རྫོང་སར་མཁྱེན་བརྩེའི་རང་རྣམ། ༼ ༈ལེའུ་བཅོ་ལྔ་པ། སེམས་འཕྲོག་པ། ༽ (ཚན་བཤུས།)

aa1f62f94f7c093c55d5aa9ee4504b4a_副本.jpg

          སེམས་འཕྲོག་པ་ནི་བཟང་ཕྱོགས་ཀྱང་ཡིན་སྲིད་ལ། འོན་ཀྱང་སེམས་ཤོར་བའི་ཡུལ་དང་ཡིད་འཕྲོག་པ་པོ་སུ་ཡིན་བཅས་ལའང་རག་ལས་ཡོད། གལ་ཏེ་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་ཁྱེད་ཀྱི་སེམས་འཕྲོག་ཚེ། ཁྱེད་རང་ཉིད་བསོད་ནམས་དང་དབང་ཐང་ཅན་ཞིག་ཡིན། བླ་ན་མེད་པའི་སྐྱེས་བུ་ཞིག་ལ་ཚོར་འདུ་དེ་འདྲ་ཞིག་ལྡན་པའི་རྒྱུ་མཚན་ནི་ཁྱེད་ལ་ལས་ཀྱི་འབྲེལ་བ་བཟང་པོ་དང་མྱོང་བ་ཁྱད་པར་བ་ཞིག་ཡོད་པས་ཡིན། ལས་འབྲེལ་གྱི་རྐྱེན་པས་ང་ཚོ་ཕལ་ཆེར་བ་ལ་ཆ་རྒྱུས་མེད་པ་དང་ངེས་མེད་ཀྱི་མི་ཡིས་སེམས་ཤོར་བ་བྱེད་ཀྱིན་ཡོད། 

         ང་ཚོ་རང་ཉིད་གཏོར་བརླག་བྱེད་མཁན་དག་ལའང་སེམས་འཁོར་བ་ཡང་མང་པོ་འབྱུང་གིན་ཡོད། དཔེར་ན་དུག་སྦྲང་གློག་གི་རྙི་ལ་མཆོངས་པ་བཞིན། ང་ཚོ་དེ་དག་ལ་ལྷུང་ནས་འགྲོ། སྐབས་རེར་ང་ཚོས་ང་རང་ཚོ་ཡང་དག་པའི་ཕྱོགས་སུ་དཀྲི་བ་པོར་སེམས་ཤོར་བ་དང་ཡང་མཚམས་རེར་འུ་ཅག་ལ་བདག་གཞན་གཉིས་ཀ་གཏོར་བརླག་གཏོང་བ་དང་ཡང་དག་པའི་ལམ་དུ་དཀྲི་བ་པོ་སེམས་མགུ་བའི་ལས་ཀྱང་ཡོད། དེ་ནི་སྡུག་པོ་རང་མིན། སྐབས་ལ་ལར་ཁྱེད་རང་ཉིད་གཞན་གྱི་སེམས་འཁོར་ཡུལ་ཡིན་ཞིང་ཁྱེད་ཀྱིས་བྱ་བ་ཅི་ཡང་མ་བརྩམས་ནའང་གཞན་གཏོར་བརླག་ཀྱང་བྱེད་སྲིད་ལ། ཡང་དག་པའི་ཕྱོགས་སུ་ཁྲིད་པའང་འོང་ཆོག

       ངའི་མི་ཚེ་ནང་ང་ལ་སེམས་འཁོར་ས་མང་པོ་ཞིག་ཡོད་མྱོང་བ་ཡིན། མི་གཞན་ཐམས་ཅད་ལྟར། ང་དང་གཏན་ནས་འགྲིགས་མི་སྲིད་ཅིང་ངའི་རིགས་དང་ཆ་མི་མཚུངས་པ། དཔེར་ན་ངས་གོང་དུ་བཤད་པའི་རིན་པོ་ཆེ་ཞིག་གི་མ་ཡུམ་ལྟ་བུ། ངས་འགྲེལ་བརྗོད་དང་དྲན་དཀའ་བ། དེ་བཞིན་ནམ་ཡང་ཐུག་འཕྲད་མ་བྱུང་བའི་མི་ལ་ངས་སེམས་ཡང་ཡང་འཁོར་མྱོང་། དེ་དག་ནི་ལས་ཀྱི་བྱེད་ལས་ཡིན། ལྡོག་ཕྱོགས་ནས་བཤད་ན། ང་ལ་སེམས་འཁོར་ཡུལ་ལམ་ཞེན་ཆགས་ས་ཡོད་མི་རུང་བས་ཡིན་རྒྱུ་རེད།

        གཅིག་བྱས་ན་ཁྱེད་ཚོ་ཐམས་ཅད་ལས་ང་ལ་སེམས་འཁོར་ས་མང་བ་ཡོད་ཀྱང་སྲིད། དེ་ནི་ང་བླ་མ་ཞིག་དང་སྤྲུལ་སྐུའི་ཡང་སྲིད། མི་ཕལ་བ་ལས་གོང་མའམ་ཁྱད་དུ་འཕགས་པ་ཞིག་ཡིན་པའི་ཁུལ་ལམ་ཆར་འཇོག་པས་ཡིན། ངའི་མཐའ་བསྐོར་བའི་མི་རྣམས་ཀྱིས་ང་རྣམ་གཡེང་ལས་སྲུང་བར་འདོད། ཁོང་ཅག་གིས་ང་སེམས་འཁོར་ཡུལ་ལས་རྒྱང་རིང་དུ་གཏོང་གང་ཐུབ་བྱེད་ཅིང་། བུད་མེད་རྣམས་ཁོ་བོར་གེགས་དང་འགོག་རྐྱེན་བཟོ་མཁན་ཞིག་ཏུ་སྣང་གང་ཐུབ་མཛད་པ་དང་། དེ་ཡང་ཁོང་ཅག་གི་ཐུགས་འགན་ཡིན་པར་དགོངས་བཞིན་ཡོད། ངའི་ཚོད་དཔག་ལ། འགྲོ་བ་མིའི་སེམས་ཁམས་ནི་གང་ཞིག་མི་ཆོག་པ་དེ་འདོད་པ་ལ་ཕྱོགས་ལྷུང་ཅན་ཞིག་ཡིན་འདུག རྒྱུ་མཚན་ནི་འདི་དག་གང་གིས་ཀྱང་ང་ལ་ཚོད་འཛིན་བྱེད་ཐུབ་མེད་ཅིང་ང་དུས་རྟག་ཏུ་བུད་མེད་དང་བརྩེ་དུང་གི་དགའ་ཉམས་སྐོར་ལ་ཤེས་འདོད་ཀྱི་ཚོར་བས་གཟིར། བཀག་སྡོམ་གྱི་མཇུག་འབྲས་འདི་ནི་སྙིང་ལ་སྡུག་པ་ཞིག་ཡིན།

        ངའི་དགེ་རྒན་རྣམ་པས། བདག་ལ་བུད་མེད་ཀྱི་སྐོར་འགལ་འདུ་ཅན་གྱི་མཐོང་སྣང་དུ་མ་ཞིག་བྱིན་མྱོང་། དེ་དག་ལས་མང་ཆེ་བ་བུད་མེད་དག་གདོན་འདྲེའི་རྣམ་པར་བྲིས་པ་ཤ་སྟག་ཡིན། ཁྱད་པར་དུ་ཁྱིམ་ཐབས་ཀྱི་མི་ཚེ་འདོར་བའི་ཉམས་བཞེས་མཛད་མཁན། དགོན་པ་གྲྭ་ཚང་གི་དགེ་བའི་བཤེས་གཉེན་རྣམས་ཀྱིས་སྐུ་སྒེར་ནས་འདོད་ཡོན་དང་རྣམ་གཡེང་དང་འབྲེལ་བའི་རིགས་རྣམས་སྤོང་བར་བརྩོན་པ་ལྷུར་ལེན་མཛད་བཞིན་ཡོད། འདི་ནི་ཁོང་ཅག་ཇི་ལྟར་འཚོ་བཞུགས་གནང་སྟངས་དང་ཁོང་ཚོས་ཅི་ཞིག་བསྒྲུབས་པ་དེ་ཡིན་ཞིང། དཀར་ཟས་རིང་ལུགས་པས་དཀར་ཟས་གོང་འཕེལ་གཏོང་དང་མཚུངས་པར་མ་བཅོས་དྲང་པོའི་ངང་འདི་དག་ཤོད་བཞིན་ཡོད། དེ་ནི་ཁོང་ཚོའི་རང་བཞིན་ལྷན་སྐྱེས་ཤིག་ཡིན། ངའི་འཆར་སྣང་ལ། བརྒྱ་ལ་གལ་ཏེ་ང་བུད་མེད་ཡིན་པའི་རིན་པོ་ཆེ་ཞིག་ཡིན་ན། བཙུན་མ་ཚོས་དྲན་དགོས་པ་ལྟར། ཕལ་ཆེར་ངའི་དགེ་རྒན་རྣམས་ཀྱིས་སྐྱེས་པ་ཕོ་ནི་རྣམ་གཡེང་གི་རྒྱུ་ཡིན་པ་གསུང་རྒྱུ་རེད།

src=http___5b0988e595225.cdn.sohucs.com_images_20180630_ad4e06fe13d542bfb297817ef3a58fe8.jpeg&refer=http___5b0988e595225.cdn.sohucs.jpg

