«ལག་དམར»ལ་འདི་ལྟར་མྱོང་རོལ་བྱས་ན་ཆོག་གམ།

  «ལག་དམར»ལ་འདི་ལྟར་མྱོང་རོལ་བྱས་ན་ཆོག་གམ།
                                              འཕགས་པ་སྐྱབས།

  གླེང་གཞི།
  གློག་བརྙན«ལག་དམར»ཐོན་རྗེས།ལྟ་མཁན་མང་བོས་གདེང་འཇོག་དང་དཔྱད་གཏམ་སྣ་ཚོགས་སྤེལ་གྱི་འདུགམདོར་དྲིལ་ན་ལྟ་ཚུལ་གཉིས་ཅུང་ཤུགས་ཆེ་བར་སྣང་།གཅིག་ནི་གློག་བརྙན་འདིས་བོད་ཀྱི་རིག་གནས་སྙིང་སྟོབས།འཚོ་བའི་ངོ་བོ།འདུ་ཤེས་འཛིན་སྟངས་སོགས་གཏིང་ཟབ་ས་ནས་མཚོན་ཡོད་ཟེར་མཁན་གྱི་སྐོར་རེད།ཅིག་ཤོས་ནི་གློག་བརྙན་འདིས་བོད་ཀྱི་རིག་གནས་དང་འཚོ་བའི"རྐང་མར་ཟིན་མི་འདུག"ཟེར་མཁན་གྱི་སྐོར་རེད།ལྟ་ཚུལ་འདི་གཉིས་ཀའི་གང་ཡིན་ཡང་གློག་བརྙན་གྱི་རིན་ཐང་འཇལ་བའི་ཚད་ཤིང་དུ་དངོས་ཕན་དང་ཀུན་སྤྱོད་བཟུང་ཡོད་པ་རེད།གཙོ་བོར་གློག་བརྙན་ནང་གི་སྣང་ཚུལ་དང་སྣང་བརྙན།བྱ་བྱེད་དང་འདུ་ཤེས་སོགས་སྤྱི་ཚོགས་འཚོ་བ་དངོས་དང་ཁ་འཕྲོད་མིན།བདེན་པ་ཡིན་མིན་དང་དགེ་ཐོན་མིན།མི་རིགས་ཀྱི་རིག་གནས་སྙིང་སྟོབས་ཟིན་ཡོད་མེད་སོགས་ཀྱི་ཐད་ལྟ་ཚུལ་བརྗོད་ཀྱི་ཡོད།ད་སྔ་མཛེས་རྟོག་གི་རིམ་པ་ནས་དཔྱད་གཏམ་སྤེལ་མཁན་ཧ་ཅང་ཉུང་།གླེང་ཕྱོགས་ཤུགས་ཆེ་ས་དེ་ཁེ་ཕན་དང་ཀུན་སྤྱོད་ཀྱི་ལྟ་ཚུལ་གྱིས་བཟུང་ནས་ཡོད་པ་རྟོགས་སླ།
  རྒྱའི་མཚན་ཉིད་རིག་པ་བ་ཧྥུན་ཡོའུ་ལན(冯友兰)ལྟར་ན་མི་ཚེ་ལ་རིམ་པ་བཞི་རུ་དབྱེ་ཆོག་སྟེ།རིམ་པ་ཆེས་དམའ་བ་ནི་རང་བྱུང་གི་རིམ་པ་ཡིན་ལ།དེ་ནི་ཕལ་ཆེར་དུད་འགྲོ་དང་ཁྱད་པར་ཆེན་པོ་མེད།དེའི་གོང་དུ་ཁེ་ཕན་གྱི་རིམ་པ་ཡོད།དེའི་གོང་དུ་ཀུན་སྤྱོད་ཀྱི་རིམ་པ་ཡོད།ཆེས་མཐོ་བའི་རིམ་པ་ནི་མཛེས་རྟོག་གི་རིམ་པ་རེད།སྒྱུ་རྩལ་བརྩམས་ཆོས་ལ་མྱོང་རོལ་བྱེད་པའི་རིམ་པ་ནི་མཛེས་རྟོག་གི་རིམ་པར་གཏོགས་པ་རེད།བརྩམས་ཆོས་ཤིག་ལ་མཚོན་ནའང་ཕྱི་ངོས་ཀྱི་ཚིག་དོན་དང་ནང་རོལ་གྱི་བརྗོད་དོན་ཡོད་པ་མ་ཟད།དེ་ལས་ཀྱང་མཐོ་བར་འཕགས་པའི་མཛེས་རྟོག་གི་རིན་ཐང་ཞིག་ཀྱང་ཡོད།དེ་བས་སྒྱུ་རྩལ་ནི་སུ་ཡིན་ཞིག་གིས་ལོངས་སུ་སྤྱོད་ཐུབ་པ་ཞིག་མིན་ཏེ།དེར་འཇུག་པར་སྔོན་འགྲོའི་བློ་སྦྱོང་གི་ཆུ་ཚད་ངེས་ཅན་ཞིག་དགོས་པ་རེད།དེ་བས་གློག་བརྙན་དང་བརྩམས་སྒྲུང་སོགས་སྒྱུ་རྩལ་བརྩམས་ཆོས་ལ་མྱོང་རོལ་བྱེད་སྐབས་བརྗེད་མི་རུང་བ་དང་འདོར་མི་ཉན་པ་ནི་མཛེས་རྟོག་གི་རིན་ཐང་རེད།དེ་ནི་བརྩམས་ཆོས་གང་དེའི་ཡང་ལྕི་འཇལ་བྱེད་ཀྱི་ཚད་ཤིང་ངོ་མ་རེད།དཔེར་ན།གློག་བརྙན«ལག་དམར»ལྟ་བུར་མྱོང་རོལ་བྱེད་སྐབས་དངོས་སྤྱོད་དང་ཁེ་ཕན་གྱི་ཚད་ཤིང་ཕལ་བར་བཞག་ནས།རྩོམ་རིག་དང་སྒྱུ་རྩལ་གྱི་མཐོང་སྣེ་སྤྱད་ནས་བལྟས་ན་གཟོད་བརྩམས་ཆོས་ཀྱི་རྣམ་ཤེས་དང་རིན་ཐང་།མཛེས་པ་དང་འགུག་ཤུགས་ངོ་མ་བོ་ཚོར་ཐུབ།གཤམ་ནས«ལག་དམར»དང་འབྲེལ་ཏེ་རང་ཉིད་ཀྱི་སྒྱུ་རྩལ་བརྩམས་ཆོས་ལ་མྱོང་རོལ་བྱེད་སྟངས་ཤིག་ཞུ་བར་བྱ་བ་ལ།

  ༡ ཕྱི་དོན་གྱི་བདེན་པ་དང་སྒྱུ་རྩལ་གྱི་བདེན་སྣང་།
  སྒྱུ་རྩལ་བརྩམས་ཆོས་ཤིག་ལ་མྱོང་རོལ་བྱེད་སྐབས་ངེས་པར་དུ་ཤེས་དགོས་པ་ཞིག་ལ་སྒྱུ་རྩལ་ནི་རྟོག་བཏགས(假定)ཡིན་པ་དེ་རེད།རི་མོ་དང་གློག་བརྙན།འཁྲབ་སྟོན་པ་དང་སྙན་ངག།བརྩམས་སྒྲུང་དང་འཁྲབ་གཞུང་སོགས་ཚང་མ་རྟོག་བཏགས་རེད།རྟོག་བཏགས་ཞེས་པ་ནི་རྫུན་མའི་དོན་མ་རེད།སྒྱུ་རྩལ་དང་འཚོ་བ་དངོས་གཉིས་ཕན་ཚུན་ཉོག་བསྲེ་བྱ་མི་རུང་།དེ་གཉིས་ལ་ཁྱད་པར་ངེས་ཅན་ཞིག་ཡོད་ཅེས་པའི་དོན་རེད།དཔེར་ན།སྒྱུ་རྩལ་གྱི་འཇིག་རྟེན་ནི་གཙང་བོའི་ཕ་རོལ་ན་ཡོད་ན།དངོས་ཡོད་ཀྱི་འཇིག་རྟེན་ནི་གཙང་བོའི་ཚུར་རོལ་ན་ཡོད།དེ་གཉིས