«ཆུ་ལྷམ་ཆུང་ཆུང»ཕོ་ལན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད་པ།

བོད་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ལྟ་སྐུལ་བྱས་ཤིང་། ན་གཞོན་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་བོད་བརྙན་བརྩམས་ཆོས་གསར་བ་སྟེ《ཆུ་ལྷམ་ཆུང་ཆུང》ཞེས་པ་ཕོ་ལན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་རེ་བརྒྱད་པའི་གཞོན་རབས་གསར་བའི་རྟིང་རྩོད་འགྲན་སྡུར་གྱི་སྡེ་ཚན་ནང་ཚུད་པའི་འཕྲིན་བཟང་འབྱོར་འདུག

640.jpg

དེ་རིང་ཕོ་ལན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་རེ་བརྒྱད་པའི་གཞུང་ཕྱོགས་ནས་གཞོན་རབས་གསར་བའི་རྟིང་རྩོད་འགྲན་སྡུར་གྱི་སྡེ་ཚན་ནང་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་ལས་ཤེས་གསལ་ལྟར་ན། ན་གཞོན་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས《ཆུ་ལྷམ་ཆུང་ཆུང》ཞེས་པ་བདེ་བླག་ངང་གཞོན་རབས་གསར་བའི་རྟིང་རྩོད་འགྲན་སྡུར་གྱི་སྡེ་ཚན་ནང་ཚུད་འདུག གློག་བརྙན་འདིའི་ལྟ་སྐུལ་བ་ནི་མིང་དུ་གྲགས་པའི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འགན་བཞེས་ཡོད་ཅིང་། ན་གཞོན་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱིས་འཁྲབ་གཞུང་བརྩམས་ཤིང་། འཁྲབ་ཁྲིད་པའི་འགན་གཅིག་ལྕོགས་སུ་ཁུར་ཡོད། མིང་དུ་གྲགས་པའི་བརྙན་ལེན་པ་ལོའེ་སུང་ཡེས་བརྙན་ཕབ་མཛུབ་སྟོན་པའི་འགན་ཁུར་ཡོད། ན་གཞོན་གློག་བརྙན་བཟོ་སྐྲུན་ཁང་གི་བཟོ་གྲྭའི་འགན་འཛིན་ཟུར་པ་ཁྲིན་ཀྲུང་གོ་དང་པེ་ཅིང་གློག་བརྙན་སློབ་གླིང་གི་རྩོམ་རིག་སྡེ་ཁག་གི་དགེ་རྒན་མཱང་ཀྲུང་གཉིས་ཀྱིས་བཟོ་སྐྲུན་པའི་འགན་ཁུར་ཡོད།

345.jpg

333.jpg

གློག་བརྙན་འདི་ནི་བྱིས་པ་དང་འབྲེལ་བའི་གློག་བརྙན་བརྩམས་ཆོས་ཤིག་སྟེ། རྩོམ་པ་པོ་ཆུ་ནག་ཚེ་རིང་དོན་འགྲུབ་ལགས་ཀྱི་སྒྲུང་ཐུང《དབང་གྲགས་ཀྱི་ཆུ་ལྷམ》ཞེས་པ་ལས་བཅོས་སྒྲིག་བྱས་པ་ཡིན་ལ། དེ་ལས། བོད་ཡུལ་གྱི་རོང་ཕྱོགས་ས་ཁུལ་ན་འཚོ་བ་རོལ་བཞིན་པའི་བྱིས་པ་དབང་གྲགས་ཀྱིས་ནམ་རྒྱུན་མཛེས་ཤིང་ཡིད་དུ་འོང་བའི་ཆུ་ལྷམ་ཆ་གཅིག་ཐོབ་པར་རེ་ཞིང་། དེ་ལྟར་ཡུན་རིང་བསྒུགས་པའི་མཐའ་མར་ཁོའི་རེ་བ་དོན་ཐོག་ཏུ་སྨིན་སྟེ་ཆུ་ལྷམ་ཆ་གཅིག་ཐོབ་སོང་ནའང་། ཆར་བ་དུས་ཐོག་ཏུ་མ་བབས་པས། ཆར་ཞིག་འབབ་པའི་རེ་བ་ལས་བྱུང་བའི་དགོད་བྲོ་ལ་ངུ་ཡང་སྐྱེན་པའི་གཏམ་རྒྱུད་ཅིག་ཡིན།