        ཕྱོགས་གཞན་ཞིག་ནས་བཤད་ན། བདག་གི་དགེ་རྒན་འགའ་ཤས་ནི་རྣལ་འབྱོར་བ་ཡིན་པ་དང་ཁོང་ཚོས་ང་ལ་བུད་མེད་སྡུག་པོར་བལྟ་བ་ནི་སྐྱོན་ཆ་རེད་ཅེས་གསུངས། ངས་དྲན་སོས་པ་ལ། ངའི་དགེ་རྒན། བླ་མ་གངས་ཤར་གྱི་སློབ་མ། རྣལ་འབྱོར་པ་བླ་མ་ཀུན་དགས་ཁོ་བོར་འདི་འདྲ་ཞིག་གསུངས་མྱོང་“བུད་མེད་ཀྱི་སྐྲ་ཉག་མ་གཅིག་ལ་མཁའ་འགྲོ་མའི་གླིང་བྱེ་བ་དུ་མ་ཡོད་”གསུངས། སྤྱིར་འཛམ་གླིང་ཁྱོན་ཡོངས་དང་ལྷག་ཏུ་ཤར་ཕྱོགས་པའི་ནང་བུད་མེད་དམན་ས་འཛིན་པའི་ལུགས་སྲོལ་ཞིག་ཡོད། དེ་རིང་ཁ་རྩང་ལའང་དགོན་སྡེ་ཁག་ཅིག་དང་དམིགས་བསལ་དུ་འབྲུག་པ་ནང་བཞིན་ས་ཆ་ལ་ལར། མགོན་ཁང་ལྟ་བུའི་སྲུང་མའི་ལྷ་ཁང་ན་བུད་མེད་དག་བཀག་སྡོམ་ཡོད། དགོན་པ་དེ་སྐྱེས་པ་ཕོའི་སྡོད་ཁང་ལྟ་བུར་གྱུར་པ་ནས་བཟུང་དགོན་སྡེ་གྲྭ་ཚང་ནས་བུད་མེད་ཟུར་འདོན་བྱེད་པའམ་བཀག་འགོག་བྱེད་པ་ནི། ང་ཚོས་བསམ་ཤེས་བྱེད་ཐུབ་པ་ཞིག་ཡོང་གིན་ཡོད། ཡིན་ནའང་ནག་པོ་ཆེན་པོ་ཁོང་རང་ཉིད་ཆེས་བླ་ན་མེད་པའི་བུད་མེད་ཀྱི་བདག་ཉིད་ཅིག་ཡིན་པས། དགོན་པ་གྲྭ་ཚང་དག་གིས་བུད་མེད་དག་དམིགས་བསལ་ནག་པོ་ཆེན་པོའི་ལྷ་ཁང་དུ་འགྲོ་རུ་མི་འཇུག་པ་ནི་ལྡོག་ཕྱོགས་ཤིག་ཡིན། ངས་འཆར་སྣང་ལ་འདི་ནི་ཏན་ཏན་སྲོལ་རྒྱུན་གྱི་རིག་གཞུང་ཞིག་གིས་སངས་རྒྱས་ཀྱི་ཆོས་ལ་ནག་ནོག་འགོས་པ་ཡིན་འདུག

