「བོད་བརྙན་འཕྲིན་གསར」 གློག་བརྙན«སྲོད་འཇགས»ཞེས་པར་བྱ་དགའ་ཐོབ།

212.jpg

ཀྲུང་གོའི་གསེར་བྱ་དང་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་སྟོན་གྱི་སྐབས་གསུམ་པའི་རྒྱལ་སྤྱིའི་བརྙན་ཕྲན་འགྲེམ་གཟིགས་མཛད་སྒོ་དེ་ཧེ་ནན་ཞིང་ཆེན་ཧེ་ཁའོ་ཞེས་པ་ནས་གཟབ་རྒྱས་ངང་བསྡུས་ཤིང་། ཐེངས་འདིའི་འགྲེམ་གཟིགས་མཛད་སྒོར་ཀྲུང་གོའི་གློག་བརྙན་པའི་མཐུན་ཚོགས་ཀྱིས་མཛུབ་སྟོན་དང་། ཀྲུང་གུང་ཧེ་ཁའོ་གྲོང་ཁྱེར་གྱི་ཏང་ཨུ་དྲིལ་སྒྲོག་པུའུ། ཀྲུང་གོའི་གློག་བརྙན་པའི་མཐུན་ཚོགས་བྱ་བའི་ཨུ་ཡོན་ཚོགས་པ། ཀྲུང་གོའི་གློག་བརྙན་པའི་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་བརྒྱུད་སྒྲོག་བྱ་བའི་ཨུ་ཡོན་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་གནང་བ་ཞིག་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་ཀུན་གྱི་མིང་གྲགས་ཅན་གྱི་ཤེས་ལྡན་པ་མང་པོ་ལྷན་དུ་འཛོམས་ནས། ཐེངས་འདིའི་གློག་བརྙན་དུས་སྟོན་གྱི་མཛད་སྒོ་ལ་ཁ་གཡང་བསྒྲོན་ཞིང་སྨོན་འདུན་ཞུས།

༢༡༢༡༢༡༣.jpg

 ཐེངས་འདིའི་བྱེད་སྒོའི་སྟེང་བརྙན་ཕྲན་བརྩམས་ཆོས་ཁྱོན་བསྡོམས་སུ་༧༣༠༠ལྷག་འདུས་ཤིང་། དེ་དག་ཚང་མ་རྒྱལ་ཡོངས་ཀྱི་ཁེ་ལས་སྡེ་ཁག་སོ་སོ་དང་། མཐོ་སློབ་ཁག དེ་མིན་རྒྱལ་སྤྱིའི་བརྙན་ཕྲན་བརྩམས་ཆོས་དག་ཀྱང་ཐེངས་འདིའི་བྱེད་སྒོར་ཞུགས་ཡོད་པ་ནི་དངོས་གནས་གླེང་རན་ཡོད་པ་ཞིག་རེད། ཐེངས་འདིའི་དུས་སྟོན་ལ་ཞུགས་པའི་རྒྱལ་སྤྱིའི་བརྙན་ཕྲན་བརྩམས་ཆོས་༢༠༠ལྷག་ཡོད་ལ། དེ་དག་ནི་འཛམ་གླིང་གི་རྒྱལ་ཁབ་༢༧ལྷག་ནས་ཡོང་བ་ཡིན་འདུག བརྩམས་ཆོས་༧༣༠༠ལྷག་ཡོད་པ་དེ་དག་སྐོར་ཁག་གསུམ་དུ་བགོས་ནས་དཔྱད་བསྡུར་འདེམས་བསྐོ་བྱས།

555.jpg

 དཔྱད་བསྡུར་མཇུག་འབྲས་དེ་སྤྱི་ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་ཀྲུང་གོའི་གློག་བརྙན་པའི་མཐུན་ཚོགས་ཀྱི་སྤེལ་ཞིང་། དཔྱད་བསྡུར་བྱེད་མཁན་དག་ནི་གོང་གསལ་གྱི་ལས་ཁུངས་སོ་སོའི་འགོ་ཁྲིད་དང་གསེར་བྱ་དང་མེ་ཏོག་སྣ་བརྒྱའི་གཟེངས་རྟགས་སོགས་ཀྱི་འབྲེལ་ཡོད་མི་སྣས་དཔྱད་བསྡུར་བྱས་ཏེ། མཇུག་མཐར་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ལྟ་སྐུལ་བྱས་ཤིང་། ན་གཞོན་འཁྲབ་ཁྲིད་པ་རྟ་མགྲིན་རྡོ་རྗེ་ཡིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས་སྲོད་འཇགས་ཞེས་པར་༢༠༡༨ལོའི་རྩེ་གྲའི་ཕུལ་བྱུང་ཅན་གྱི་བརྩམས་ཆོས་སུ་བདམས་ཐོན་བྱུང་།

དཔྱད་མཆན་ཡོད།