ཟོན་ཐར་རྒྱལ་ལ་བཅར་འདྲི། _ ཁག་དང་བོ།

 

ཟོན་ཐར་རྒྱལ་གྱི་གློག་བརྙན་དག་ནི་བལྟས་ཚོད་ཀྱིས་སྐྱ་མདངས་ཆེ་ཡང་། དོན་དུ་དྲོད་འཇམ་གྱི་ཁ་དོག་ཅིག་མངལ་ལ་སྦྲུམ་ཡོད། ཁོང་གི་གློག་བརྙན་ཁྲོད་ཀྱི་མི་སྣ་གཙོ་བོ་དག་ནམ་རྒྱུན་སྡུག་བསྔལ་དང་འུ་ཐུག་པའི་གནས་ཚུལ་འོག་ན་ཟུག་དང་འགལ་འདུ། སྐྱོ་ངལ་གྱི་སེམས་ཀྱི་རི་ཆུ་མང་དུ་བརྒལ་མཐར་ཐར་བ་དང་ཞི་མཐུན་ཡོང་བ་ཞིག་ཡིན། དབུས་ལམ་གྱི་ཉི་མ་ལས་ཉི་མ་མཐའ་མཇུག་རང་དང་ཞི་མཐུན་ཐོབ་སྟེ། ཡང་བསྐྱར་སྐྱོ་གར་བྱུང་བའི་སར་ལོག་ནས་མ་རྒན་གྱི་ཁྲག་ཐིགས་འགོས་པའི་ས་རྣམས་དེ་གར་བཏབ། གློག་བརྙན་གཙང་བོར་བུ་མོ་ཆུང་ཆུང་དེ་བརྒྱུད་ནས་མི་རབས་གསུམ་གྱི་རྒྱུས་མ་ལོན་པ་དང་བར་ཐག་ཡིན་ལ། ནམ་ཡང་དགའ་བ་གླེང་ཆོག་གི་འབྲེལ་བའི་གཏམ་རྒྱུད་རྣལ་མ་བརྗོད་ཡོད། བརྩེ་གདུང་ནི་གཙང་བོ་དེ་བཞིན་དུ་ལྷིང་འཇགས་ཀྱིས་བཞུར་གྱིན་ཡོད།

 

ཟོན་ཐར་རྒྱལ་གྱི་བརྩམས་ཆོས་གསུམ་པ་ང་ཡི་ཆང་གསོལ་རོགས་ཀྱི་ནང་དུ་ཤི་གསོན་གླེང་སྟེ་ཁྱིམ་ཚང་ཞིག་གི་དབུས་མཇལ་གྱི་ལམ་བུ་བརྗོད་ཡོད། ནད་ཀྱིས་གཟིར་བའི་ཆུང་མ་ཡིས་སྐྱེས་པ་སྔ་མ་ལ་དམ་བཅས་པ་ལག་ལེན་བྱས་པ་དང་། སྐྱེས་པ་དེ་ཆུང་མ་ལ་རྒྱུས་མ་ལོན་པ་དང་འཁང་ར་ནས་སེམས་རྒྱ་གྲོལ་ཏེ་ཆུང་མར་དང་ལེན་དང་དགའ་བ་བྱས་པ། བྱིས་པ་དང་ཕ་གཡར་གཉིས་འགྲིག་མཐུན་བྱུང་སྟེ་ཆེས་ཉེ་བའི་མིར་གྱུར་ལ། བཟའ་མི་གསུམ་པོ་རང་རང་གི་སྡུག་བསྔལ་གྱི་མྱོང་བ་བརྒྱུད་ནས་མཇུག་མཐར་ལས་དབང་གི་སྐུད་རྐྱ་གཅིག་ཏུ་འགྲིལ། བལྟས་ཚོད་ཀྱིས་སྐྱ་མདངས་ཆེ་བའི་གཏམ་རྒྱུད་འདི་དག་གི་ནང་དུ་མདུན་ཕྱོགས་མཐོང་བྱེད་ཀྱི་འོད་སྣང་གིས་ཁེངས་ཡོད་ལ། ཟོན་ཐར་རྒྱལ་ལགས་ཀྱིས་དམ་ལྷོད་རན་ལ་ཆེས་འཇམ་པོའི་ངང་ནས་འོད་སྣང་འདི་མཚོན་པར་བྱས་ཡོད། ཁོང་གི་བརྙན་མིག་ནི་ཞིབ་ཅིང་སྲོང་བོར་སྨྲ་ལ། ཟོལ་ཟོག་དང་བྲལ་སྟེ་མིའི་བརྩེ་གདུང་དག་ཚད་དང་རན་པར་མཚོན་པར་བྱེད།