        ང་རང་ཉིད་ཀྱི་དགེ་རྒན་རྣམ་པ་ནུབ་ཕྱོགས་པའི་བུད་མེད་ལ་ལྷག་ཏུ་དོགས་ཟོན་བྱེད་མཁན་ཡིན། ཁོང་ཅག་གིས་ནུབ་ཕྱོགས་པའི་བུད་མེད་ལ་དབྱིན་ཇི་བུ་མོ་ཞེས་འབོད། མིག་སྔོན་པོ། གཟུགས་ཕྲ་མོ། སྐྲ་སྲབ་སྲབ། དོར་མ་གྱོན་མཁན་ཞིག་ཉེ་སར་བྱུང་ན། དེ་དག་དང་འབྲེལ་འདྲིས་ཅི་ལྟར་བྱེད་དགོས་མིན་ཡང་མི་ཤེས་པ་ལྟ་བུ་ཡིན། བླ་མ་ཁོང་རྣམ་པས་བོད་ཀྱི་བུ་མོ་སྲོལ་རྒྱུན་གྱི་གོས་གྱོན་ཞིང་སྐད་ཆ་བཤད་དུས་ངོ་ཚའི་རྣམ་འགྱུར་གྱིས་མིག་ཐུར་དུ་ལྟ་མཁན་མཐོང་མྱོང་། ནུབ་ཕྱོགས་པའི་བུད་མེད་སྨད་གཡོག་རིང་པོ་གྱོན་མཁན་ཞིག་ཡིན་ནའང་བསམ་ཆར་ཞིག་ཡོད། དེའི་རྒྱུ་མཚན་ནི་ནུབ་ཕྱོགས་པའི་བུད་མེད་ཚོས་མིག་གིས་ཐད་ཀར་ལྟ་བའི་རྐྱེན་གྱིས་རེད། ནུབ་ཕྱོགས་པའི་ལུགས་སྲོལ་ལ་ཐད་ཀར་བལྟས་ནས་ཁ་བརྡ་བྱེད་པ་ནི་ཡ་རབས་ཤིག་ཏུ་བརྩི་བཞིན་ཡོད། ཁོང་ཚོའི་སྤྱན་ནང་དུ་ནུབ་ཕྱོགས་པའི་བུད་མེད་ནི་ཉེན་ཁ་ཅན་དུ་བཟུང་སྟེ་ཉེན་བརྡ་གཏོང་བ་ནམ་ཡང་མཚམས་མི་ཆད། ཁོང་རྣམ་པས་སྤྲུལ་སྐུ་ཚོ་དབྱིན་ཇི་བུ་མོ་ཡིས་འཕྲོ་བརླག་བཟོ་བཞིན་ཡོད་པར་ཡིད་ཆེས་བྱེད་མོད། ཡིན་ནའང་དོན་དངོས་སུ་དེ་ལྟར་མིན། སྤྲུལ་སྐུ་མང་པོ་ཞིག་ཤར་ཕྱོགས་པའི་བུད་མེད་དང་ལྷན་དུ་འགྲོ་བཞིན་འདུག ཡིན་ནའང་འདི་ནི་ཕྱོགས་ལྷུང་གི་ལྟ་ཚུལ་གྱི་རིགས་ཤིག་ཡིན་འདུག

        འདོད་ཆགས་ནི་ཡག་པོ་མིན་པ་དང་བུད་མེད་ནི་ངེས་པར་སྤང་དགོས་པའི་སྐད་ཆ་འདི་དག་ལ་བརྟེན་ནས། ང་རང་ཉིད་དེ་དག་ལ་དོ་དབྱིངས་མེད་པའི་ཚུལ་འཆོས་ལ་གོམས་པར་གྱུར། ཁོ་བོས་དེ་དག་ལ་སེམས་མ་ཆགས་པའི་ཟོལ་ལ་བྱང་པར་གྱུར། ང་ཚོ་ཕྱི་ལ་འགྲོ་དུས་ང་རང་བརྟན་པོ་ཡོད་ནའང་རྟག་པར་ལྟ་སྐྱོང་དང་ལྷན་དུ་ཡོད་པ་དང། ངའི་དགེ་རྒན་རྣམས་དང་མཉམ་དུ་ཡོད་དུས་བུད་མེད་ལ་ལྟ་མི་ཤོར་བར་ནན་ཏན་བྱེད་པ་དང་དོ་དབྱིངས་མེད་པ་མངོན་ཅི་ཐུབ་བྱས། དགེ་འདུན་པ་བགྲེས་པ་ཚོས་ང་ལ་ཁྱེད་ཀྱིས་བུ་མོ་ལ་མིག་གིས་ལྟ་བཞིན་འདུག་ཅེས་ཀུ་རེ་བར་མཚམས་མེད་པར་མཛད་ཀྱིན་ཡོད། འཚར་ལོངས་འབྱུང་བཞིན་པའི་ཕྲུ་གུ་ཞིག་ལ་བརྗོད་གཞི་བུད་མེད་ཀྱི་སྐོར་འདིས་ངོ་ཚའི་ཚོར་བ་བསྐྱེད་པ་ཞིག་ཡིན།