་ཀྱི་བར་དུ་བཞུར་བའི་གཙང་བོ་ནི་སྒྱུ་རྩལ་དང་དངོས་ཡོད་ཀྱི་ཁྱད་པར་རམ་བར་ཐག་རེད།འོ་ན་འཇིག་རྟེན་དེ་གཉིས་འབྲེལ་མེད་ཡ་བྲལ་དུ་གནས་ཡོད་དམ་ཞེ་ན་མེད་དེ།དེ་གཉིས་སྦྲེལ་བྱེད་ལ་སྒྱུ་རྩལ་གྱི་བདེན་སྣང་ཟེར།དེ་ནི་དངོས་ཡོད་ཀྱི་བདེན་པ་དང་མི་འདྲ་བ་རེད།དཔེར་ན་སཱ་ཐི་ཡིས་ནོར་པེལ་བྱ་དགའ་དང་ལེན་མ་བྱས་པ་ནི་དངོས་ཡོད་ཀྱི་བདེན་པ་རེད་ལ།མོན་ནཱ་ལི་ཧྲ(蒙娜丽莎)ཡི་འཛུམ་མདངས་དེ་གས་ཁ་ཅན་དང་འགལ་བ་ཅན་ཞིག་ཡིན་པ་ནི་སྒྱུ་རྩལ་གྱི་བདེན་སྣང་རེད།མོའི་འཛུམ་མདངས་དང་སྐྱོ་ཉམས་ནི་རྟོག་བཏགས་དང་རང་རིག་གི་སྣང་བརྙན་ཞིག་ཡིན་པ་རེད།ཡིན་ཡང་དེའི་རྐང་འཛུགས་ས་དང་རྨང་འཛིན་ས་ནི་དངོས་ཡོད་འཚོ་བ་ཡིན་པ་རེད།དེ་བས་སྒྱུ་རྩལ་གྱི་བདེན་སྣང་ནི་རྟོག་བཏགས་ཀྱི་འཇིག་རྟེན་དང་དོན་དངོས་ཀྱི་འཇིག་རྟེན་གཉིས་ཀྱིས་གཏམ་གླེང་བྱེད་སྤྱད་ཀྱི་ཟམ་པ་ལྟ་བུ་རེད།
  འདིའི་སྟེང་ནས་ཕྱི་དོན་དང་སྒྱུ་རྩལ་གཉིས་ལ་བར་ཐག་ངེས་ཅན་ཞིག་ཡོད་པ་ཤེས་ཐུབ།གལ་ཏེ་སྒྱུ་རྩལ་དང་དངོས་ཡོད་གཉིས་བསྲེས་ཚེ་སྒྱུ་རྩལ་གྱི་མཛེས་པ་དང་རིན་ཐང་མཐོང་དཀའ།དེ་གཉིས་ཀྱི་བར་ཐག་གི་ཐད་རྩོད་པ་ཡོད་དེ།ལོ་རྒྱུས་སྟེང་འཁྲབ་སྟོན་སྒྱུ་རྩལ་ལ་གྲུབ་མཐའ་གཉིས་ཡོད་པ་རེད།གཅིག་ནི་ཨུ་རུ་སུའི་སི་ཐན་ནའེ་སི་ལཱ་ཧྥོའུ་སི་ཅིས(斯坦尼斯拉夫斯基)གཙོར་བྱས་པའི"བདག་མེད་ཀྱི་འཁྲབ་སྟོན"གྲུབ་མཐའ་རེད།དེས་སྒྱུ་རྩལ་གྱིས་འཚོ་བ་དངོས་ཇི་མ་ཇི་བཞིན་དུ་མཚོན་དགོས་པའི་ལྟ་བ་བཏོན་པ་རེད།སྒྱུ་རྩལ་དང་འཚོ་བའི་བར་ཐག་ཇི་ལྟར་ཉེ་ན་དེ་ལྟར་བཟང་བའི་ལྟ་བ་བཏོན།ཅིག་ཤོས་ནི་འཇར་མན་གྱི་པོའུ་ལའེ་ཤི་ཐི(布莱希特)གཙོར་བྱས་པའི"དངོས་ཡོད་དང་བར་ཐག་བཀྱེད་པའི"གྲུབ་མཐའ་ཞིག་རེད།དེས་སྒྱུ་རྩལ་ནི་རྟོག་བཏགས་ཡིན་པས་བརྩམས་ཆོས་ཀྱི་ཡུལ་ཅན་རང་བཞིན་འདོར་མི་རུང་བ་དང།དངོས་ཡོད་དང་བར་ཐག་འོས་འཚམ་ཞིག་བཞག་པས་གཟོད་སྒྱུ་རྩལ་གྱི་བསམ་ཚོད་དང་ཀུན་རྟོག་ལ་རང་དབང་ལྡན་འདོད།
  འདི་གཉིས་ཀྱི་ཁྱད་པར་མ་ཤེས་པས་དགོད་བྲོ་བའི་གཏམ་རྒྱུད་མང་བོ་བྱུང་ཡོད་པ་རེད།དཔེར་ན།སི་ཐིང་ཏར(司汤达)ལགས་ཀྱིས་བྲིས་པའི«ལའེ་ཞིན་དང་ཤིག་སི་ཕིག»ཟེར་བའི་དཔེ་ཆའི་ནང་གཏམ་རྒྱུད་འདི་འདྲ་ཞིག་བྲིས་ཡོད་དེ།༡༨༢༥ལོར་ཤིག་སི་ཕིག་གི་སྐྱོ་གར«ཨོ་སའེ་ལའོ»དབྱི་ཐ་ལིའི་གྲོང་ཁྱེར་ཧྥོ་ལའོ་ལོན་སཱའི(佛罗伦萨)ཟློས་གར་ཁང་ནས་འཁྲབ་སྟོན་བྱས།གཏམ་རྒྱུད་དུ་དཔའ་ཞིང་མཛངས་ལ་གཞུང་དྲང་ཚུལ་ལྡན་གྱི་མི་ནག་གི་དམག་དཔོན་ཨོ་སའེ་ལའོ་ཡིས་མི་དཀར་གྱི་མཛེས་མ་ཞིག་ཆུང་མར་བསུས།ཡཱ་ཀོའུ་ཟེར་བའི་མི་ཆུང་ཞིག་ཡོད་པ་དེས་ཁོང་གཉིས་ཀྱི་བརྩེ་དུང་ལ་བར་ཆེད་བཟོ་ཆེད་ཆུང་མ་དེར་ཟུར་བརྟེན་དགའ་རོགས་ཡོད་པའི་སྐུར་བ་བཏབ་སྟེ་དཀྲུགས་ཤིང་འཕངས།དམག་དཔོན་ཨོ་སའེ་ལའོ་ཡིས་གཏམ་དེ་ཐོས་ནས་ཤིན་ཏུ་ཁྲོས་ཏེ་ཆུང་མའི་མགྲིན་པ་བསྒགས་ནས་བསད་སོང་།འཁྲབ་སྟོན་བྱས་ནས་མཐོ་རླབས་སུ་ཐོན་སྐབས།མི་དཀར་གྱི་སྲུང་དམག་ཅིག་གིས་དམག་དཔོན་ཨོ་སའེ་ལའོ་འཁྲབ་མཁན་དེར་མེ་མདས་བརྒྱབ་བསད་སོང་།ཉེན་རྟོག་པས་ཁོ་ལ་མི་གསོད་དོན་འདྲི་དུས།ཁོས"མི་ནག་ཅིག་གིས་མི་དཀར་གྱི་བུད་མེད་ཅིག་གསོད་ཀྱིན་པ་མཐོང་ན་བཟོད་ཐབས་མི་འདུག"ཅེས་བཤད།དཔེ་དེ་བཞིན་རྒྱ་ནང་དུ«རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད»འཁྲབ་སྐབས་ཞིང་གྲོང་གི་མི་ཞིག་གིས་ཚའོ་ཚའོ་འཁྲབ་མཁན་དེ་བསད་སོང་བ་རེད།༼རྒྱའི་མཁས་པ་ཀྲུའུ་ཀོང་ཆན་གྱིས་དེ་ལྟར་བྲིས་འདུག༽