གློག་བརྙན་འདིའི་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱིས་བཤད་རྒྱུར། འཁྲབ་སྟོན་པ་ཆུང་ཆུང་འབྲུག་ལྷ་རྡོ་རྗེ་དང་ཕག་མོ་གཡང་སྒྲོན། དེ་མིན་ཕ་མ་འཁྲབ་པའི་འཁྲབ་སྟོན་པ་སྦྱིན་པ་དང་བྱམས་མ་སྐྱིད་སོགས་འཁྲབ་སྟོན་པ་མང་པོའི་ངོ་མཚར་ཡིད་དུ་འོང་བའི་འཁྲབ་སྟོན་སྒྱུ་རྩལ་གྱིས་གློག་བརྙན་ཁྲོད་ཀྱི་མི་སྣའི་སྣང་བརྙན་དང་ནང་སེམས་ཀྱི་འཇིག་རྟེན་རྣམ་པ་དེ་གསལ་རྗེན་དུ་མངོན་ཐུབ་ཡོད་ལ། ཅུང་མི་འགོར་བར་འབྲེལ་ཡོད་ལས་སྣེ་པ་དག་དང་ལྷན་དུ་འཇར་མན་དུ་ཕྱིན་ནས། ཕོ་ལན་གློག་བརྙན་དུས་སྟོན་དུ་ཞུགས་རྒྱུ་ཡིན། གློག་བརྙན་བརྩམས་ཆོས་འདི་ཧ་ལམ༢༠༡༨ལོའི་ལོ་དཀྱིལ་ཙམ་དུ་རྒྱ་ཆེ་བའི་གཟིགས་མོ་བ་ལྷན་རྒྱས་ཀྱི་སྦྱན་ལམ་དུ་བསྟར་རྩིས་ཡོད།

གློག་བརྙན་འདིའི་ཕབ་སྐྲུན་ཕྱོགས་དང་པོ་ནི་ཧེ་ཉུན་ཡོན་ཧྲི་རིག་གནས་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་ཟི་ཡིན་ལ། གཉིས་པ་ནི་ན་གཞོན་གློག་བརྙན་བཟོ་སྐྲུན་ཁང་། གསུམ་པ་ནི་མཚོ་སྔོན་ཁ་བ་ཅན་གློག་བརྙན་ཀུང་ཟི་བཅས་ཡིན།

44444.jpg

འཁྲབ་ཁྲིད་པ་ངོ་སྦྱོར་རགས་བསྡུས།   

    ལྷ་དཔལ་རྒྱལ། སྤྱི་ལོ༡༩༨༩ལོའི་ཟླ༥པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དུ་སྐྱེས་ཤིང་། དེང་རབས་བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་ཞིག་ཡིན། པེ་ཅིང་གློག་བརྙན་སློབ་གླིང་ནས་སློབ་མཐར་ཕྱིན། སྔོན་ཆད་སློབ་གཉེར་བྱེད་སྒང་ལ་བརྙན་ཐུང་བརྩམས་ཆོས་མང་པོ་གསར་རྩོམ་བྱས་ཤིང་། གདེང་འཇོག་ཀྱང་མི་དམན་པ་ཐོབ། ལོ་དུ་མའི་རིང་རྒན་པདྨ་ཚེ་བརྟན་གྱི་རྗེས་འབྲངས་ནས་གློག་བརྙན་ལ་སྦྱང་བ་མཛད་ཅིང་། མིང་དུ་གྲགས་པའི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས《ཐར་ལོ》ཡི་ལག་བསྟར་འཁྲབ་ཁྲིད་པའི་འགན་ཁུར།《ལོ་བརྒྱད་ཀྱི་སྟེང》ཞེས་པ་དང《ཆུ་མིག་ཁྲོད་ཀྱི་རལ་གྲི》སོགས་ཕུལ་བྱུང་བརྩམས་ཆོས་མང་དག་ཅིག་ལ་ལག་བསྟར་འཁྲབ་ཁྲིད་པ་བྱས་མྱོང་བས། གསར་རྩོམ་ལག་ལེན་གྱི་ཉམས་མྱོང་ངེས་ཅན་ཞིག་རྒྱུད་ལ་འབྱོར་ཡོད།《ཆུ་ལྷམ་ཆུང་ཆུང》ཞེས་པ་ནི་ཁོང་གི་བརྩམས་ཆོས་རིང་གྲས་ཀྱི་ཐོག་མ་དེ་ཆགས་ཡོད།

དཔྱད་མཆན་ཡོད།