«ལག་དམར།» བོད་ཀྱི་གློག་བརྙན་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་གསར་པ་ཞིག

     

微信图片_20180911002119.jpg

             ཟླ༩པའི་ཚེས༨ཉིན་སྐབས༧༥པའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་བྱ་དགའ་སྟེར་བའི་མཛད་སྒོ་དངོས་སུ་ཚོགས་འགོ་བརྩམས། ལྟ་སྐུལ་བ་ཝང་ཅཱ་ཝེ་དང་ཙི་ཏུང་གློག་བརྙན་གཉིས་ཀྱིས་ཕབ་བསྐྲུན་གནང་ཞིང་པད་མ་ཚེ་བརྟན་གྱིས་འཁྲབ་ཁྲིད་གནང་པའི་གློག་བརྙན་གསར་པ《ལག་དམར》ཞེས་པས་ཐེངས་འདིའི་གནམ་སའི་འབྲེལ་མཚམས་སྡེ་ཚན་གྱི་འཁྲབ་གཞུང་རྩེ་གྲའི་གཟེངས་རྟགས་བླངས། འདི་ནི་ཐེངས་འདིའི་ཝེ་ནཱ་སིའི་གློག་བརྙན་དུས་ཆེན་སྟེང་བྱ་དགའ་གལ་ཆེ་ཤོས་ཐོབ་པའི་ཀྲུང་གོའི་གློག་བརྙན་གཅིག་པུ་དེ་ཡིན་པ་མ་ཟད། འདི་ནི་པད་མ་ཚེ་བརྟན་གྱིས་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གསུམ་གྱི་སྟེང་ནས་བླངས་པའི་བྱ་དགའ་གལ་ཆེ་ཤོས་དེ་ཆགས་ཡོད་པས། འདི་ནི་བོད་ཀྱི་གློག་བརྙན་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་གསར་པ་ཞིག་གོ

微信图片_20180911002135.jpg

                གློག་བརྙན《ལག་དམར》ནི་པད་ཚེའི་གློག་བརྙན་གཞན་དག་དང་མི་འདྲ་བར་ཁ་མཚར་དང་གཞུང་ལམ་འདྲེས་མའི་གློག་བརྙན་ཁྱད་པར་ཅན་ཞིག་ཡིན་པས། ཟླ༩པའི་ཚེས༤ཉིན་འཛམ་གླིང་ཡོངས་ལ་ཐོག་མར་བསྟན་རྗེས་ཀུན་གྱིས་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས་ཤིང་རྒྱལ་སྤྱིའི་ལྟ་མཁན་མང་པོའི་ཡིད་དབང་འཕྲོག་པས་ཀུན་གྱིས་ངེས་པར་དུ་ལྟ་དགོས་ཤིང་ཆེས་ཐོག་མར་ངོ་སྤྲོད་བྱའི་གློག་བརྙན་དུ་གྱུར། དེར་མ་ཟད་གསར་འགྱུར་བརྒྱུད་ལམFabulousནས་ཀྱང་སྐར་མ་དགུ་བརྒྱབ་མྱོང་ཡོད་ལ་ཐེངས་འདིར་ཡང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གསུམ་གྱི་ཡ་གྱལ་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་ནས་བྱ་དགའ་ཐོབ་པ་དེའང་མིང་དོན་དང་མཚུངས་པ་ཞིག་རེད།

微信图片_20180911002053.jpg

             གློག་བརྙན་འདིའི་འཁྲབ་ཁྲིད་པ་དང་འཁྲབ་གཞུང་གཉིས་ཀའི་འགན་གཅིག་ལྕོགས་སུ་འཁུར་བའི་པད་མ་ཚེ་བརྟན་ལགས་གར་སྟེགས་སུ་འགྲེང་ནས་བཤད་རྒྱུར། ང་ལ་མཚོན་ན། གར་སྟེགས་འདིར་འགྲེང་ནས་བྱ་དགའ་འདི་ལེན་རྒྱུ་ནི་གཟི་བརྗིད་ཅིག་སྟེ། དཔྱད་འདེམས་ཚོགས་པས་གཟི་བརྗིད་འདི་ང་ལ་གནང་བ་བཀའ་དྲིན་ཆེ། ངས་འདི་ནས་དམིགས་བསལ་གྱིས་ལྟ་སྐུལ་བ་ཝང་ཅཱ་ཝེ་དང་ཕེང་དབྱི་ཧྭ། ཙི་ཏུང་གློག་བརྙན། ད་རུང་མ་དངུལ་གཏོང་མཁན་སོགས་ཀྱིས་གློག་བརྙན་འདི་བདེ་ལེགས་ངང་ལེགས་འགྲུབ་བྱུང་དུ་བཅུག་པས་བཀའ་དྲིན་ཞུ། ད་དུང་གློག་བརྙན་འདིའི་མ་རྩོམ་འབྲི་མཁན་རྩོམ་པ་པོ་དང་བརྙན་ལེན་པ་ལིའུ་སུང་ཡེ། གཙོ་འཁྲབ་པ་སྦྱིན་པ་དང་དགེ་འདུན་ཕུན་ཚོགས། ལས་གྲོགས་ཡོངས་ཀྱིས་ང་དང་ལྷན་དུ་གློག་བརྙན་འདི་བཟོས་པ་ཡིན་པས་བཀའ་དྲིན་ཆེ་ཞུ། གློག་བརྙན་འདིའང་བདེ་བླག་ངང་ལེགས་འགྲུབ་བྱུང་པས་ང་ཚོའི་རྨི་ལམ་མངོན་འགྱུར་བྱུང་། ཆེས་མཇུག་མཐར་ངའི་གྲོགས་པོས་ང་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ། སླར་ཡང་ཝེ་ནཱ་སིའི་གློག་བརྙན་དུས་ཆེན་ལ་བཀའ་དྲིན་ཆེ་ཞུ། ཚང་མ་བཀའ་དྲིན་ཆེ། ཚང་མ་བཀྲ་ཤིས་བདེ་ལེགས།