  ཁོ་ཚོས་ནོར་འཁྲུལ་གཉིས་བཟོས་སོང་བ་རེད།གཅིག་ནས་མི་གསོད་ཀྱི་ནག་ཉེས་བཟོས་སོང་བ་རེད།དེ་སྒྱུ་རྩལ་བརྩམས་ཆོས་ལས་མི་བསད་པ་དང་མི་འདྲ།གཉིས་ནས་སྒྱུ་རྩལ་ནི་རྟོག་བཏགས་ཡིན་པ་མ་ཤེས་པས་སྒྱུ་རྩལ་དང་དངོས་ཡོད་གཉིས་ངོ་བོ་གཞི་གཅིག་ཏུ་བསྲེས་པ་རེད།རྗེས་ནས་དབྱི་ཐ་ལི་ནས«ཨོ་སའེ་ལའོ»ཡི་འཁྲབ་སྟོན་པ་དེར་འདས་མཆོད་སྒྲུབ་སྐབས་རྡོ་རིང་གཉིས་བསླངས་པ་རེད།གཅིག་ནི་ཨུ་རུ་སུའི་སི་ཐན་ནའེ་སི་ལཱ་ཧྥོའུ་སི་ཅིས(斯坦尼斯拉夫斯基)ཡིས་བསླངས་པ་རེད།དེའི་སྟེང་དུ"འདི་ནི་འཛམ་གླིང་གི་ཆེས་ཕུལ་དུ་བྱུང་བའི་འཁྲབ་སྟོན་པ་ཞིག་རེད།"ཅེས་བྲིས་ཡོད།ཅིག་ཤོས་ནི་འཇར་མན་གྱི་པོའུ་ལའེ་ཤི་ཐི(布莱希特)ཡིས་བསླངས་པ་རེད།དེའི་སྟེང་དུ"འདི་ནི་འཛམ་གླིང་གི་ཆེས་ཞན་པའི་འཁྲབ་སྟོན་པ་ཞིག་རེད"ཅེས་བྲིས་ཡོད།དངོས་ཡོད་དང་སྒྱུ་རྩལ་ལ་ཁྱད་པར་དང་བར་ཐག་འབྱེད་མ་ཐུབ་པ་ནི་ཆེས་སྐྱོ་བའི་ཕམ་ཁ་རེད།
  དངོས་ཡོད་ཀྱི་འཇིག་རྟེན་ཡོད་བཞིན་དུ་རྟོག་བཏགས་ཀྱི་འཇིག་རྟེན་ཞིག་དགོས་དོན་ཅི་རེད།རྟོག་བཏགས་ཀྱི་འཇིག་རྟེན་ལ་དོན་སྙིང་ཅི་ཡོད་ཟེར་ན།དངོས་ཡོད་འཚོ་བའི་ཁྲོད་ཀྱི་མེ་ཏོག་ཉི་དགའ་དང་ཧྥན་ཀའོ(梵·高)ཡི་མེ་ཏོག་ཉི་དགའ་གཉིས་ཀའི་གང་ལ་རིན་ཐང་ཆེ།ཆེའུ་པའེ་ཧྲི་ཡི་ཆུ་འབུ་གློ་ཉ་དང་ཆུ་ནང་གི་ཆུ་འབུ་གློ་ཉ་གཉིས་ཀའི་གང་ལ་རིན་ཐང་ཆེ།དངོས་ཡོད་ཀྱི་ཉི་དགའ་དང་གློ་ཉ་ནི་སྒྱུ་རྩལ་མ་རེད།དེ་བས་སྒྱུ་རྩལ་དང་དངོས་ཡོད་ཀྱི་བར་ཐག་དང་ཁྱད་པར་དེ་ཁས་ལེན་བྱེད་ཐུབ་དགོས།རྟོག་བཏགས་ནི་བསམ་བཀོད་དང་ཀུན་རྟོག་རེད།བསམ་བཀོད་དང་ཀུན་རྟོག་ཡོད་པས་གཟོད་སྒྱུ་རྩལ་ལ་རང་དབང་ཡོད།འདི་ནི་སྒྱུ་རྩལ་གྱི་ཚེ་སྲོག་རེད།
  གནད་འདི་མ་ཤེས་པས་སྒྱུ་རྩལ་བརྩམས་ཆོས་ལ་གོ་ལོག་བྱུང་དང་འབྱུང་གི་ཡོད།དཔེར་ན«ལག་དམར»ལྟ་བུར་མཚོན་ན།གློག་བརྙན་དང་བརྩམས་སྒྲུང་གང་ཡིན་ཡང་སྒྱུ་རྩལ་དང་མཛེས་རྟོག་གི་མཐོ་ཚད་ནས་བལྟ་མ་ཐུབ་པས་རིན་ཐང་ངོ་མ་དེ་རྟོགས་ཐུབ་ཀྱི་མེད།«ལག་དམར»ནི་རིག་རྩལ་གློག་བརྙན་ཞིག་རེད།ཚོང་ལས་གློག་བརྙན་དང་དངོས་བཤུས་གློག་བརྙན།ལོ་རྒྱུས་གློག་བརྙན་སོགས་སུ་བགྲང་ཐབས་མེད།རིག་རྩལ་གློག་བརྙན་ཞིག་ཡིན་ཕྱིན་དེའི་རིན་ཐང་གཙོ་བོ་ནི་སྒྱུ་རྩལ་གྱི་མཛེས་པ་དང་བསམ་བློའི་བར་སྟོང་གི་སྟེང་དུ་ཡོད་སྙམ།ཡིན་ཡང་།ད་སྔའི་དཔྱད་གཏམ་ཕལ་ཆེ་བ་ནི་བོད་ཀྱི་རིག་གནས་དང་འཚོ་བ་དངོས་ཇི་བཞིན་དུ་མཚོན་ཡོད་མེད་ཀྱི་སྐོར་རེད།ཁ་ལོ་བ་སྦྱིན་པས་ལུག་རོ་ཞིག་ཁྱེར་ནས་བསྔོ་སྨོན་ཞུས་ཤིང་བྱ་གཡེང་བྱས་པ་དང་།ཐང་དཀར་ཞིག་འཕུར་གྱིན་འཕུར་གྱིན་གནམ་གྲུར་གྱུར་སོང་བ་སོགས་དངོས་ཡོད་གནས་ཚུལ་དང་མི་མཐུན་པའམ་ཁ་མི་འཕྲོད་ཟེར།ད་དུང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་མཚོན་འདོད་པ་ཡིན་ཟེར་བ་དེ་བརྩམས་ཆོས་སུ་མཚོན་ཐུབ་མེད་ཅེས་འཁང་ར་བྱེད་བཞིན་ཡོད།དཔྱད་གཏམ་ནི་ཇི་ལྟར་སྤེལ་ཡང་མི་ཆོག་པ་མེད་མོད།སྒྱུ་རྩལ་བརྩམས་ཆོས་ནི་རྟོག་བཏགས་ཀྱི་འཇིག་རྟེན་ཞིག་ཡིན་པ་བརྗེད་མི་རུང་།རྟོག་བཏགས་ཀྱི་འཇིག་རྟེན་ལ་རང་ཉིད་ཀྱི་རིན་ཐང་ཞིག་ཡོད་པ་རེད།རིན་ཐང་དེ་ནི་དངོས་ཡོད་དང་མཚུངས་མིན་གྱིས་འཇལ་ཐུབ་པ་མ་རེད།«ལག་དམར»ནང་གི་སྣང་བརྙན་དང་སྣང་ཚུལ་དེ་དག་འཚོ་བ་དངོས་དང་བར་ཐག་ངེས་ཅན་ཞིག་ཡོད་པ་རེད།དཔེར་ན།བརྩམས་སྒྲུང«ལག་དམར»གྱི་མཇུག་གི་རྨི་ལམ་དུ་ནང་འགལ་གྱི་ཆ་ཡོད་པ་རེད།ཡིན་ཡང་དེ་ནི་རྩོམ་པ་པོས་ཀུན་རྟོག་དང་རྟོག་བཟོ།བློས་བསླངས་དང་དྲུས་དྲུབས་སོགས་མཚོན་ཐབས་སྣ་མང་ཞིག་ལ་བརྟེན་ནས་བསྐྲུན་པའི་སྒྱུ་རྩལ་གྱི་འཇིག་རྟེན་ཞིག་རེད།ང་ཚོས་ཚན་རིག་དང་དངོས་སྤྱོད་ཀྱི་ལྟ་གྲུབ་སྤྱད་ནས་དངོས་ཡོད་ཀྱི་གནས་སྟངས་དང་ཐོད་གཏུགས་པ་ནི་སྒྱུ་རྩལ་ལ་རྨ་ཁ་བཟོ་བ་ཙམ་ལས་ཅང་མེད་སྙམ།སྒྱུ་རྩལ་ནི་འཚོ་བ་ལས་བྱུང་བ་བདེན་མོད།ང་ཚོར་དགོས་པ་ནི་དངོས་ཡོད་འཚོ་བའི་བསྐྱར་དཔར་ཞིག་གམ་ལད་ཟློས་ཤིག་ཡིན་ན་སྒྱུ་རྩལ་གྱིས་ཅི་བྱ།དངོས་ཡོད་འཚོ་བ་ང་ཚོའི་མིག་ལམ་དུ་ཡོད་པ་མིན་ནམ།བོད་ཀྱི་རིག་གནས་དང་འདུ་ཤེས་སོགས་ཀྱང་ང་ཚོའི་རྒྱུད་ན་ཡོད་པ་མིན་ནམ།དེ་དག་སྒྱུ་རྩལ་གྱིས་མཚོན་དགོས་དོན་ཅི་ཡང་མེད་པ་འདྲ།