 

གསར་འགོད་པ།

<<ང་ཡི་ཆང་གསོལ་རོགས>>ཕབ་བསྐྲུན་གྱི་དབུ་ནམ་ཞིག་ལ་བརྩམས་པ་ཡིན།ཕབ་ཡུན་ཅི་ཙམ་འགོར་སོང་།དུས་སྔ་མའི་འཁྲབ་གཞུང་གི་རིམ་པ་ནས་དུས་ཕྱི་མའི་སྒྲིག་བཟོའི་བར་གྱི་གསར་རྩོམ་གྱི་གོ་རིམ་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

 

ཟོན་ཐར་རྒྱལ།

སྤྱིར་ན་ནིང་གི་འཆར་གཞི་ཡིན་ན་གློག་བརྙན་གཞན་པ་ཞིག་ཕབ་སྐྲུན་བྱེད་རྒྱུ་དེ་ཡིན།འཁྲབ་གཞུང་ལོ་གཉིས་ཀྱི་སྔོན་ནས་བྲིས་ཟིན། མིང་ལ<<ལྷ་མོ་དང་དགའ་བྷེ>>ཟེར། ཐེངས་འདིའི་ཕིང་ཡོ་གློག་བརྙན་དུས་སྟོན་དུ་བྱ་དགའ་ཡང་ཐོབ་མྱོང་། ན་ནིང་གི་ཟླ་གསུམ་པ་ཡས་མས་སུ། ང་རང་ཁྲི་འདུར་སོང་ནས་དགེ་རྒན་གཡུང་དྲུང་རྒྱལ་དང་ཁ་བརྡ་བྱས་མུར། ཁོང་གི་ཁ་ནས་བགྲེས་པོ་ཞིག་དང་བོང་བུ་ཞིག་ལྷ་སར་གནས་མཇལ་ལ་ཕྱིན་པའི་གཏམ་རྒྱུད་ཅིག་ཐོས་སོང་། སྔོན་ཆད་བགྲེས་པོ་ཞིག་ལྷ་སར་འགྲོ་བའི་ལམ་བར་ནས། ལམ་ཐོག་ནས་ཁལ་མ་ཞིག་མཁོ་རྐྱེན་བོང་བུ་ཆུང་ཆུང་ཞིག་ཉོས། བོང་བུ་ཆུང་ཆུང་དང་བགྲེས་པོ་གཉིས་ལྷ་སར་འབྱོར་དུས་ཕལ་ཆེར་ལོ་གསུམ་ལྷག་འདས་ཟིན་པས། བུང་བུའང་ལག་ཆགས། དེ་ལྟར་མི་དང་དུད་འགྲོའི་བར་དུ་བརྩེ་བའང་ཆགས། ཡིན་ནའང་གནས་མཇལ་ཚར་རྗེས་བོང་བུ་ཇི་ལྟར་རང་ཁྱིམ་ལ་བསྐྱལ་འདྲེན་བྱའམ། འདི་ལྟ་བུའི་གནད་དོན་ལ་ང་རང་སྤྲོ་བ་ཆེན་པོ་སྐྱེས།གནད་དོན་འདིའང་བགྲེས་པོ་ཁོང་གི་སེམས་ཀྱི་ཁུར་བོ་ཞིག་ཏུ་གྱུར། གློག་བརྙན་གྱི་ངོས་ནས་མཚོན་ན་དོན་དག་འདིར་རྒྱུ་མཚན་ཆེན་པོ་འདུགདཔེར་ན་རླངས་འཁོར་ཞིག་འདི་འདྲའི་ས་ཆ་ཐག་རིང་ཞིག་ནས་ཡུལ་ལ་འདྲུད་རྒྱུ་ཟེར་ན་དོན་དངོས་ལ་འགལ། འཁྲིད་ཟེར་ནའང་དཀའ།ཁ་མལ་དུ་བསྐྱུར་འཇོག་ཟེར་ནའང་སེམས་ཀྱིས་མི་བཟོད།