          གློག་བརྙན་འདིའི་ལྟ་སྐུལ་བའི་འགན་འཁུར་མཁན་ཝང་ཅཱ་ཝེ་ལགས་ཀྱིས་ཀྱང་བྱ་དགའ་ཐོབ་རྗེས་ཆེས་ཐོག་མར་འདི་ནི་པད་མ་ཚེ་བརྟན་དང་ཁོང་གིས་སྣེ་ཁྲིད་པའི་ན་གཞོན་དག་འཛམ་གླིང་ལ་བསྐྱོད་འགོ་ཚུགས་པ་ཡིན་ཞེས་སྨོན་འདུན་བསྐྱལ་ཞིང་། ཙི་ཏུང་གློག་བརྙན་གྱི་འགན་འཁུར་བས་ཀྱང་པད་མ་ཚེ་བརྟན་གྱི་གློག་བརྙན་དང་ཁོའི་གློག་བརྙན་ཚོགས་པ་ནི་ང་ཚོའི་ང་རྒྱལ་དུ་རློམ་ཡོད་ཟེར།

微信图片_20180911002227.jpg

          ཝེ་ནཱ་སིའི་གློག་བརྙན་དུས་ཆེན་གྱི་གནམ་སའི་འབྲེལ་མཚམས་སྡེ་ཚན་ནང་ཚུད་པའི་གློག་བརྙན་དག་ཆེས་ཐོག་མར་ཕྱིར་བསྒྲགས་བྱེད་སྐབས་ནས་བཟུང་། 《ལག་དམར》ནི་དུས་ཆེན་འདིའི་ནང་ཚུད་པའི་ཀྲུང་གོའི་གློག་བརྙན་གཅིག་པུ་ཡིན་པའི་ངོས་ཐད་ནས་རྒྱལ་ཁབ་ཕྱི་ནང་གཉིས་སུ་དོ་སྣང་ཆེན་པོ་བྱུང་། གློག་བརྙན་འདི་ནི་བོད་ཀྱི་སྒྲུང་གཏམ་པ་གྲགས་ཅན་ཚེ་རིང་ནོར་བུའི་སྒྲུང་ཐུང《ལག་དམར》དང་འཁྲབ་ཁྲིད་པ་ཁོང་གི་《ལུག་གཅིག་ལྔ་ལམ་དུ་བརྫངས་པ》གཉིས་འཁྲབ་གཞུང་དུ་བཅོས་བསྒྲིགས་བྱས་པ་ཞིག་ཡིན་ལ། གློག་བརྙན་འདིར། མིང་ལ་སྦྱིན་པ་རུ་འབོད་པའི་ཕོ་གསར་གཉིས་དངོས་ཡོད་དང་རྨི་ལམ་ཁྲོད་བར་མེད་དུ་འགྲིམ་ཞིང་འཁྲལ་འཁྲུལ་དུ་ལུས་པའི་མི་ཚེའི་ཁྲོད་དུ་རང་ཉིད་འཚོལ་བའི་གཏམ་རྒྱུད་ཅིག་བཤད་ཡོད། གློག་བརྙན་འདི་ཝེ་ནཱ་སི་ནས་འཛམ་གླིང་ཡོངས་ལ་བསྟན་རྗེས་ལྟད་མོ་བ་དག་གི་ཡིད་སེམས་དབང་མེད་དུ་དྲངས་ཡོད་དེ། ཆེས་སྤྱིར་བཏང་གི་བྱུང་རིམ་ཞིག སྙན་པའི་རོ་ཡིས་ཕྱུག བརྙན་ལེན་སྟོབས་ཤིང་བོད་ཀྱི་རིག་གནས་ལ་དུངས་མཁན་ཞིག་ཡིན་ན་དེ་ནི་མིག་གི་ལོངས་སྤྱོད་ཅིག་ཡིན། ཞེས་གདེང་འཇོག་གནང་ཞིང་། གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་པད་མ་ཚེ་བརྟན་གྱིས་དངོས་བཤུས་རིང་ལུགས་དང་མི་འདྲ་བའི་མཚོན་ཚུལ་རིང་ལུགས་ཀྱི་གློག་བརྙན་ལ་ཚོད་ལྟ་དང་རིགས་དབྱེ་གློག་བརྙན་ལ་ཚོད་ལྟ་བྱས་ཤིང་། ཉེན་མཆོང་དང་གཞུང་ལམ་སོགས་གྲུབ་ཆ་གསར་བ་དག་བསྣན་ཡོད་པས་རྣ་བའི་དཔྱིད་དང་མིག་གི་དགའ་སྟོན་དུ་བརྗོད།


ཟུར་བཀོད།

1    ལག་དམར་གྱི་སྔོན་བརྡའི་བརྙན།   http://www.filmtbt.com/movies/trailer/2018-09-02/900.html

2   གློག་བརྙན«ལག་དམར»ལ་རྒྱལ་སྤྱིའི་བརྙན་ཞེན་པ་དག་གི་གདེང་འཇོག་ཐོབ།    http://www.filmtbt.com/news/nyan/2018-09-08/902.html

དཔྱད་མཆན་ཡོད།