  ཆི་ཧི་ཧྥི་ལ«དཔོན་ཆུང་ཞིག་འདས་པ»ཞེས་པའི་སྒྲུང་ཞིག་ཡོད།དཔོན་ཆུང་ཞིག་གློག་བརྙན་ལ་བལྟ་རུ་སོང་བ་རེད།གློག་བརྙན་ལ་ལྟ་སྐབས་གློ་བུར་དུ་དབང་མེད་དུ་སྣ་སྦྲིད་ཅིག་བྱས་པས་མདུན་གྱི་ལྟ་མཁན་གྱི་མགོ་དང་སྐེར་སྣ་ཆུ་འཁྱལ་སོང་བ་རེད།མདུན་གྱི་མི་དེས་སྣབས་བཤོས་བླངས་ནས་མགོ་དང་སྐེ་སོགས་འབྱིད་ཙམ་བྱས།དེ་དུས་དཔོན་ཆུང་དེས་མདུན་གྱི་མི་དེ་དམག་དཔོན་ཞིག་ཡིན་པ་ཤེས་སོང་།ཁོ་དང་ལས་ཁུངས་གཅིག་གི་མིན་ཡང་སྡེ་ཁག་གཅིག་ཏུ་གཏོགས།ཁོའི་སེམས་སུ་དངངས་འཚབ་སྐྱེས་བྱུང་།རང་གིས་དམག་དཔོན་དེར་ཕོག་ཐུག་བཟོས་སོང་བར་སྐྲག་སྟེ་བཟོད་གསོལ་ཡང་ཡང་ཞུས།དམག་དཔོན་དེས་སྐྱོན་མི་འདུག་ཅེས་བཤད་ཀྱང་།དཔོན་ཆུང་དེས་རང་གིས་བསམ་གཟས་ནས་སྣ་སྦྲིད་བྱས་པ་མིན་ཚུལ་དང་།དམག་དཔོན་གྱི་སྟེང་ལ་སྣ་ཆུ་འཁྱལ་བ་མ་འགྲིག་ཚུལ་སོགས་ཡང་དང་ཡང་དུ་གུས་པ་དང་ལྡན་པའི་ངང་ཞུས།དམག་དཔོན་དེས་དོན་ཆུང་དེར་སྣང་དོག་ཆེན་པོ་མ་བྱས་པར་གློག་བརྙན་ཁང་དང་བྲལ།ཕྱིར་ལོག་རྗེས་དཔོན་ཆུང་དེའི་སེམས་སྔར་བཞིན་བདེ་ལ་འབབ་མ་ཐུབ་པར་ཡང་དང་བསྐྱར་དུ་དམག་དཔོན་དེ་བཙལ་དུ་སོང་ནས་བཟོད་གསོལ་ཞུས།ཐ་མར་དམག་དཔོན་དེ་སུན་སྣང་སྐྱེས་ཏེ་དཔོན་ཆུང་དེ་བཏུད་དུ་མ་བཅུག་པ་རེད།དེ་ནས་དཔོན་ཆུང་དེར་སྐྲག་སྣང་དང་འགྱོད་སེམས།སེམས་ཚེགས་དང་རྣམ་རྟོག་སོགས་སྐྱེས་ཏེ་ཚེ་ལས་འདས་སོང་།འདི་དང་འདྲ་བར་ཅཱ་མོའུ་ཡི«འབྲེལ་མེད་ཀྱི་མི»ཞེས་པའི་ནང་མོར་སའོ་ཡིས་རང་གི་ཨ་མའི་འདས་མཆོད་ཁྲོད་མིག་ཆུ་མ་བཏོན་པས་སྲོག་ཁྲིམས་བཅད་པ་རེད།གཞན་པའེ་ཁི་ཐི་ཡི«ཀུ་ཏའོ་ལ་བསྒུགས་པ»དང་པདྨ་ཚེ་བརྟན་གྱི«ལྷ་རྗེ»སོགས་ཀྱང་དེ་དང་འདྲ།
  སྒྲུང་འདི་དག་གི་ནང་དོན་འཚོ་བ་དངོས་དང་མི་མཐུན་ཞེས་དགག་སྒྲུབ་བྱེད་མཁན་ཧ་ལམ་མེད་ཚོད་རེད།དཔོན་ཆུང་ཞིག་སྣ་སྦྲིད་ལ་རྐྱེན་བྱས་ཏེ་འདས་པ་དང་སྐྱེས་པ་ཞིག་གིས་མིག་ཆུ་མ་བཏོན་པས་སྲོག་ཁྲིམས་བཅད་པ་སོགས་ནི་སྒྱུ་རྩལ་གྱི་མཚོན་ཐབས་ཤིག་རེད།དེས་འཚོ་བ་དངོས་ཀྱི་ཁྲོད་མི་དེ་འདྲ་ཞིག་དང་སྣང་ཚུལ་དེ་འདྲ་ཞིག་ཇི་བཞིན་དུ་ཡོད་པ་མཚོན་གྱི་མེད།དེས་ནི་མིའི་ནང་སེམས་ཀྱི་འགལ་འདུ་དང་འཐབ་འཛིང་།གསང་བ་དང་འཁྱོག་འགྱུར།རྙོག་འཛིང་རང་བཞིན་དང་ཁེར་རྐྱང་རང་བཞིན་སོགས་ཚུལ་འཆལ(荒诞)གྱི་ལམ་ནས་མཚོན་ཡོད།དེ་བཞིན«ལག་དམར»ལ་མཚོན་ནའང་ཚུལ་འཆལ་གྱི་འབྲི་ཐབས་སྤྱད་ནས་མི་སྣ་སྦྱིན་པའི་ནང་སེམས་ཀྱི་གསང་བ་དང་འགལ་འདུ།གས་ཁ་དང་འཁྱོག་འགྱུར།འཇིགས་སྐྲག་དང་རྣམ་རྟོག་སོགས་མཚོན་ཡོད།ཁ་ལོ་བ་སྦྱིན་པས་ལུག་རོ་དེ་བྱ་གཡེང་བྱས་པ་ལས་འགྱོད་བཤག་དང་འཇིགས་སྐྲག་ཅིག་མཚོན་ན།རྗེས་ནས་རྨི་ལམ་དུ་ཁོས་ཁམས་པའི་སྟག་ཤར་སྦྱིན་པ་ཡི་ཚབ་བྱས་ནས་ལག་དམར་དམར་ཙ་བསད་པ་དེས་ཁོའི་ནང་སེམས་ཀྱི་ཞེ་སྡང་དང་གདུག་རྩུབ་ཅིག་མཚོན་ཐུབ་སྙམ།རྨི་ལམ་དེའི་སྟེང་ནས་གཟོད་ཁ་ལོ་བ་སྦྱིན་པས་ལུག་རོ་དེ་རང་དགར་འཇོག་མི་ཕོད་པའི་རྒྱུ་མཚན་ནི་བྱམས་དང་སྙིང་རྗེ་ཡི་སྟོབས་ཀྱིས་མིན་པར་འཇིགས་སྐྲག་དང་རྣམ་རྟོག་གིས་མནར་བས་ཡིན་པ་ཤེས་སླ།ནང་སེམས་ཀྱི་གསང་བ་དེ་