པདྨ་ཚེ་བརྟན་གྱི་གློག་བརྙན་«ལག་དམར»ལ་བལྟས་པ།

  པདྨ་ཚེ་བརྟན་གྱི་གློག་བརྙན་«ལག་དམར»ལ་བལྟས་པ། 

                                                                                     རྩོམ་པ་པོ་ཨ་རུ་ཅོག

  ༡
  གློག་བརྙན་ནང་དུ་སྦྱིན་པ་ཟེར་བའི་མི་སྣ་གཉིས་ཡོད།སྦྱིན་པ་གཅིག་ནི་མི་གསོད་པའི་སྡིག་ཉེས་གསོག་པར་ཆས་བཞིན་ཡོད་ལ།སྦྱིན་པ་ཅིག་ཤོས་ནི་ལུག་ཅིག་གཅིར་བའི་སྡིག་བཤགས་ལ་འགྲོ་བཞིན་ཡོད། རལ་གྲི་ཐོགས་ཤིང་མི་གསོད་ཁྲག་སྦྱོར་གྱི་ཞེ་འཁོན་ཁོག་ཏུ་བཅངས་ཡོད་པ་ནི་ལུས་ཟུངས་ཟད་ཅིང་ཉམ་ཆུང་བར་སྣང་བ་བལྟས་ཚོད་ཀྱིས་ཁམས་པ་ཞིག་དང་མི་འདྲ་བའི་ཁམས་པ་སྦྱིན་པ་ཡིན་ལ།སེམས་སྙི་ཞིང་རྣམ་རྟོག་ཆེ་བས་མི་གསོད་ཁྲག་སྦྱོར་གྱི་ཁ་བརྡ་དེ་ཐོས་པ་ཙམ་གྱིས་སེམས་བློང་བློང་བོར་གྱུར་བ་ནི་ལུས་སྟོབས་ཆེ་ཞིང་རྫིག་ཉམས་དོད་པ་བལྟས་ཚོད་ཀྱིས་ཁམས་པ་ཞིག་ལོས་ཡིན་སྙམ་ཡང་མིན་པའི་ཟོང་སྐྱེལ་ཁ་ལོ་བ་སྦྱིན་པ་རེད།ཁོ་གཉིས་མིང་གཅིག་པ་ཡིན་ལ་འགྲོ་ཡུལ་ཡང་གཅིག་པ་རེད།ལས་ཐུག་ཡིན་ནམ་ལམ་ཐུག་ཡིན་པ་ཆ་མི་འཚལ་བའི་རྣམ་རྟོག་གི་དབང་གིས།ཟོང་སྐྱེལ་བ་སྦྱིན་པས་ཁམས་པ་སྦྱིན་པ་བཙལ་དུ་སོང་སྟེ་དངོས་ཡོད་དང་འཕྲུལ་སྣང་འདྲེས་མའི་ཀློང་དུ་ཁོ་གཉིས་མི་གཅིག་ཏུ་གྱུར་ལ།གནས་འདྲ་འདྲ་ནས་མི་འདྲ་འདྲ་ལ་ཐུག་པ་དང་མཐོང་ཐོས་འདྲ་འདྲ་ཉམས་སུ་མྱངས་ཡོད།ལོ་ངོ་བཅུ་གྲངས་ལ་ཕ་གསོད་ཀྱི་ལག་དམར་ལྔ་ལམ་དུ་རྫོངས་ཕྱིར་ག་ས་གང་དུ་བཙལ་དུ་སོང་བའི་ཁམས་པ་སྦྱིན་པས་ལག་དམར་རྙེད་པའི་སྐད་ཅིག་མ་དེར་ནང་སེམས་ལ་འགྱུར་བ་བྱུང་ཞིང་།ལོ་ན་བགྲེས་ཤིང་བུ་རྒྱུད་ཡོད་ལ་འགྱོད་བཤགས་བྱེད་ཀྱིན་པའི་ལག་དམར་མཐོང་ནས།སླར་ཡང་ཞེ་འཁོན་གྱིས་མནར་བའི་རང་ཉིད་གཉིས་པ་ཞིག་སྐྱེད་མི་འདོད་པར་གྱུར་ཏེ་ཤ་འཁོན་བསྐྱུར་ཞིང་སྡིག་སེམས་སྤངས་ཏེ་རང་ཉིད་ཞེ་འཁོན་གྱི་འཆིང་བ་ལས་ཐར་བ་རེད།སྡིག་བསགས་ཀྱི་རྣམ་རྟོག་དང་སེམས་ཁྲལ་གྱི་སྒྲོག་ཏུ་ཚུད་པའི་ཟོང་སྐྱེལ་བ་སྦྱིན་པ་ཡང་བསྐྱར་ས་ནག་ཞེས་པའི་ས་ཆ་དེར་ཁམས་པ་སྦྱིན་པས་དོན་དུ་མི་བསད་ཡོད་མེད་ལ་བལྟ་རུ་ཕྱིན་ལ།ཤེས་མེད་ཚོར་མེད་དུ་སྦྱིན་པ་ཅིག་ཤོས་ཀྱི་འཇིག་རྟེན་ལ་སླེབས་ཤིང་རྨི་ལམ་མམ་ཡང་ན་ནང་སེམས་ཏུ་ལག་དམར་དེ་ལྔ་ལམ་དུ་བརྫངས་ཏེ་སྡིག་པ་བསགས་པ་དང་།གཞི་ནས་རྣམ་རྟོག་གི་འཆིང་བ་ལས་ཐར་བ་རེད།ཁོ་གཉིས་ལ་སོ་སོའི་བསྐྱུར་ཐབས་མེད་པའི་ཞེན་ཆགས་ཡོད་ལ་མཐར་ཐུག་སོ་སོའི་ཐར་ལམ་ཡང་རྙེད་པ་རེད།
    ༢
  འདི་ནི་ལས་སླ་མོར་ལྟད་མོ་བའི་མིག་ཆུ་སློང་བའི་གློག་བརྙན་ཞིག་མ་ཡིན་ལ།སེམས་དངངས་པ་དང་འཚབ་པ་དང་སྐྱོ་བ་དང་དགའ་བ་གང་རུང་གི་ཚོར་བ་བཙིར་འོངས་པ་ཞིག་ཀྱང་མ་ཡིན་པར།ཧ་ཅང་བབ་བརླིང་དང་བཏང་སྙོམས།ཞི་འཇགས་སུ་གནས་པར་བྱེད་པའི་གློག་བརྙན་
  ཞིག་རེད།གློག་བརྙན་ནང་འཁྲབ་ཁྲིད་པའི་འདོད་འདུན་དང་ཆགས་སྡང་ཞུགས་མེད་པར་མ་ཟད་གཟིགས་པ་པོ་གློག་བརྙན་གྱི་དབྱིངས་སུ་ཞུགས་སྐབས་ཀྱི་དགའ་སྐྱོ་ཆགས་སྡང་ཡང་བཀག་ཡོད་པར་སྣང་།གཞན་ཡང་གློག་བརྙན་གྱི་ཐོག་མཐའ་བར་གསུམ་དུ་བྱུང་རིམ་གྱི་འདེགས་འཇོག་དང་།གཏམ་རྒྱུད་ཀྱི་སྒྲིག་གཞི། གཏན་ཚིགས་ཀྱི་ཐེམ་སྐས།བརྙན་མིག་གི་མཚོན་རྩལ་སོགས་སྤངས་ཏེ་བརྩོན་ལེན་བྱས་མེད་པ་མ་ཟད།ཐ་ན་གཏམ་རྒྱུད་གང་ཞིག་གསལ་བོར་འཆད་འདོད་ཀྱི་འདུན་པ་ཡང་སྤངས་ཏེ་ཟུར་ངོས་སྐོར་ཅིག་གཅལ་དུ་བཀྲམ་ནས་ལྟད་མོ་བ་རང་གིས་སྒྲིག་དགོས་པར་གྱུར་ཡོད།དེ་ལ་ལྟད་མོ་བ་སོ་སོས་རང་ངོས་ཀྱི་གོ་བ་སྣ་ཚོགས་ལེན་ཆོག་པའི་དཀྱེལ་ཡངས་ཀྱི་ཆ་ཡོད་པ་དང་།ཕྱི་ཚུལ་ཏུ་ཧ་ཅང་རྒྱུན་ལྡན་ཡིན་ལ་དོན་དག་ཅི་ཡང་མ་བྱུང་བ་ལྟ་བུའི་དོན་དག་དེ་དག་གི་གསེབ་ཏུ་ཁུངས་སྣེ་མང་པོ་སྦས་སྐུང་བྱས་ཡོད་པར་སྙམ།སྤྱིར་ན་གློག་བརྙན་གྱི་དུས་ཚོད་རིང་པོ་མེད་ཁར་དེ་དག་ཀྱང་ཐ་མག་འཐེན་པ་དང་གཅིན་གཏོང་བ།ཤ་ཟ་བ། རླངས་འཁོར་སྐོར་བ།འཁོར་ལོ་བརྗེ་བ་ལ་སོགས་རྒྱུན་ལྡན་གྱི་བྱ་སྤྱོད་སྣ་ཚོགས་ལ་བཀོལ་ནས་ཞིབ་འབྲི་བྱས་ཡོད་པ་ལས།གཏམ་རྒྱུད་ཀྱི་དཀྱོག་མཚམས་དང་ཚ་རླབས།མཇུག་འབྲས་སོགས་གང་ཡང་གསལ་བོར་ར་སྤྲོད་བྱས་མེད།དེ་བས་འདི་ནི་སྤྱིར་བཏང་གི་གློག་བརྙན་གྱི་ངེས་ཤེས་ལས་ཡོངས་སུ་བརྒལ་ཡོད་པ་དང་།གློག་བརྙན་གྱི་རྩ་བའི་རིགས་པ་ལས་ལོག་སྟེ་འཕྲི་བ་དང་སྤངས་པའི་ཡོན་ཏན་སྟོན་པའི་རྟོགས་པའི་ཟབ་ཚད་མངོན་པ་ལྟ་བུར་ཆགས་ཡོད།གང་ཞིག་སྤངས་པ་ལས་ཐོབ་པར་འགྱུར་ལ་གང་ཞིག་འཛིན་པ་ཡིས་ཟད་པར་འགྱུར་བས་ན།འདི་ནི་གློག་བརྙན་ལག་དམར་གྱི་ཁྱད་འཕགས་ཀྱི་ཐབས་རྩལ་དང་པདྨ་ཚེ་བརྟན་གྱི་མཐོ་ཚད་ཡང་ཨེ་ཡིན་ནམ།གློག་བརྙན་ནང་དུ་འཛིན་པ་སྤངས་ཚུལ་བཤད་པ་དང་དེ་མཚུངས་སུ་གློག་བརྙན་རང་ངོས་ནས་ཀྱང་ཐབས་རྩལ་ལ་ཞེན་པའི་འཛིན་པ་ཐམས་ཅད་སྤངས་པར་གྱུར་བ་ལྟར་སྣང་།
  ༣
 མགོ་ལ་སྦྱར་བའི་གཏམ་དཔེ་དང་མཇུག་ལ་བཏགས་པའི་གླུ་གཞས་ཀྱིས་གློག་བརྙན་གྱི་སྙིང་བོ་རྟོགས་པར་རམ་འདེགས་གང་རུང་ཐེབས་ཡོད།རྨི་ལམ་ལས་དངོས་ཡོད་རྟོགས་ཅིང་དངོས་ཡོད་ལ་རྨི་ལམ་འདྲེས།ངའི་ཞེན་ཆགས་ཁྱོད་ལ་འཕོ་སྲིད་ལ། ཁྱོད་ཀྱི་རྟོགས་པས་ང་ཡང་སད་པར་འགྱུར།སྐོར་ལམ་དུ་ཤན་པ་ཡོད་ལ། ཤན་པ་ཡིས་ཐར་བ་ཡང་རྙེད་སྲིད།ལས་དབང་ནི་ཚོད་མི་ཐིག་ལ། སྡིག་པ་ཡི་ངོ་བོ་འཇོག་མི་ཤེས། སེམས་ནི་ཕྱི་ནང་ལོགམིག་གིས་གཟུགས་མི་མཐོང་། ་་་་་ཨ་ཙི་ཙི། ངའི་འབབ་ཚིགས་ཡོལ་སོང་།

  ༢༠༡༨.༡༡.༢༡ལ།

  ཐཱོ་ཁྱོའི་ས་འོག་མེ་འཁོར་ནང་ནས་སྦྱར།

  ལུག་ཚང་དཔལ་ཡོན་འཕྲིན་སྟེགས་ནས་རྒྱུད་འགོད་བྱས།

དཔྱད་མཆན་ཡོད།