       ངས་རྟོག་འཆར་ལ། སྤྲུལ་སྐུ་དང་བླ་མ་གཞོན་པ་ཚོའི་དགེ་རྒན་དང་ལྟ་སྐྱོང་བ་རྣམ་པས། གནའ་བོའི་སློབ་སྦྱོང་སྤྲོད་སྟངས་རྒྱུན་བསྐྱངས་ཏེ་རྣམ་གཡེང་གི་སྐོར་འགྲེལ་བཤད་རྒྱག་གང་ཐུབ་གནང་བའི་ཁར། གལ་ཏེ་འཁྲིག་སྤྱོད་ཀྱི་སློབ་སྦྱོང་དང་། ཕོ་མོའི་གནས་སྟངས་ཐད་ལ་སློབ་སྟོན་དང་། བུད་མེད་ལ་ཆེ་མཐོང་སྤྲོད་ཚུལ་དང་། མཚན་མི་མཐུན་པ་ལ་འབྲེལ་ལམ་བྱེད་ཚུལ་སོགས་ལའང་གོ་རྟོགས་རེ་སྟེར་ཐུབ་ན། དགེ་མཚན་དང་ཕན་ཡོན་ཆེ་བར་མཐོང། དེང་དུས་སྤྲུལ་སྐུ་གསོ་སྐྱོང་གི་ལམ་ལུགས་ན་སྟོང་ཆ་དང་ཞན་ཆ་དེ་འདྲ་ཞིག་ཏན་ཏན་འདུག་སྙམ།

       བུད་མེད་ཀྱི་རྗེས་སུ། དགེ་རྒན་གྱིས་ཆེས་བཀག་སྡོམ་བྱེད་རྒྱུ་གཅིག་ནི་གློག་བརྙན་ཁང་ཡིན། ཕྱིར་མིག་ཅིག་བལྟས་ན། གྲྭ་པ་དང་རིན་པོ་ཆེ་གཞོན་པ་ཚོའི་སེམས་ལ། བསམ་བློའི་ས་བོན་འདེབས་པའི་གློག་བརྙན་དང་། ལྷག་པར་དུ་རྒྱ་གར་གྱི་གློག་བརྙན་ལྟ་བུ་གློག་བརྙན་གྱི་སྒྲུང་དང་། གླུ་གཞས་ཡོངས་རྫོགས་བརྩེ་གཏམ་ཡིན་པའི་རིགས་ལ་ངའི་དགེ་རྒན་ཁོང་ཅག་གིས་དོགས་ཟོན་མཛད་པ་ལ། ངས་རྗེས་སུ་ཡི་རངས་ཞུ་ཐུབ། དགེ་འདུན་པ་བགྲེས་པ་ཁོང་རྣམ་པས་བུད་མེད་དང་སྐྱེས་པ་འཁྱུད་དེ་ཞབས་བྲོ་འཁྲབ་པ་གློག་བརྙན་ནས་མ་གཏོགས་ཕལ་ཆེར་མཐོང་མེད་ཚོད་རེད། སྐབས་དེ་དུས་འཁྲིག་སྤྱོད་ཀྱི་སྣང་བརྙན་ཕར་ཞོག་འོ་སྦྱར་བའི་གློག་བརྙན་ཡང་མཐོང་རྒྱུ་མེད། འོན་ཀྱང་འདི་ཙམ་ལའང་ཁོང་ཅག་ཡིད་ཁྲོས་པའི་ཟོལ་ཡོད།

        གྲྭ་པ་དང་སྤྲུལ་སྐུ་གཞོན་པ་ཚོས་སོ་སོ་རང་ཉིད་དགའ་རོགས་དང་ལྷན་ཆར་པའི་ཁྲོད་དུ་ཞབས་བྲོ་འཁྲབ་ཅིང་མེ་ཏོག་གི་དཀྱིལ་ནས་འགྲེང་པ་སོགས་འཆར་སྣང་བྱེད་ཐུབ། ཡིན་དང་ཡིན། ངས་ཀྱང་རྟོག་བཟོ་ཡི་འཆར་སྣང་དེ་ལྟར་བསྐྲུན་མྱོང།

        དགེ་བསྐོས་དང་མཁན་པོ་ཁོང་རྣམ་པའི་འོས་འགན་ཆེ་ཤོས་གཅིག་དེ། གྲྭ་པ་ལོ་གཞོན་ཚོ་གློག་བརྙན་ཁང་དང་གློག་བརྙན་བལྟ་བ་ལས་འགོག་སྲུང་མཛད་པ་དེ་ཡིན། སྤྱི་ལོ་༡༩༧༠ ནང་བྱ་བྲལ་རིན་པོ་ཆེས་རྒྱ་གར་རྡོ་རྗེ་གླིང་དུ་སྒོམ་གྱི་བསྟི་གནས་ཤིག་གསར་བཞེངས་མཛད་པའི་སྐབས། དགོང་མོར་ཁོང་གི་གྲྭ་པ་རྣམས་གློག་བརྙན་ཁང་དུ་བྲོས་བྱོལ་སོང་བ་དག་འཛིན་བཟུང་བྱེད་པའི་གཏམ་རྒྱུད་དགོད་བྲོ་བོ་ཞིག་ཡོད། ཅི་སྟེ་བྱ་བྲལ་རིན་པོ་ཆེས་རང་གི་གྲྭ་པ་རྣམས་བྲོས་བྱོལ་སོང་བ་མཁྱེན་རྟོགས་བྱུང་ཚེ། རིན་པོ་ཆེ་ཁོང་གློག་བརྙན་ཁང་དུ་གློག་བརྙན་གྱི་དཀྱིལ་མཚམས་ལ་ཕེབས་འོང་ནས། གློག་བཞུ་འོད་ཆེན་པོ་དེ་ལྟད་མོ་བར་སྤར་ཏེ་ཁོང་རང་གི་གྲྭ་བ་འཚོལ་ཞིབ་མཛད་པ་དང་ཁོང་གིས་གྲྭ་པ་དེ་དག་ཕྱིར་ཆོས་ཚོགས་སུ་འཁྲིད་འགྲོ་བཞིན་ཡོད་འདུག

1142216817_副本.png

འཁྲབ་སྟོན་མ་ཛེ་ནཏ་ཨ་ནན།

       གློག་བརྙན་འཁྲབ་སྟོན་མའི་ཁྲོད་ནས་ང་ཆེས་སེམས་ཤོར་ཡུལ་དང་པོ་དེ་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་མ་ཛེ་ནཏ་ཨ་ནན་ (Zeenat Anan)  ཡིན། ང་དགེ་རྒན་དང་ཞབས་ཞུ་རྣམ་པས་མཐའ་བསྐོར་ནས་འབྲས་ལྗོངས་རྒྱལ་ས་ཆོས་འཕེལ་ཕོ་བྲང་དུ་ཡོད་སྐབས། ང་ཁང་པའི་ཡང་ཐོག་དུ་སྡོད་ཀྱིན་ཡོད་ཅིང་མཁའ་འགྲོ་ཚེ་རིང་ཆོས་སྒྲོན་འོག་ཁང་ཏུ་བཞུགས་ཡོད། ཁྲུས་ཁང་དེ་འོག་ཁང་དུ་ཡོད་པས་ཁོ་བོ་ཁང་པའི་ཕྱིར་ཐོན་པའི་དུས་གཅིག་པོ་དེ་གསང་སྤྱོད་དུ་འགྲོ་དགོས་པའི་སྐབས་རེད། དུས་ཚིགས་དམིགས་བསལ་བ་རེ་ལ་ཁོ་བོ་ཆོས་འཕེལ་ཕོ་བྲང་ནས་ཐོན་ཏེ་རྒྱལ་སའི་གཡས་གཡོན་དུ་འགྲོར་འཇུག་གི་ཡོད། འདི་ནི་ངའི་དགེ་རྒན་ཁོང་ཅག་ཐུགས་སྤྲོ་བོ་ཡོད་པའི་མཚན་རྟགས་ཤིག་ཡིན། གློག་བརྙན་བལྟ་རུ་འགྲོ་བ་ནི་བསམ་ཡུལ་ལས་འདས་པའི་སྐད་ཆ་ཞིག་ཡིན། དུས་དུས་སུ་མཁྱེན་བརྩེ་བླ་བྲང་ནས་སྒྲུབ་པ་ཆེན་པོ་འཚོག་ཅིང་ཕྱོགས་སོ་སོ་ནས་དགེ་འདུན་པ་ཕྱོགས་ཕེབས་གནང་གིན་ཡོད།