ཤུགས་དྲག་པོའི་སྒོ་ནས་མཚོན་ཆེད་རྩོམ་པ་པོས་མི་སྣ་སྦྱིན་པར་ལུག་རོ་དུར་ཁྲོད་དུ་བསྐྱལ་ནས་བྱ་གཡེང་བྱེད་དུ་བཅུག་པ་རེད།དེ་ནི་ཆི་ཁི་ཧྥི་ཡི་སྨྱུག་འོག་གི་དཔོན་ཆུང་དེའི་ནང་སེམས་ཀྱི་འཇིགས་སྐྲག་དང་ཧ་ཅང་འདྲ།ཁ་ལོ་བ་སྦྱིན་པ་ནི་མི་བྱམས་སེམས་ཅན་ཞིག་རེད་ཅེས་བཤད་ཐབས་མེད་ལ་གདུག་རྩུབ་ཅན་ཞིག་རེད་ཅེས་ཀྱང་བཤད་ཐབས་མེད།ཁོའི་ནང་སེམས་ནི་འགལ་འདུས་ཁེངས་ཡོད་པས་སྤྱོད་པའང་འགལ་འདུ་ཅན་དུ་གྱུར་ཡོད།འདི་ལ་དགེ་སྡིག་དང་ལེགས་ཉེས་སོགས་བཤད་དུ་མེད།འདི་ནི་མི་ཞིག་གི་ནང་སེམས་ཀྱི་གསང་བ་དང་རང་བཞིན་དམར་རྗེན་དེ་རེད།དཀར་ནག་དང་བཟང་ངན་རྐྱ་འཐབ་སྟེ་ཡོད་པ་ནི་མི་ཚེ་དང་འཚོ་བ་རེད།མི་ཚེ་ཡིན་པས་དཀར་ནག་གི་དབྱེ་བ་སོ་སོར་འབྱེད་དཀའ།རྩོམ་པ་པོས་འདི་ལྟ་བུའི་ཚེ་སྲོག་གི་གནས་སྟངས་ཤིག་སྒྱུ་རྩལ་གྱི་ལམ་ནས་མཚོན་ཆེད་རྨི་ལམ་དང་ཚུལ་འཆལ།འཕྲུལ་སྣང་དང་བསྡུར་བ་སོགས་མཚོན་ཐབས་སྣ་ཚོགས་ཤིག་སྤྱད་པ་རེད་སྙམ།མཚོན་ཐབས་འདི་དག་གི་འབབ་སའམ་རྒྱབ་རོལ་གྱི་བསམ་བློའི་ཟབ་ཚད་ལ་འདང་མི་རྒྱག་པར་མཚོན་ཐབས་འདི་དག་འཚོ་བ་དངོས་དང་མི་མཐུན་ཞེས་འུར་རྒྱག་པ་ནི་ཨོ་སའེ་ལའོ་དང་ཚའོ་ཚའོ་ཡི་འཁྲབ་སྟོན་པ་བསད་པའི་ལྟད་མོ་བ་དེ་ཚོ་ལས་ཆ་འཇོག་རྙེད་དཀའ།སྒྱུ་རྩལ་ནི་རྟོག་བཏགས་ཀྱི་འཇིག་རྟེན་ཡིན་པ་མ་ཤེས་པས་དངོས་ཡོད་དང་ཕུགས་བསམ་བསྲེས་སོང་ལ།དཔྱོད་ཤེས་དང་ཚོར་ཤེས་བསྲེས་སོང་།སྒྱུ་རྩལ་དང་དངོས་ཡོད་ཀྱི་མི་ཚེའང་བསྲེས་སོང་།དངོས་སྤྱོད་དང་ཁེ་ཕན་གྱི་འཇིག་རྟེན་ལས་འཕགས་མ་ཐུབ་ལ།མི་ཆོས་ཀུན་སྤྱོད་དང་རིག་གནས་འདུ་ཤེས་ཀྱི་བཅིངས་ཐག་ལས་གྲོལ་མ་ཐུབ་པས་བརྩམས་ཆོས་ཀྱི་མཛེས་རྟོག་གི་རིན་ཐང་ཐེད་དུ་བོར་བ་རེད།སེམས་བྱུང་གི་རིན་ཐང་དང་དངོས་སྤྱོད་ཀྱི་རིན་ཐང་ལ་བར་ཐག་འོས་འཚམ་ཞིག་དགོས་ལ།མཛེས་རྟོག་གི་རིན་ཐང་དང་ཁེ་ཕན་གྱི་འཚོ་བ་ལའང་བར་ཐག་འོས་འཚམ་ཞིག་དགོས།

  ༢ འཇིག་རྟེན་མི་ཆོས་དང་སྒྱུ་རྩལ་མི་ཆོས།
  སྒྱུ་རྩལ་བརྩམས་ཆོས་ཤིག་ལ་མྱོང་རོལ་བྱེད་སྐབས་འཇིག་རྟེན་མི་ཆོས་དང་རིག་གནས་གོམས་གཤིས་ཀྱི་ལྟ་གྲུབ་གཅིག་པུས་སྒེར་གཅོད་བྱས་ན་བརྩམས་ཆོས་གང་དེའི་རིན་ཐང་ངོ་མ་རྟོགས་པ་ཕར་ཞོག་ལྡོག་སྟེ་དེ་ཉིད་ལ་ལོག་བཤད་དང་ལོག་འགྲེལ་བྱས་ནས་བརླག་འགྲོ་བའི་ཉེན་ཁ་ཡོད།སྒྱུ་རྩལ་བརྩམས་ཆོས་ཀྱི་སྲོག་ཤིང་ནི་ཀུན་རྟོག་དང་རྟོག་བཏགས་རེད།སྲོག་ཤིང་དེ་འཇིག་རྟེན་མི་ཆོས་དང་སྤྱི་ཚོགས་ཁེ་ཕན་ལས་བརྒལ་ཚེ་གཟོད་སེམས་བྱུང་དང་བརྩེ་བ་ལ་དོན་དམ་གྱི་རང་དབང་ཐོབ་ཐུབ།སེམས་བྱུང་ལ་རང་དབང་ཐོབ་པ་ནི་དོན་དུ་སྒྱུ་རྩལ་ལ་རང་དབང་ཐོབ་པ་རེད།དངོས་ཡོད་ཀྱི་འཚོ་བའི་ཁྲོད་འཛེམ་དགོས་པ་དང་དོགས་དགོས་ས།བརྩི་དགོས་པ་དང་བཀུར་དགོས་པ་མང་བོ་ཞིག་ཡོད་པ་རེད།ང་ཚོ་སྒྲིག་སྲོལ་དང་འདུ་ཤེས་མང་བོ་ཞིག་གིས་དབང་དུ་བསྒྱུར་ཡོད།ང་ཚོས་དེ་ལ་འཇིག་རྟེན་མི་ཆོས་སམ་ཡང་ན་མི་དམངས་ཀྱི་མི་ཆོས་ཞེས་འབོད།དངོས་ཡོད་འཚོ་བའི་ཁྲོད་མི་སྒེར་གྱི་མི་ཆོས་ཟེར་བ་ནི་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད་པ་རེད།འཇིག་རྟེན་མི་ཆོས་ཀྱི་མདུན་དུ་ང་ཚོས་བྱ་དངོས་དང་དོན་དག་གང་ལ་དཔྱད་ཀྱང་།དགེ་སྡིག་དང་ལེགས་ཉེས།བཟང་ངན་དང་ཡག་བཙོགབདེན་རྫུན་དང་དཀར་ནག་སོགས་རྒྱུ་གཉིས་ཁ་གཏད་དུ་བསླངས་ནས་གདེང་འཇོག་དང་དབྱེ་གཅོད་བྱེད་པ་རེད།དཔེར་ན།«ལག་དམར»ལ་གདེང་འཇོག་བྱེད་སྟངས་དེ་ནི་སྒྱུ་རྩལ་བརྩམས་ཆོས་ཤིག་གི་རིན་ཐང་ལ་འཚོལ་རྟོག་བྱེད་སྟངས་མ་རེད་བསམ།སྒྱུ་རྩལ་བརྩམས་ཆོས་ཤིག་གི་རིན་ཐང་ནི་གཙོ་བོ་མཛེས་རྟོག་གི་སིམ་ཚོར་དང་བསམ་བློའི་བར་སྟོང་།ཚེ་སྲོག་དང་མི་གཤིས་ཀྱི་མྱོང་རྟོགས་ཇི་འདྲ་ཞིག་སྟེར་བའི་སྟེང་ཡོད་སྙམ།དེ་ནི་དངོས་སྤྱོད་དང་ཁེ་ཕན་གྱི་འཇིག་རྟེན་ལས་མཐོ་བར་འཕགས་ཡོད།
