཆུང་ལ་སློབ་སྦྱོང་གི་མཐུན་རྐྱེན་ཡོངས་སུ་སྦྱར་ཞིང་། གཅེས་སུ་འོས་པའི་གཡང་དཀར་ལུག་ཁྱུ་འཚོ་སྐྱོང་དང་། དྲོད་སྐྱིད་ལྡན་པའི་ཁྱིམ་གཞི་དེའི་རྒྱུད་འཛིན་བྱས་པའི་བརྒྱུད་རིམ་ཁྲོད། གཞོན་ནུ་མ་ཁེར་རྐྱང་ཞིག་གི་ལང་ཚོའི་མེ་ཏོག་དཀའ་སྡུག་གི་སད་སེར་ཁྲོད་ལྷག་ཡོད་པའི་དངོས་བྱུང་གི་གནས་ཚུལ་སེམས་འགུལ་ཐེབ་པ་ཞིག་རེད།

བེ་རི་རིག་རྡོར་གྱིས། ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༥ ཉིན།

དཔྱད་མཆན་ཡོད།