ཟམ་ཚ་ཚེ་རིང་དོན་གྲུབ་ནས་པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་སྐབས་གནང་བའི་གསུང་བཤད།

Jietu20181021-165620@2x.jpg

ང་ཚོ་འཛོམས་པ་བྱུང་། བསྐལ་བ་བཟང་ངོ་། ང་རང་ཉིད་ནས་ཤིན་ཏུ་ལས་ཀྱང་ཨེ་མ་ཧོ། རྨད་བྱུང་། བསྐལ་བ་བཟང་བསམ་གྱིན་ཡོད། དེ་གཅིག་ཡིན། དེ་རིང་ང་རང་འདིར་ཡོང་བའི་རྒྱུ་མཚན་ནི།      ང་ནི་གློག་བརྙན་ཤེས་མཁན་དང་རྒྱུན་དུ་གློག་བརྙན་ལ་དོ་སྣང་བྱེད་ཐུབ་མཁན་ཞིག་མིན།  གློག་བརྙན་གྱི་རྒྱུ་མཚན་ཡང་མི་ཤེས།         ཁྱད་པར་ཅན་དུ་གློག་བརྙན་གྱི་མགོ་མཇུག་བར་གསུམ་དུ་ཕྲ་ཞིང་ཞིབ་པའི་ངང་དོ་སྣང་བྱས་པ་དེ་འདྲ་མིན།  འོན་ཀྱང་།    ཁ་སང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཨ་མཆོག་བྱམས་ཕྲུག་གིས་ཁ་པར་གྱི་ལམ་ནས་ནོར་ལྕི་དམངས་སྲོལ་གཞིས་ཀ་ཚང་གི་སྐུ་ཚབ་བྱས་ནས་སྐད་ཆ་འགའ་བཤད་དགོས་ཟེར་ནས་ཡོང་བ་ཡིན།   