 

ངས་གཏམ་རྒྱུད་འདི་འཁྲབ་གཞུང་ལ་བཅོས་འདོད་སྐྱེས་བྱུང་། དགེ་རྒན་གཡུང་དྲུང་རྒྱལ་ཀྱང་འཐད་པ་བྱུང་། འཁྲབ་གཞུང་འབྲི་བའི་གོ་རིམ་ཁྲོད་ནས་རིམ་བཞིན་ད་ལྟའི<<ང་ཡི་ཆང་གསོལ་རོགས>>ཀྱི་རྣམ་པ་འདི་གྲུབ།བུད་མེད་ཅིག་གིས་ཁྱོ་ག་སྔོན་མར་ཁས་བླངས་ཟིན་པའི་མནའ་ལྟར། དང་མའི་བགྲེས་པོ་དང་བོང་བུའི་གཏམ་རྒྱུད་ཡལ་བར་གྱུར། མཐའ་མར་ངང་གིས་ཁྱིམ་ཚང་ཞིག་དང་། ཁྱོ་ག་སྔོན་མ་དང་ད་ལྟའི་ཁྱོ་གའི་སེམས་ཚོར་བསྣོལ་མ། ད་དུང་བྱིས་པ་ཞིག་གི་བརྩེ་དུང་གི་འགྱུར་བ་སོགས་ལ་གཞི་བཅོལ་དགོས་བྱུང་སོང་། སླར་བརྗོད་གཞི་འདི་ལྟ་བུ་ཞིག་ཡིན་དོན་ཡང་རང་ཉིད་ཀྱི་གོམས་ཚུལ་ཞིག་ཡིན་པ་འདྲ། རྒྱུ་མཚན་ནི་ངའི་སྔོན་ཆད་ཀྱི་བརྩམས་ཆོས<<དབུས་ལམ་གྱི་ཉི་མ>>ནས<<གཙང་བོའི>>བར། ཐབས་འདི་འཐེན་ཏེ་གསར་རྩོམ་བྱས་པ་ཡིན། འཁྲབ་གཞུང་བྲིས་ཚར་རྗེས་དགེ་རྒན་གཡུང་དྲུང་རྒྱལ་ལ་བསྐུར། དགེན་གཡུང་དྲུང་རྒྱལ་ཀྱང་སེམས་འགུལ་ཐེབས། ཁ་པར་ནས་སྤྲོ་སྣང་གིས་ཁེངས་པའི་སྒོ་ནས། འཁྲབ་གཞུང་དངོས་གནས་ཡག་པོ་འདུག གཏམ་རྒྱུད་ཀྱང་ཁོང་གི་ཕ་ཡུལ་རྒྱལ་རོང་ནས་བྱུང་བ་ཡིན་པས། གོ་སྐབས་དམ་འཛིན་གྱིས་མ་རྩ་གཏང་ན་འདོད་ཅེས་བཤད་སོང་བས་བརྙན་ལེན་རྒྱུའི་རེ་བ་བྱུང་།

 