  སྒྱུ་རྩལ་གྱི་འཇིག་རྟེན་དུ་ལེགས་ཉེས་དགེ་སྡིག་གི་རྣམ་བཞག་མེད་པ་མིན་ཡང་ཚེ་སྲོག་དང་མི་གཤིས་སོགས་ཀྱི་བཀག་ཆར་གྱུར་མེད།སྒྱུ་རྩལ་དུ་འཇིག་རྟེན་མི་ཆོས་དང་ཡུལ་སྲོལ་གོམས་འདྲིས་སོགས་འཛེམ་བྱ་མང་བོ་ཞིག་ལ་གཏོར་བཤིག་གཏང་ཆོག་པ་རེད།དཔེར་ན།«ཇ་ཤིང་མེ་ཏོག་མ»ལྟ་བུར་མཚོན་ན།འཚོ་བ་དངོས་ཀྱི་ཁྲོད་དུ་ཨར་མཱང་ལྟར་སྨད་འཚོང་མ་ཞིག་གི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་པ་མ་ཟད་ཅི་ཡང་བསྒྲུབ་སྲིད་པ་ཞིག་ཡིན་ཚེ།དེ་ནི་ཉེས་པ་དང་ཐ་ཤལ།མ་རབས་དང་རྒྱབ་འགལ།ངོ་ཚ་དང་ཞབས་འདྲེན།མི་འགྲིག་པ་དང་མི་ལེགས་པ།མི་འོས་པ་དང་མི་རུང་བ་ཞིག་ཡིན་པ་རེད།འོན་ཀྱང་སྒྱུ་རྩལ་བརྩམས་ཆོས་ཁྲོད་ཨར་མཱང་ནི་སེམས་པ་རྣམ་དག་གིས་སྨད་འཚོང་མ་མཱ་ཀི་ལི་ཐི་ལ་དགའ་བ་དེ་ཚུལ་མཐུན་ལུགས་མཐུན་དུ་སྣང་ཞིང་།དེའི་ཆེད་དུ་མྱོང་བའི་མནར་གཅོད་དང་སྡུག་བསྔལ་ཡོད་ཚད་ཀྱང་མཛེས་པ་དང་དོན་སྙིང་ཞིག་ཏུ་གྱུར་ནས་ཡོད།དེ་བཞིན«ལག་དམར»ནང་དུ་ལུག་རོ་བྱ་གཡེང་བྱས་པ་དང་ལུག་བསད་པའི་ཉེས་པ་བཤག་ཆེད་ཤོག་སྒོར་དྲུག་བརྒྱ་ཨ་ཁུར་བྱིན་པ།རྒྱུ་མེད་རྐྱེན་མེད་དུ་གཞན་གྱི་ཚབ་ཏུ་དགྲ་ཤ་བླངས་པ་སོགས་ནི་བོད་ཀྱི་འཚོ་བའི་ཁྲོད་ཧ་ལམ་དཔེ་མི་སྲིད་ལ།དེ་འདྲ་ཞིག་ཡོད་པའི་དབང་དུ་བཏང་ཡང་སྨྱོན་པ་དང་གླེན་པ།རྩ་མི་ཚང་བ་དང་འདྲེ་ཡིས་བཟུང་བར་བརྩིས་ནས་བཅའ་བ་སྐུ་རིམ་གྲངས་ཀ་ལོངས་པ་ཞིག་བསྒྲུབ་དགོས་སྲིད།འོན་ཀྱང་སྒྱུ་རྩལ་བརྩམས་ཆོས་སུ་དེ་དག་ཚང་མ་ཡོད་ཆོག་ཆོག་རེད།ནམ་རྒྱུན་འཚོ་བའི་ཁྲོད་བསམ་མི་རུང་བ་དང་ལས་མི་རུང་བ།མཐོང་མི་ཐུབ་པ་དང་མྱོང་མི་ཐུབ་པའི་དོན་དག་མང་བོ་ཞིག་སྒྱུ་རྩལ་དུ་འཛེམ་དོགས་མེད་པར་མཚོན་ཆོག་པ་རེད།མཛེས་རྟོག་གི་འཇིག་རྟེན་དུ་ཚེ་སྲོག་གང་ཡིན་ཡང་གོ་ལོན་དང་བརྩི་འཇོག་བྱ་བའི་རིན་ཐང་ཡོད་པར་འདོད།ཚེ་སྲོག་ལ་མཐའ་གཅིག་ཏུ་ངན་པ་མེད་ལ་མཐའ་གཅིག་ཏུ་བཟང་པོའང་མེད།ལོའུ་ཞོན་གྱིས་ཐའོ་སི་ཐའོ་ཡེ་ཧྥོའུ་སི་ཅི(陀思妥耶夫斯基)ཡི་བརྩམས་ཆོས་ལ་གདེང་འཇོག་བྱེད་སྐབས་འདི་ལྟར་གསུངས་མྱོང་སྟེ།རྣམ་ཤེས་ཀྱི་ཟབ་སར་རྩད་འདྲི་བྱེད་སྐབས་མཐའ་གཅིག་ཏུ་གདུག་རྩུབ་ཅན་མེད་ལ་མཐའ་གཅིག་ཏུ་སྙིང་རྗེ་ཅན་ཡང་མེད།གནས་ལུགས་འདི་མཐོང་བས་ཐའོ་སི་ཐའོ་ཡེ་ཧྥོའུ་སི་ཅིའི(陀思妥耶夫斯基)བརྩམས་ཆོས་རྣམས་ལ་གསོན་ཤུགས་ཆེན་པོ་ཞིག་རྒྱས་ནས་ཡོད།
 དེ་བཞིན་བོད་རྩོམ་ཁྲོད་ཀྱི་ར་ལོ་དང་རྒྱ་རྩོམ་ཁྲོད་ཀྱི་ཨQ་སོགས་ཀྱང་ང་ཚོའི་བག་ཆགས་ཁྲོད་ཀྱི་སྣང་བརྙན་དེ་ཙམ་མིན་པར་རྒྱབ་རོལ་ན་ངོས་མང་བོ་ཞིག་སྐུང་སྟེ་བཞག་ཡོད།ར་ལོ་ལྟ་བུར་མཚོན་ན་བོད་མི་རིགས་ཀྱི་བསྡུས་གཟུགས་ཡིན་ཞེས་ནག་ཉེས་དང་ཞན་ཆ་ཁོ་ན་ཁུར་ཡོད་མོད།དོན་དུ་ཁོའི་མི་གཤིས་སུ་ང་ཚོས་སློབ་སྦྱོང་བྱ་དགོས་པའི་མཛེས་པ་དང་དྭངས་ཤ་མང་བོ་ཞིག་ཡོད།དེ་བས་ཚེ་སྲོག་དང་མི་གཤིས་ནི་སྡོམ་ཚིག་དགོད་དུ་མེད་པ་ཞིག་རེད།«ལག་དམར»དུ་དམར་ཙ་ནི་ཁམས་པའི་སྟག་ཤར་སྦྱིན་པའི་ཕ་གསོད་མཁན་གྱི་ལག་དམར་རེད།འོ་ན་ཁོས་ཅིའི་ཕྱིར་དུ་མི་བསད་པ་རེད།མི་གསོད་ལག་དམར་དོན་དུ་ཁོ་ཡིན་ནམ་མིན།གལ་ཏེ་སྦྱིན་པའི་ཕ་ཡིས་དམར་ཙ་ཡི་ཕ་མ་གཉིས་ཀ་བསད་སོང་བ་ཡིན་ན་ཅི་བྱ།སྦྱིན་པས་དམར་ཙ་མི་གསོད་དོན་ཅི་ཡིན།ཁོ་དམར་ཙར་སྐྲག་པ་རེད་དམ།ཁོའང་ཁ་ལོ་བ་སྦྱིན་པ་དང་འདྲ་བར་ཉེས་སྡིག་ལ་སྐྲག་པ་རེད་དམ།དམར་ཙ་ནི་ཁོས་འཚོལ་བཞིན་པའི་མི་དེ་མ་རེད་ཅེས་པའི་སྐད་ཆ་དེ་ཁོའི་དྲང་གཏམ་ཡིན་ནམ་རྫུན་གཏམ་རེད།གལ་ཏེ་སྦྱིན་པས་དམར་ཙ་མ་བསད་པ་ནི་བྱམས་སྙིང་རྗེ་ཡི་དབང་གིས་མིན་ན་ཅི་ཞིག་གི་དབང་གིས་རེད།དྲི་བ་འདི་དག་ལ་ལན་རྡོག་རྡོག་ཅིག་ཡོད་པ་མ་རེད།བརྩམས་སྒྲུང་དང་གློག་བརྙན་གང་ཡིན་ཡང་གསལ་བོར་བཤད་མི་འདུགདེ་བས་ང་ཚོས་དམར་ཙ་ལ་ཉེས་པ་ཡོད་ཟེར་མི་ཐུབ་ལ།སྦྱིན་པ་ནི་སྙིང་རྗེ་ཅན་ཞིག་རེད་ཅེས་ཀྱང་བཤད་ཐབས་མེད།ང་ཚོས་ཤེས་ཐུབ་པ་ནི་སོ་སོའི་སེམས་ཀྱི་འགྱོད་གདུང་དང་ཐེ་ཚོམ།འཇིགས་སྐྲག་དང་ཞེ་སྡང་སོགས་རེད།འདི་ལ་བདེན་རྫུན་དང་དགེ་སྡིག་སོགས་དབྱེ་རྒྱུ་མེད་པར་འདོད།ཡང་དཔེར་ན།ང་ཚོས་འཐབ་འཁྲུག་གི་གློག་བརྙན་ཞིག་ལ་ལྟ་སྐབས།གློ་བུར་དུ་དམག་མི་ཞིག་དགྲ་བོའི་ཕྱོགས་སུ་རྒྱུགས་མཚམས་བཞག་ནས་གད་པ་ཞིག་གི་འོག་ཏུ་ཡིབ་ནས་བསྡད་ཚེ།ང་ཚོས་ཁོ་ནི་སྡར་མ་ཞིག་རེད་ཟེར་རམ་དཔའ་བོ་ཞིག་རེད་ཟེར།ཁོ་ཅིའི་ཕྱིར་གད་པའི་འོག་ཏུ་བསྡད་པ་རེད།མདུན་དུ་རྒྱུགས་པའི་སྤོབས་པ་མེད་པ་རེད་དམ་འཆར་གཞི་གཞན་ཞིག་ཡོད་པ་རེད།ང་ཚོ་སུས་ཀྱང་ཁོའི་ནང་སེམས་ཀྱི་རྒྱུ་མཚན་ངོ་མ་དེ་རྟོགས་ཐབས་བྲལ།«འབྲེལ་མེད་ཀྱི་མི»ཡི་ནང་མོར་སའོ་ཡིས་མིག་ཆུ་མི་འདོན་དོན་དང་མི་གསོད་དོན་ནི་ཚ་གདུག་དང་འབྲེལ་བ་ཡོད་པ་རེད།«ལག་གཅིག་ལྔ་ལམ་དུ་བརྫངས»ཀྱི་ནང་ལུག་གསོད་དོན་ཡང་ཚ་བ་དང་ལམ་ཐག་ལ་འབྲེལ་བ་ངེས་ཅན་ཡོད་པ་རེད།འདི་དག་བློ་རགས་པོ་ཞིག་གིས་རྟོགས་ཐབས་བྲལ་བ་རེད།
  ཧོའུ་ཀའོ(雨果)ཡི«ཡ་ང་བའི་འཇིར་རྟེན»དུ་རོན་ཨ་རོང་བཙོན་ཁང་ནས་བཏང་སྟེ་ཡུལ་དུ་ལོག་སྐབས་ལམ་བར་དུ་ཆོས་དཔོན་ཞིག་ལ་གནས་ཚང་གཡར་ནས་ཞག་གཅིག་ལ་བསྡད་པ་རེད།དགོང་མོ་དེར་ཆོས་དཔོན་ལ་གཅར་ནས་དྲན་མེད་དུ་བརྒྱལ་དུ་བཅུག་རྗེས་དངུལ་གྱི་མཆོད་ཆས་མང་བོ་ཞིག་བརྐུས་ནས་བུད་སོང་།འོན་ཀྱང་རོན་ཨ་རོང་ཉེན་རྟོག་པའི་ལག་ཏུ་ཤོར་ནས་ཕྱིར་ཆོས་དཔོན་གྱི་རྩིབ་ཏུ་ཁྲིད་ནས་ཡོང་།ཉེན་རྟོག་པས་ཆོས་དཔོན་ལ་མཆོད་ཆས་དེ་དག་ཁོས་རོན་ཨ་རོང་ལ་བྱིན་པ་ཡིན་མིན་འདྲི་དུས།ཆོས་དཔོན་གྱིས་ཁོས་བྱིན་པ་ཡིན་ཞེས་བཤད་པ་མ་ཟད།ད་རུང་དངུལ་གྱི་སྒྲོན་སྟེགས་དེ་ཁྱེར་མི་འདུག་ཅེས་རོན་ཨ་རོང་ལ་ལེ་བདའ་བྱས།སྐབས་དེར་རོན་ཨ་རོང་ཧད་དེ་ལུས་སོང་།གལ་ཏེ་ཆོས་དཔོན་གྱིས་ཁོའི་རྫུན་གཏམ་དེ་བརྟོལ་ཡོད་ཚེ་ཁོ་ཕྱིར་བཙོན་ཁང་དུ་སོང་ནས་མི་ཚེ་ཧྲིལ་བོ་བསྐྱལ་དགོས་པ་རེད།འཇིག་རྟེན་མི་ཆོས་ཀྱི་འགྲོ་སྟངས་ལྟར་ན་ཆོས་དཔོན་ནི་རྫུན་རྐྱལ་ཞིག་ཡིན་ལ་རོན་ཨ་རོང་ནི་རྐུན་མ།རྫུན་རྐྱལ་དང་མི་ངན་ཞིག་རེད་ཅེས་ཚིག་ཐག་གཅད་ངེས།གལ་ཏེ་ཆོས་དཔོན་གྱིས་ཁོའི་རྫུན་གྱི་རྐུབ་བརྟོལ་ཡོད་ན་འགྲིག་འདུག་ཟེར་ངེས།འོན་ཀྱང་མཛེས་རྟོག་གི་ངོས་ནས་བལྟས་ན་ཆོས་དཔོན་གྱི་སྤྱོད་པ་དེ་ནི་འགལ་བ་ཅན་ཞིག་ཡིན་པས་ཀུན་སྤྱོད་ཀྱི་སྡོམ་ཚིག་འཇོག་དཀའ་བ་རེད།དེ་ནི་བཟང་ཡིན་ལ་ངན་ཡང་རེད།འོན་ཀྱང་སྤྱོད་པ་དེ་ལ་མཛེས་རྟོག་གི་རིན་ཐང་ཆེན་པོ་ཡོད་པ་རེད།

  ༣ མཛེས་ཚོར་དང་དངོས་སྤྱོད།
  གོང་ནས་བཤད་པ་ལྟར་སྒྱུ་རྩལ་དང་མི་ཚེ་དངོས་ལ་བར་ཐག་འོས་འཚམ་ཞིག་ཡོད་པ་རེད།ཀུན་སྤྱོད་དང་རིག་གནས།ཚན་རིག་དང་དངོས་སྤྱོད་ཀྱི་རྣམ་འགྱུར་གྱིས་རིག་རྩལ་ལ་ཞིབ་འཇུག་བྱས་ན་གོ་ཆེན་པོ་ཆོད་ཀི་མ་རེད།དཔེར་ན་བུད་མེད་གཅེར་བུ་ཞིག་གི་འདྲ་པར་ཚད་གཞིར་བཟུང་ནས་བརྐོས་རིས་གྲགས་ཅན«འདོད་ལྷ་མེའུ་ལའོ་སི»ལ་དཔྱད་པ་བཏང་ན་ར་མགོ་ལུག་ལ་སྦྱར་བའི་དཔེ་ལས་མེད་སྙམ།འདྲ་པར་ནི་དངོས་ཡོད་ཀྱི་བུད་མེད་དང་ཧ་ཅང་མཚུངས་པས་ཆགས་སྲེད་སྐྱེ་རུ་འཇུག་ངེས་