0af7150a0e286a4c73ac56e4a73fc74b.jpg

དེ་རིང་ང་ཡོང་དོན་ནོར་ལྕི་ཚང་གི་སྐུ་ཚབ་ཡིན། འདིར་ཡོང་ནས་སྐད་ཆ་འགའ་བཤད་བསམ་པ་དང་རྗེས་སུ་ཡི་རངས་བྱེད་པའི་རྒྱུ་མཚན་ཅི་ཡིན་ཟེར་ན།    ང་ནོར་ལྕི་ཚང་གི་སྐུ་ཚབ་ཡིན་པའི་རྒྱུ་མཚན་གྱིས་དེ་རིང་བོད་ཀྱི་གློག་བརྙན་གྱི་རིག་གནས་དང་ཡང་ན་བོད་ཀྱི་གློག་བརྙན་གྱི་རིག་གནས་འདི་གསར་དུ་དར་བ་ཞིག་ཡིན་པ་དང་།  ཁྱད་པར་དུ་དེང་རབས་བོད་ཀྱི་ན་གཞོན་རྣམས་ཀྱི་སྙིང་སྟོབས་དང་རྣམ་དཔྱོད་མཚོན་པའི་ལས་རིགས་ཤིན་ཏུ་ནས་ཀྱང་གལ་ཆེན་ཞིག་རེད། གལ་ཆེན་ཡིན་པ་འདི་བསང་ཁོག་གི་ནོར་ལྕི་གཞིས་ཀ་ཚང་ནས་འཚོག་ཐུབ་པ་འདི་ཡིན་པ་གང་རེད་ཟེར་ན་རིག་གནས་པའི་སྡེ་དང་ཡང་ན་སྒྱུ་རྩལ་བའི་སྡེ་ཁག་དང་། དཔལ་འབྱོར་ཁེ་ལས་པ་གཉིས་ཟུང་དུ་སྦྲེལ་བའི་ཆེ་ན་ཆུང་ན་ལས་ཀ་མཆོག་ཏུ་གྱུར་བ་ཞིག་ཡིན་པར་འདོད། དེ་ལྟར་བསམ་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། དེ་ལ་སྔོན་ལ་གཏམ་རྒྱུད་ཅིག་བཤད་རྒྱུ་ཡོད་པ་རེད། གནའ་སྔ་མོའི་དུས་སུ་དྲི་ཟའི་རྒྱལ་བོ་རྟ་མགོ་ཅན་ལ་བཙུན་མོ་གཉིས་ཡོད་པ་རེད། བཙུན་མོ་གཅིག་ནི་དབྱངས་ཅན་མ་ཡིན་པ་དང་། བཙུན་མོ་གཅིག་ནི་ནོར་སྦྱིན་ལྷ་མོ་ཡིན་ཟེར་བ་རེད། དེ་ཟེར་དགོས་པའི་རྒྱུ་མཚན་ནི་རིག་བྱེད་ཀྱི་གཏམ་རྒྱུད་ནང་དུ་ཨ་ལགས་དོར་ཞི་ཚང་གིས་དེ་འདྲ་ཞིག་བྲིས་ཡོད་དེ། དེ་ཡིན་ན། བཙུན་མོ་གཉིས་ནི་རྒྱལ་བོ་གཅིག་གི་ཡིན་པས། ཐུན་མོང་ལ་དབང་བ་རྩོད་པའི་ཆེད་ཡིན་པས་རྒྱལ་བོ་འཕྲོག་རྩོད་བྱ་དགོས་པ་བྱུང་། དེ་བས། ནོར་སྦྱིན་མ་དང་དབྱངས་ཅན་མ་གཉིས་ཕན་ཚུན་ཕྲག་དོག་དང་མི་དགའ་བའི་དབང་གིས། དུས་རྒྱུན་དུ་དབྱངས་ཅན་མར་དད་པ་རྣམས་ལ་ནོར་མེད་པ་དང་སྤྲང་བོ་གྱུར་བ་དང་ནོར་སྦྱིན་མས་ཕྲག་དོག་བྱེད་པས་ཡིན་དེ་ཟེར་བ་རེད། ནོར་སྦྱིན་མར་དད་པ་ཡོད་མཁན་རྣམས་ནོར་ཡོད་ཀྱང་ཤེས་རབ་མེད་ཞེས་རིག་བྱེད་གཏམ་རྒྱུད་ཅིག་བཤད་རྒྱུ་ཡོད། ཡིན་པ་རིག་བྱེད་ཀྱི་གཏམ་རྒྱུད་འདི་ལ་བརྟེན་ནས་གནའ་སྔ་མོ་ནས་བཟུང་རྒྱུ་འབྱོར་བ་ཅན་ལ་ཡོན་ཏན་མེད་པ་དང་། ཤེས་རབ་ཅན་དང་ཡོན་ཏན་ཅན་ལ་རྒྱུ་ནོར་ལོངས་སྤྱོད་ཀྱི་དཀའ་ཁག་ཡོད་པའི་རྣམ་པ་དེ་རིག་བྱེད་ཀྱི་གཏམ་རྒྱུད་ཀྱི་གཏམ་རྒྱུད་སྒོ་ནས་བཤད་པ་ཡིན། གནའ་སྔ་མོའི་དུས་རབས་དེ་འདྲ་རེད། ཁ་སང་དེ་རིང་གི་དུས་རབས་ག་འདྲ་ཞིག་རེད་ཟེར་ན། རིག་བྱེད་ཀྱི་གཏམ་རྒྱུད་ལྟར་ན་དབྱངས་ཅན་མ་དང་ནོར་སྦྱིན་མ་གཉིས་མཐུན་སྒྲིལ་བྱེད་པའི་དུས་རབས་ཤིག་ལ་ཐུག་ཡོད་པ་རེད། དེ་ཅི་ཡིན་ཟེར་ན། ཆེ་ཕྱོགས་ནས་ཤེས་རིག་གི་དཔལ་འབྱོར་དུས་རབས་སམ་དུས་རབས་ཉེར་གཅིག་པ་དེ་འདྲ་ཞིག་ཡིན་ཟེར་གྱི་ཡོད་པ་རེད།  ཤེས་རིག་གི་དཔལ་འབྱོར་དུས་རབས་ནི་ཕར་དེད་ན་བོད་རང་གི་རིག་གནས་འདི་རིག་བྱེད་ཀྱི་གཏམ་རྒྱུད་ལྟར་ན། དབྱངས་ཅན་མ་དང་ནོར་སྦྱིན་མ་གཉིས་མཐུན་སྒྲིལ་ཡོང་བའི་དུས་རབས་ཤིག་ཡིན་ཞེས་དེ་ལྟར་ཟེར་ཀྱིན་ཡོད་པ་རེད།    དེ་ཅིའི་ཕྱིར་ཟེར་དགོས་ཤེ་ན། དཔལ་འབྱོར་གོང་འཕེལ་འགྲོ་དགོས་ན་ཚན་རིག་དང་ཤེས་བྱ། རྣམ་དཔྱོད་མེད་ན་དཔལ་འབྱོར་གོང་འཕེལ་འགྲོ་མི་སྲིད། ཡང་རིག་གནས་པའི་སྡེ་ལ་དཔལ་འབྱོར་གྱི་མཐུན་རྐྱེན་མ་འཛོམས་ན། དཔེ་བླངས་ན་དཔེ་ཆ་དཔེ་སྐྲུན་བྱ་དགོས་ན།   གློག་བརྙན་ཕབ་སྐྲུན་བྱ་དགོས་ན་རིག་གནས་ཀྱི་བྱ་བ་གང་དང་གང་ཞིག་བསྒྲུབ་དགོས་ན་དཔལ་འབྱོར་གྱི་མཐུན་རྐྱེན་མེད་ན་བསྒྲུབ་མི་ཐུབ་པ་དང་། དེ་ཡིན་ན། ཤེས་རིག་གི་དཔལ་འབྱོར་དུས་རབས་སུ་དབྱངས་ཅན་མ་དང་ནོར་སྦྱིན་མ་གཉིས་མཐུན་སྒྲིལ་བྱེད་དགོས། 