དང་ཐོག་གློག་བརྙན་འདི་སུ་ཞིག་གིས་འཁྲབ་དགོས་པའི་འཆར་གཞི་མེད་མོད། ངས་འཁྲབ་གཞུང་འབྲི་བའི་གོ་རིམ་ཁྲོད། མི་སྣ་འདི་གཡུང་དྲུང་རྒྱལ་ཁོང་རང་ཉིད་ཀྱིས་འཁྲབ་ན་ལེགས་པའི་བསམ་ཚུལ་ཞིག་བྱུང་། བསམ་འཆར་འདི་ཡུན་རིང་ལ་སྦ་གསང་བྱེད། རྒྱུ་མཚན་ནི་དེ་སྔོན་ཀྱི་གསར་རྩོམ་བྱེད་ཐབས་ལ་སྔོན་དུ་འཁྲབ་སྟོན་པ་བཙལ་རྗེས། དེ་ནས་རིམ་བཞིན་འཁྲབ་སྟོན་པའི་སྣང་བརྙན་ལ་ཞུགས་ནས་འབྲི་སྲོལ་ཆགས་ཡོད། རྗེས་སུ་དགེན་གཡུང་དྲུང་རྒྱལ་དང་ལྷན་དུ་ཆང་འཐུང་བའི་སྐབས་སུ། ཁོང་གིས་ང་ལ་འཁྲབ་སྟོན་པ་མང་བོ་ངོ་སྤྲད་སོང་། དེའི་ཁྲོད་དུ་འཁྲབ་སྟོན་པ་སྐད་གྲགས་ཅན་འགའ་ཤས་ཀྱང་འདུག་མོད། ངས་ཁོ་རང་ཉིད་ཀྱིས་འཁྲབ་ན་འགྲིག་ཅེས་བཤད། ཐོག་མར་ཁོང་གིས་ངའི་སྐད་ཆ་འདི་ཀུ་རེ་ལ་བརྩིས། རྒྱུ་མཚན་སྔོན་ཆད་ཁོང་ཉིདMVལས་གཞན་གློག་བརྙན་གྱི་བརྙན་མིག་ཏུ་འཆར་མྱོང་མེད་ཅིང་རང་ཉིད་ཀྱི་འཁྲབ་སྟོན་ནུས་པ་ལ་ཡིད་ཆེས་མེད། ངས་ཁོང་ལ་སྐུལ་མ་ཡང་ཡང་བྱས་པའི་མཐའ་མར་ཁོང་གིས་འཁྲབ་སྟོན་བྱེད་རྒྱུ་ཐག་གིས་བཅད། དེ་ལྟར་ཕབ་བསྐྲུན་གྱི་འཆར་གཞིའི་རྒྱུན་འཁྱོངས་སོང་། ཟླ་བརྒྱད་པའི་ནང་དུ་རྦད་དེ་ཕབ་བསྐྲུན་མགོ་བརྩམས་པ་ཡིན།

 

གསར་འགོད་པ།

མགྱོགས་པོ་འདུག

 

ཟོན་ཐར་རྒྱལ།

རེད་ཡ། མགྱོགས་པོ་འདུགགཏམ་རྒྱུད་བྱུང་སའི་རི་བོ་སྐུ་བླ་ནི་གཡུང་དྲུང་རྒྱལ་གྱི་ཕ་ཡུལ་རེད། དེ་ནས་མགོ་བརྩམས་ཏེ་ལྷ་སའི་བར་དུ་བླངས། དེར་མཐུད་མཚོ་སྔོན་ནས་བླངས།མཚོ་སྔོན་ནས་ཚར་རྗེས་ཡོངས་སུ་མཇུག་རྫོགས།

 

གསར་འགོད་པ།

དེ་ན་བརྙན་ལེན་ཡུན་ཅི་ཙམ་འགོར་སོང་།

 

ཟོན་ཐར་རྒྱལ།

ང་ཚོས་བར་མཚམས་ཤིག་ཏུ་ཟླ་བ་གཅིག་ལྷག་ཙམ་ལ་ངལ་གསོས་པ་ཡིན། རྒྱུ་མཚན་ནི་དབུས་ལམ་དུ་དུས་ཚོད་ཀྱི་འགྱུར་ཚོར་ཞིག་མཁོ་ཞིང་། བརྙན་གཟུགས་སུ་ཡང་དུས་ཚོད་ཀྱི་འགྱུར་བ་མངོན་པར་བྱེད་དགོས་པས་ཡིན།

 

གསར་འགོད་པ།

དུས་ཕྱིའི་སྒྲིག་བཟོ།

 

ཟོན་ཐར་རྒྱལ།

དུས་ཕྱིའི་སྒྲིག་སྦྱོར་ཡང་ཅུང་མགྱོགས། ཟླ་གཉིས་ལ་བཅད་བཟོ་དང་། དེའི་ཁར་སྒྲ་དང་ཚོས་མདོག་བཅས་བསྣན་ན་ཕལ་ཆེར་ཟླ་བ་གསུམ་བཞི་ཙམ་ཡིན་རྒྱུ་རེད།

 མུ་འགོད།

 

Jietu20181106-220257@2x.jpg

དཔྱད་མཆན་ཡོད།