ལ།བརྐོས་རིས་ནི་དངོས་ཡོད་དང་བར་ཐག་ངེས་ཅན་ཡོད་པས་ཆགས་སྲེད་མི་བསྐྱེད་པར་མཛེས་ཚོར་སྟེར་སྲིད།ཡང་དཔེར་ན།ད་སྐབས་གྲོང་ཁྱེར་དང་ས་ཆ་གཞན་དུ་འཚོ་བའི་བོད་མི་མང་བོ་ཞིག་གི་སེམས་སུ་ཕ་ཡུལ་དང་རྩྭ་ཐང་ནི་ཕུགས་བསམ་དང་འཆར་ཡན་ཅན་དུ་བྱས་ནས།དེ་རུ་བློ་བདེ་ལ་འབབ་ཚུལ་དང་ཞི་ལྷོད་འཆམ་མཐུན་ཡིན་ཚུལ།འཚོ་བར་བདེ་སྐྱིད་ལྡན་ཚུལ་དང་གདོང་ལ་འཛུམ་གྱིས་ཁེངས་ཚུལ།ཁོར་ཡུག་དག་ཅིང་མཁའ་དབུགས་གཙང་ལ།མི་ཡི་གཤིས་ཀ་བཟང་ཞིང་ཕྱུགས་ཀྱི་འཕེལ་ཁ་དར་བ་སོགས་བརྗོད་དེ་མཚར་སྡུག་གི་འཇིག་རྟེན་ཞིག་བློ་བཟོ་བྱེད་ཐུབ་པ་འདིའང་དངོས་ཡོད་དང་བར་ཐག་རིང་བས་རེད།འབྲོག་པ་ཕྱུགས་རྫི་ཞིག་གིས་དེ་ལྟར་འདོད་མི་སྲིད།ཁོ་རང་འབྲོག་པའི་འཇིག་རྟེན་དང་འདྲེས་ནས་ཡོད་པས་མཛེས་པ་དེ་དག་མཐོང་དཀའ།ཁོ་ལ་མཚོན་ན་དཀའ་སྡུག་དང་སེམས་ཁུར་མང་བོ་ཞིག་ཡོད་པ་རེད།དེ་བས་མཛེས་པ་ནི་ཆུ་ནང་དུ་ཤར་བའི་རང་གི་ལྡོག་གཟུགས་དང་འདྲ།བར་ཐག་འོས་འཚམ་ཞིག་བཞག་ནས་བལྟས་ན་རོལ་མྱོང་བྱ་རྒྱུ་མང་བོ་ཡོད་ཀྱང་།རྩིབ་ཏུ་བཅར་ནས་ལག་པས་འཛིན་པར་བརྩམས་ཚེ་སྐད་ཅིག་ཉིད་དུ་ཡལ་འགྲོ།འདིའི་སྟེང་ནས་སྒྱུ་རྩལ་ནི་དངོས་ཡོད་འཚོ་བར་ལད་མོ་བྱས་པ་ཙམ་མིན་པ་གསལ་བོར་ཤེས་ཐུབ།
  དངོས་ཡོད་འཚོ་བ་དང་བར་ཐག་འོས་འཚམ་ཞིག་འཇོག་དགོས་ཞེས་པར་ནང་དོན་གསུམ་ཡོད་དེ།གཅིག་ནི་སྒྱུ་རྩལ་གྱི་མཛེས་པ་ནི་དངོས་སྤྱོད་ཁེ་ཕན་གྱིས་འཇལ་མི་ནུས་པའི་དོན་རེད།གཉིས་ནི་མཛེས་རྟོག་གི་རིན་ཐང་དེ་དངོས་སྤྱོད་ཀྱི་རིན་ཐང་ལས་མཐོ་བར་འཕགས་དགོས་པའི་དོན་རེད།གཞན་ཞིག་ནི་བར་ཐག་དེ་འོས་འཚམ་ཞིག་ཡིན་དགོས་པ་རེད།དཔེར་ན།«མའེ་ཆེ་ཡི་ལེགས་སྐྱེས»ནང་གི་ལེགས་སྐྱེས་གཉིས་ཀར་རིན་ཐང་མེད་པ་ལྟར་སྣང་ཡང་།དོན་དུ་དེ་ལ་རིན་ཐང་ཆེན་པོ་ཡོད་དེ།བརྩེ་བའི་རིན་ཐང་ཡོད།དངོས་སྤྱོད་ཁེ་ཕན་ལས་བརྒལ་བའི་མཛེས་རྟོག་གི་རིན་ཐང་ཡོད།དེ་བཞིན«ལག་དམར»ལ་མཚོན་ན་སྦྱིན་པ་གཉིས་ཀྱི་ནང་སེམས་ཀྱི་འགལ་འདུ་དང་འཐབ་འཛིང་ལ་དམིགས་ཡུལ་ཅི་ཡོད་ཟེར་ན་བཤད་དུ་མེད།ཁ་ལོ་བ་སྦྱིན་པས་ལུག་རོར་བསྔོ་སྨོན་ཞུས་ཏེ་བྱ་གཡེང་བྱས་པ་དང་རྨི་ལམ་དུ་དམར་ཙ་བསད་པ་སོགས་ལ་དམིགས་ཡུལ་ཅི་ཡོད་ཟེར་ན་མཛུབ་མོ་འཛུགས་ས་ཞིག་མེད།ཁོའི་ནང་སེམས་ཀྱི་འཇིགས་སྐྲག་དང་འགལ་འདུ།རྣམ་རྟོག་དང་གས་ཁ་སོགས་ཀྱི་སྟོབས་ཀྱིས་བྱ་བྱེད་འདི་དག་མངོན་ཡང་དངོས་སྤྱོད་ཁེ་ཕན་གྱི་དམིགས་ཡུལ་ཅི་ཡང་མེད་པ་རེད།ཁམས་པའི་སྟག་ཤར་སྦྱིན་པར་མཚོན་ནའང་དེ་ལྟར་རེད།ཤ་ཞེན་དང་ཁྲག་ཞེན།ལ་རྒྱ་དང་ཞེ་སྡང་སོགས་ཀྱི་དབང་གིས་ལག་དམར་དམར་ཙ་གསོད་རྒྱུའི་འཆར་གཞི་བཟོས་ཀྱང་མཐའ་མར་བློ་ཁ་ལོག་སོང་བ་རེད།དེས་ཁོ་ལ་ལག་དམར་གསོད་པར་དམིགས་ཡུལ་དང་གཟས་ས་ཅི་ཡང་མེད་པས་ནང་སེམས་ཐེ་ཚོམ་དང་འགལ་འདུས་ཁེངས་ཡོད་པ་མཚོན།ཁོ་གཉིས་ཀྱི་སུ་ཡིན་ཡང་ནང་སེམས་སུ་མདུད་པ་ཞིག་ལྗིད་ཏིག་གེར་ཡོད་པ་རེད།དེ་ཅི་ཞིག་ཡིན་པ་དང་ཇི་ལྟར་བཤིག་དགོས་པ་རང་གིས་ཀྱང་མི་ཤེས།དེ་བས་ཁོ་གཉིས་ཀྱི་སེམས་བྱུང་སྣ་ཚོགས་ནི་མེ་ལྕེ་ལྟར་དྲག་ཏུ་འབར་ཡང་།དེ་ལ་དངོས་སྤྱོད་ཁེ་ཕན་གྱི་རིན་ཐང་ཅི་ཡང་མེད་པར་མི་གཤིས་དང་ཚེ་སྲོག་གི་རང་བཞིན་ངོ་མ་ཞིག་ཕྱིར་མངོན་པ་ཙམ་རེད།དེ་ནི་མཛེས་པ་རེད།དེ་ནི«ལག་དམར»གྱི་མཛེས་རྟོག་གི་རིན་ཐང་རེད་སྙམ།

  ༤ མཇུག་གི་གཏམ།
  ལས་དབང་དུ་བརྩི་རུང་བ་ཡོད་ཚོད་ལ་སྡོམ་ཚིག་འཇོག་དཀའ།
  མི་ཚེ་རུ་འབོད་འོས་པ་ཡོད་ཚད་ལ་དགེ་སྡིག་འབྱེད་དཀའ།
  ༢༠༡༩ལོའི་ཟླ༥ཚེས༡༧ཉིན་ནུབ་བྱང་གི་དཔེ་ཀློག་བགྲོ་གླེང་ཞིག་ལ་དམིགས་ནས་བྲིས།

དཔྱད་མཆན་ཡོད།