དེ་རིང་གི་ཚོགས་འདུ་འདི་ལྟ་བུ་ལ་མཚོན་ན་དབྱངས་ཅན་མ་དང་ནོར་སྦྱིན་མ་གཉིས་མཐུན་སྒྲིལ་ཡོང་བའི་སྒང་ཡིན་པ་ལྟ་བུ་དང་ཡང་ན་མགོ་ཚུགས་པ་ལྟ་བུ་ཡིན་པའི་རྒྱུ་མཚན་གྱིས་ད་ནས་བཟུང་སྟེ་རིག་གནས་པའི་སྡེ་དང་ཁེ་ལས་པའི་སྡེ་ཁག་གཉིས་ཟུང་འབྲེལ་བྱས་ནས་ཕན་ཚུན་གཅིག་གྲོགས་གཅིག་ཏུ་འགྲོ་དགོས་པ་དང་གཅིག་གིས་གཅིག་ལ་རྒྱབ་འགལ་དུ་མི་འགྲོ་བ།     དེ་ཡིན་ན་ཁེ་ལས་པ་ཞིག་ཡིན་ན་རྒྱུ་ནོར་ལོངས་སྤྱོད་མང་པོ་ཞིག་བཙལ་བཙལ་བའི་ཐ་མ། གཞན་ཕན་དང་རིག་གནས། སྤྱི་ཚོགས་ལ་ཞབས་ཞུའི་རིགས་མ་བསྒྲུབ་ཚེ་ནོར་ལོངས་སྤྱོད་ཀྱང་ཡུན་རིང་དུ་དར་མི་ཐུབ་ལ། ནོར་ལོངས་སྤྱོད་རྐྱང་རྐྱང་མཁོ་བར་བསམ་ཚེ་སྙིང་བོ་ཡང་མི་འདུག ཁ་ལས་ཡང་མི་དགེ་བ་དེ་འདྲ་རེད།   དེ་ཡིན་པའི་རྒྱུ་མཚན་གྱིས་དེ་རིང་གི་ཚོགས་འདུ་བསྡུས་དོན་འདི་གཅིག་ནས་ཁེ་ལས་པ་དང་རིག་གནས་སྡེ་ཁག་གཉིས་གཅིག་གྲོགས་གཅིག་ལ་སྡོངས་གྲོགས་བྱས་ཏེ། བོད་ཀྱི་སྐད་དང་ཡི་གེ་རིག་གནས་རིན་པོ་ཆེ་གོང་འཕེལ་ལ་གཏོང་བའི་སྙིང་སྟོབས་གཅིག་སྒྲིལ་ལ་ཡོང་བའི་མགོ་ཚུགས་པ་དང་ང་རང་གིས་རྗེས་སུ་ཡི་རངས་དང་མི་འོངས་པ་ན་འདི་དང་འདིའི་རིགས་སུ་གྱུར་བ་མང་བོ་ཞིག་བྱུང་བའི་རེ་བ་ཞུས་པ་ཡིན། འདི་ནི་ངའི་རེ་བ་དང་པོ་ཡིན། དེ་ནི་བཤད་བྱ་གཅིག་ཡིན།

Jietu20181021-165757@2x.jpg

དེ་ནས་རེ་བ་གཉིས་པ་ཡིན་ན་གློག་བརྙན་སྐོར་ཡིན། སྤྱིའི་ཆ་ནས་བཤད་ན་དེང་རབས་ཀྱི་རྒྱལ་ཁབ་སོ་སོའི་ཆ་ནས། གློག་བརྙན་དང་བརྙན་འཕྲིན་འདི་རིག་གནས་ཀྱི་འཚོ་བ་གལ་ཆེན་ཨང་དང་པོ་དང་གཙོ་བོ་ལྟ་བུ་རེད། དེ་ཡིན་ན་འུ་ཅག་རྗེས་སུ་ལུས་སོང་བ་རེད། རྗེས་སུ་ལུས་ཀྱང་སྐྲག་མི་དགོས།  སྐྲག་མི་དགོས་པའི་རྒྱུ་མཚན་ནི་འུ་ཅག་ལ་གློག་བརྙན་གྱི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལྟ་བུའི་དབུ་ཁྲིད་པའི་རྗེས་སུ་འདིར་བཞུགས་ཀྱི་ན་གཞོན་འཁྲབ་ཁྲིད་པ་ཆུང་ཆུང་དག་གིས་ཀྱང་བྱ་བ་རླབས་ཆེན་འདི་འདྲ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་དུ་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་བ་འདི་ཤིན་ཏུ་ལས་ཀྱང་དགའ་འོས་པའི་བྱ་བ་ཞིག་རེད། གློག་བརྙན་གྱི་ཕན་ཡོན་ཐད་ནས་བོད་རང་གི་རིག་གནས་ཐད་ནས་བཤད་ན་ཟློས་གར་རིག་གནས་གྱི་ཁོངས་སུ་གཏོགས་པ་ཡིན། ཡང་ན་ཟློས་གར་འདི་ཇི་འདྲ་རེད་ཟེར་ན་བོད་ཀྱི་རིག་གནས་ཆུང་བ་ལྔའི་ཁོངས་སུ་གཏོགས་པ་ཡིན། ཡང་ན་ཟློས་གར་འདི་ཇི་རེད་ཟེར་ན་བོད་ཀྱི་རིག་གནས་ཆུང་བ་ལྔའི་ཡ་གྱལ་རེད། དེ་ནི་གནའ་སྔ་མོ་ནས་བཟུང་བརྡ་སྤྲོད་བྱེད་ཕུན་སུམ་ཚོགས་པ་ཞིག་རེད། བརྡ་སྤྲོད་བྱེད་གང་རེད་ཟེར་ན་མི་གཞན་ལ་གོ་བར་བྱེད་པ་ལ་ཟེར་བ་ཡིན། གོ་བར་བྱེད་པ་ལ་གནའ་སྔ་མོ་ནས་སྐད་དང་ཡི་གེ རི་མོ། རོལ་མོ། བྲོ། གླུ། དབྱངས། འདི་དག་ཐམས་ཅད་ཀྱི་རྣམ་གཞག་གི་རིག་གནས་ནི་ཟློས་གར་རིག་པ་ཡིན་པ་མ་ཟད་ཕུན་སུམ་ཚོགས་པ་སྔོན་ལ་བོད་ལ་དར་བ་རེད། འོན་ཀྱང་ཚན་རིག་ལག་རྩལ་གྱི་རྗེས་སུ་ལུས་པའི་རྒྱུ་མཚན་གྱིས་གློག་བརྙན་སོགས་དར་བ་འཕྱི་བ་རེད།    དར་བ་འཕྱི་ཡང་གློག་བརྙན་ཕར་དེད་ན་གནའ་སྔ་མོ་ནས་ཟློས་གར་རིགས་པའི་ཁོངས་སུ་འདུ་བ་ལྟ་བུ་རེད།   དེ་ཡིན་ན་སྲོལ་རྒྱུན་ཡིན་ལ་ཁ་སང་དེ་རིང་གསར་དུ་དར་བ་འདི་ཡ་མཚན་པ་རེད།   

 དེར་མ་ཟད་གློག་བརྙན་གྱི་ཕན་ཡོན་ཐད་ནས་ཅུང་ཟད་རེ་བཤད་ན།    སྤྱིའི་ཆ་ནས་བཤད་ན་གློག་བརྙན་ལྟ་བུའི་སྒྱུ་རྩལ་རྣམ་གཞག་འདི་སྒྱུ་རྩལ་གཞན་པའི་སྟེང་ན་གཅིག་ཀྱང་མེད། འདིའི་སྟེང་ན་གླུ་དང་རོལ་མོ་ཡོད་ལ།  དབྱིབས་དང་ཁ་དོག གར་གྱི་ཉམས་བརྒྱད་པོ་ཀྱང་འདིའི་སྟེང་ན་ཡོད། རྩོམ་རིག་ཀྱང་འདིའི་སྟེང་ན་ཡོད་པས་ཕལ་ཆེར་མེད་པ་ཞིག་མེད་པ་འདྲ་བའི་ཁྱད་དུ་འཕགས་པའི་རྣམ་གཞག་སྒྱུ་རྩལ་ཞིག་ཡིན། མ་ཟད་འདི་ནས་ལོ་རྒྱུས་ཤིག་ཟིན་བྲིས་འདེབས་དགོས་ཚེ་ཆ་སྙོམས་པའི་ཟིན་བྲིས་འདེབས་ཐུབ་པ་དང་། འདིས་ཕ་རོལ་བ་དང་མང་ཚོགས་ལ་རིག་གནས་དང་བསམ་བློ། ཕྱོགས་གང་ཐད་ནས་སློབ་གསོ་གཏོང་དགོས་ཚེ། འདི་འདྲིའི་ཆ་ཚང་ལ་མྱུར་མགྱོགས་ལྡན་ལ། ཐད་ཀར་དུ་གཏོང་ཐུབ་པ་ལྟ་བུ་གློག་བརྙན་སྒྱུ་རྩལ་ལྟ་བུ་གཞན་དང་དང་གཞན་གྱིས་མི་ཡོང་བ་ལྟ་བུ་རེད། དེ་ཡིན་པའི་རྒྱུ་མཚན་གྱིས་གློག་བརྙན་སྒྱུ་རྩལ་ལྟ་བུ་གཞན་དང་གཞན་གྱིས་མི་ཡོང་བ་ལྟ་བུ་རེད། དེ་ཡིན་པའི་རྒྱུ་མཚན་གྱིས་གློག་བརྙན་འདི་ལ་བློ་འབྱེད་སློབ་གསོའི་ཕན་ཡོན་རྒྱ་ཆེན་པོ་འདུག །ལོ་རྒྱུས་ཞིག་ཟིན་ཐོ་འགོད་ན་ཡང་གློག་བརྙན་ལྟ་བུ་མི་ཡོང་། དཔེར་ན། རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལྟ་བུ་མཚོན་ན། རྣམ་ཐར་བཤད་ནས་ཡིག་ཐོག་ལ་བཀོད་ཡོད་ན་ཡང་མི་འདང་ས་མང་།    དཔེར་ན། རྒྱལ་བོ་དྲི་མེད་ཀུན་ལྡན་གྱི་ཆ་བྱད་ལྟ་བུ་རི་མོར་འབྲི་དགོས་ན། ན་བཟའ་ཇི་ལྟ་བུ་དང་གོན་ཡོད་པ་སོགས་འབྲི་དགོས་ན་ཧ་ཅང་དཀའ་མོ་རེད།

འོན་ཀྱང་། གློག་བརྙན་ལྟ་བུ་ལ་མཚོན་ན་དེའི་ཆ་ཡོངས་སུ་རྫོགས་པ་གཟུགས་བརྙན་བཞིན་དུ་ཤར་རྒྱུ་ཡོད་པ་དེ་འདྲ་རེད།    གང་ལྟར་ཀྱང་གློག་བརྙན་སྒྱུ་རྩལ་དང་གློག་བརྙན་རིག་གནས་འདི་རྒྱལ་ཁབ་སོ་སོ་ལ་དར་མོད་བོད་ལ་ད་རག་བར་དུ་སྐལ་ཆད་ཡོད།     ཡང་ན་འདི་ན་བཞུགས་པ་དང་ཡང་ན་གཞན་དང་གཞན་ཐམས་ཅད་ཀྱི་བཀའ་དྲིན་ལ་བརྟེན་ནས་ད་གཟོད་འུ་ཅག་ཀྱང་རིམ་གྱིས་གོ་སྐབས་རག་གིན་ཡོད་པ་རེད།    དེའི་རྒྱུ་མཚན་གྱིས་ངོ་མས་རྗེས་སུ་ཡི་རངས་བྱེད་པ་མ་ཟད་རེ་བ་ཆེན་པོ་ཡོད་པ་རེད། 

Jietu20181021-170213@2x.jpg

རེ་བ་ཡོད་པ་གཅིག་གང་རེད་ཟེར་ན་འདི་ན་བཞུགས་པའི་ན་གཞོན་རྣམས་ཀྱིས་མཚོན་པའི་བོད་མི་རིགས་ནི་རྣམ་དཔྱོད་ཅན་དང་སྙིང་སྟོབས་ཅན་གྱི་མི་རིགས་ཤིག་ཡིན་པའི་སྟབས་ཀྱིས་བྱ་བ་གང་དང་གང་ལ་ཡང་དང་དུ་བླངས་ན་མི་འགྲུབ་པ་མེད་ལ། ལེགས་འགྲུབ་མི་ཡོང་བ་མེད་པའི་མི་རིགས་ཤིག་ཡིན་པའི་རྒྱུ་མཚན་གྱིས་རེ་བ་ཡོད་པ་གཅིག་དེ་ཡིན། གཉིས་ནི་གློག་བརྙན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་རེད། གློག་བརྙན་གྱི་ཐོན་ཁུངས་གང་རེད་ཟེར་ན་རིག་གནས་དང་ལོ་རྒྱུས་རེད། དེ་ནས་ཕ་ས་ཕ་ཡུལ་རེད། འདི་ཐམས་ཅད་ཀྱི་ཆ་ནས་མདོ་དབུས་མཐོ་སྒང་གི་འདིའི་སྟེང་ན་ཡོད་པའི་བོད་རིགས་ཀྱི་ཕྱི་ཡུལ་གྱི་བཀོད་པ། ནང་བཅུད་ཀྱི་སེམས་ཅན། དེ་མ་ཟད་བོད་མི་རིགས་ཀྱི་སེམས་རྒྱུད་ན་ཡོད་པའི་མདོ་སྔགས་རིག་གནས་དང་བཅས་པ། གེ་སར་རྒྱལ་པོའི་སྒྲུང་། ཡང་སྐྱེ་བོ་དམ་པ་རྣམས་ཀྱི་རྣམ་ཐར། བསྟན་བཅོས་ཐམས་ཅད་རི་བོའི་གཏོས་དང་མཉམ་པ་ཡོད། འདི་ཐམས་ཅད་གློག་བརྙན་ལ་ཕབ་ཐུབ་ན། འཛམ་གླིང་མི་དམངས་གིས་ཡང་དགའ་བསུ་མི་ཐོབ་རང་ཐོབ་རེད། འདི་ནི་རྒྱབ་ཁབ་སྟོབས་ལྡན་ཞིག་གི་གཟུགས་བརྙན་བཞིན་དུ་བསྟན་ནས་ཡོང་ན་ལོ་མང་པོ་ཞིག་ལ་བསྟན་ཀྱང་ཚར་རྒྱུ་མེད་པ་ལྟ་བུའི་གློག་བརྙན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ལྟ་བུ་ཞིག་རེད།      གཏེར་ཁ་ཧ་ཅང་ཡ་མཚན་པ་ཧ་ལས་དགོས་པ་ཞིག་རེད། འུ་ཅག་མང་ཆེ་བ་བོད་ཡུལ་གྱི་ས་འོག་ན་གཏེར་ཁ་གསེར་དངུལ་ཟངས་ལྕགས་གྱི་གཏེར་ཁ་ལ་ཡ་མཚན་གྱི་ཡོད་པ་རེད། དེ་ལས་ཀྱང་ཧ་ལས་དགོས་པ་ནི་བོད་མི་རིགས་ཀྱི་རྒྱུད་ན་ཡོད་པའི་རིག་གནས་ཀྱི་གཏེར་ཁ་དང་། གློག་བརྙན་གྱི་རྒྱུ་ཆ་ནི་ངོ་མ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་རེད། དེ་ཡིན་ན། ཨེ་མ་ཧོ། རྨད་དུ་བྱུང་། བསྐལ་བ་བཟང་། འདིར་བཞུགས་པའི་འཁྲབ་ཁྲིད་པ་དང་གློག་བརྙན་འཁྲབ་སྟོན་པ་ཚང་མ་བྱ་བ་ལེགས་འགྲུབ་ཡོང་བར་སྨོན། ཁ་དྲོ། བཀྲ་ཤིས། ངས་སྐད་ཆ་བཤད་པ་མང་དྲགས་སོང་། གློག་བརྙན་སྐོར་ནས་བཤད་ཡང་མི་ཤེས་བས། དེ་ཙམ་གྱིས་ཆོག་པར་བྱ། བཀའ་དྲིན་ཆེ།


ཟུར་བཀོད། 

1. པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་མགོ་ཚུགས་ལ་ཉེ། http://www.filmtbt.com/news/dok/2018-08-23/895.html

2. པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་གྱི་ཁྱབ་སྒྲོག་བརྙན།  http://www.filmtbt.com/active/movie/2018-09-02/897.html

3. པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་སྐབས་ཀྱི་ཚོགས་ཞུགས་པ་འགར་བཅར་འདྲི། http://www.filmtbt.com/bra-movie/2018-09-13/905.html

4. པྲ་མིག་བོད་ཀྱི་གློག་བརྙན་དུས་སྟོན་གཟབ་རྒྱས་ངང་མཇུག་སྒྲིལ།  http://www.filmtbt.com/news/dok/2018-08-28/896.html


ཀན་ལྷོའི་བསང་ཁོག་རྩྭ་ཐང་གི་ནོར་ལྕི་དམངས་སྲོལ་གཞིས་ཀ 

WechatIMG1764.jpeg

WechatIMG1761.jpeg

WechatIMG1760.jpeg

དཔྱད་མཆན་ཡོད།