       འདི་ནི་ང་གྲྭ་པ་གཞོན་པ་ཚོ་དང་ཐུག་འཕྲད་ཀྱི་གོ་སྐབས་ཡིན་པ་དང་། ཁོང་ཅག་གིས་ང་ལ་ཁོང་རྣམས་ཀྱིས་མཐོང་བའི་རྒྱ་གར་གྱི་གློག་བརྙན་གྱི་སྐོར་བཤད། ཁོང་ཚོས་བཤད་པའི་རྒྱ་གར་གྱི་གློག་བརྙན་ཧ་ཅང་མང་པོ་རེད། གློག་བརྙན་གཅིག་ལ་བྷོ་བྷི་ (Bobby) ཞེས་འབོད། གློག་བརྙན་གཞན་དེ་ལ་ལཱའི་ལཱ་མཇ་ནུ་ (Laila Majnu)  ཞེས་འབོད། ཡིན་ནའང་དེའི་ནང་ཁོ་བོ་ཆེས་སྣང་བ་འགྲོ་ས་དེ་སཱཏྱམ་ཤཱི་ཝམ་སུཎྡྲམ་ (Satyam Shivam Sundaram) གྱི་འཁྲབ་སྟོན་མ་ཛེ་ནཏ་ཨ་ནན་ (Zeenant Aman)  གྱི་ཟུར་མིག་དེ་ཡིན།

        ངས་འདིའི་སྐོར་གྲྭ་པ་ཁོང་ཚོ་ནས་ཐོས་པ་ཙམ་ལས། ཁོ་བོ་འདི་དག་ལྟ་རུ་འགྲོ་བའི་གོ་སྐབས་ནམ་ཡང་ཐོབ་མ་མྱོང་། ངས་ཁོང་ཅག་ལ་ཡང་ནས་བསྐྱར་དུ་སྒྲུང་འདི་དག་བཤད་པའི་རེ་བ་ཐེངས་དུ་མར་རྒྱག་དགོས་བྱུང། གྲྭ་པ་སོ་སོར་མཐོང་ཚུལ་ཐ་དད་རེ་ཡོད་པས་སྒྲུང་འདི་རྙིང་པ་གཏན་ནས་ཆགས་མྱོང་མེད། གྲྭ་པ་རེ་ཟུང་ཞིག་གིས་གློག་བརྙན་འཁྲབ་སྟོན་པ་འགའ་རེའི་འདྲ་པར་ཇག་རྐུན་བརྒྱབས་ཏེ་འཁྱེར་རྒྱུ་ལོན་ཞིང་དེ་དག་ང་ལ་བྱིན། འདི་ནི་སྒྲུང་དེབ་ལས་ཀྱང་ཆེས་ཤིན་ཏུ་ཉེན་ཁ་ཆེན་པོར་གྱུར་ཡོད། ངས་པར་འདི་དག་ས་ཆ་བྱེ་བྲག་པ་གཅིག་ལ་སྦ་སྐུང་བྱེད་དགོས་ཤིང་། སྦས་དང་མ་སྦས་གཅིག་བཤད་ན། ང་རང་ཉིད་ཀྱིས་ཀྱང་དེ་དག་ལ་ལྟ་བའི་གོ་སྐབས་ཧ་ལམ་མ་ཐོབ། ང་ལ་སྤྲད་པའི་གློག་བརྙན་འཁྲབ་སྟོན་པའི་འདྲ་པར་དེ་དག་བདག་གིར་བྱེད་ཡོད་པ་ཤེས་པ་ཙམ་ཡིན། སྐབས་དེར་སྙན་གྲགས་ཆེ་བའི་འཁྲབ་སྟོན་མ་གཞན་དཔེར་ན། ཧེ་མཱ་མཱ་ལི་ནི་  (Hema Malini)  དང་མཱ་དྷཱུ་བྷ་ལཱ་ (Madhubala)  སོགས་ཡོད་མོད། ཡིན་ཡང་ང་ནི་བློ་རྩེ་གཅིག་ཏུ་འཁྲབ་སྟོན་མ་ཛེ་ནནྟ་ཨ་མཱན་ (Zeenant Aman)  ལ་དགའ་མོས་ཡོད་མཁན་ཞིག་ཡིན་པ་དང་ལས་ཀྱི་འབྲེལ་བ་དང་ལས་ཀྱི་བུ་ལོན་ཡོད་པ་ཡིན་པས་འཁྲབ་སྟོན་མ་གཞན་ཚོའི་པར་ལ་བལྟ་བ་ནི་མ་དགའ་བའི་ཚོར་བ་ཡོང་གིན་ཡོད།

       སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་བདུད་འཇོམས་རིན་པོ་ཆེས་ལྗགས་ལུང་སྩོལ་དུས། ང་ཚོས་ལུང་ཆ་ཚང་ལ་ཉན་འཇོག་བྱེད་དགོས་པ་དང་མཚམས་རེར་ཉིན་གཅིག་ལ་དུས་ཚོད་ཆུ་ཚོད་བཅུ་ཙམ་འགོར་ཞིང་ང་ཚོ་གཉིད་འཆོར་དུ་མི་འཇུག ངས་ངེས་པར་དུ་མཐོལ་བཤགས་བྱེད་དགོས་ཀྱི་ཡོད། དུས་སྐབས་མང་པོར་ངའི་སེམས་གློག་བརྙན་གྱི་སྒྲུང་གཏམ་དེ་དག་གི་ཀློང་ན་གཡེང་ཡོད།

         སྐབས་རེར་ང་རང་ཉིད་བརྩེ་དུང་གི་དཔའ་བོར་གྱུར་པ་དང་། མེ་ཏོག་གི་ཞིང་ཁམས་ནས་ཛེ་ནནྟ་ཨ་མཱན་ (Zeenant Aman) དང་ལྷན་དུ་འགྲེང་བཞིན་མཆིས། ང་ལ་ད་ལྟ་ཡང་གོམས་གཤིས་དེ་ཡོད་འདུག ཆར་ཞོད་ཁྲོད་གླུ་གཞས་གཏོང་བའི་ཚབ་ཏུ། དེང་གི་ཆར་སྔར་ལས་ཆེས་རྫབ་ཆེ་བ་ནི། ང་རང་ཉིད་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲིད་འཛིན་ལྟ་བུ། ཨོ་ཝི་ཨེ་ཨེལ་ (OVAL)  ལས་ཁུངས་ནང་བསྡད་དེ་འཛམ་གླིང་གི་དཀའ་རྙོག་སེལ་བཞིན་པའི་སྟོང་བསམ་གྱི་འཆར་སྣང་བསྐྲུན་བཞིན་ཡོད།

        བུད་མེད་གཞན་ཞིག་དང་ལས་འབྲེལ་གྱི་བག་ཆགས་སད་དུས་ཛེ་ནནྟ་ཨ་མཱན་ (Zeenant Aman)  དང་ངའི་ལས་འབྲེལ་མཇུག་སྒྲིལ་བ་ལྟ་བུ་ཡིན། ཡུ་རོབ་ཀྱི་གཞོན་ནུ་མ་ཞིག་གི་པར་ངའི་ལག་ཏུ་སོན་དུས་ཛེ་ནནྟ་ཨ་མཱན་ (Zeenant Aman)  ནི་སེམས་ནས་རྦད་དེ་བརྗེད་འདུག

1625971182_副本.png

འཁྲབ་སྟོན་མ་ཁ་ལའུ་ཌིའ་ཁར་ཌི་ནེལ།

        ལོ་ངོ་དུ་མ་ཞིག་གི་རྗེས་ད་གཟོད་ངའི་ལག་ཏུ་ཐོབ་པའི་པར་དེའི་ནང་གི་གཞོན་ནུ་མ་དེ་ནི་ཨི་ཊ་ལིའི་འཁྲབ་སྟོན་མ་ཁ་ལའུ་ཌིའ་ཁར་ཌི་ནེལ་ (Claudia Cardinale)  ཡིན་ཞིང་མོ་ལ་ཡིད་དབང་འཕྲོག་པ་འདི་ནམ་ཡང་མཚམས་ཆད་མ་མྱོང་དེ་རིང་ཁ་རྩང་ཡིན་ནའང་རྗེ་བཙུན་སྒྲོལ་མ་དང་རྡོ་རྗེ་རྣལ་འབྱོར་མའི་ཞལ་ཐང་བཞེངས་དུས་ངས་ལྷ་བཟོ་བ་དེ་དག་ལ་འཁྲབ་སྟོན་མ་ཁ་ལའུ་ཌིའ་ཁར་ཌི་ནེལ (Claudia Cardinale) ལ་དཔེ་རུ་བླངས་ནས་འབྲི་རོགས་ཞུ་བཞིན་ཡོད།

       ང་ཆུང་དུས་སུ་ཉེས་རྡུང་ཆེས་ལྗིད་མོ་དེའང་འཁྲབ་སྟོན་མ་ཁཁ་ལའུ་ཌིའ་ཁར་ཌི་ནེལ་ Claudia Cardinaleཡི་འདྲ་པར་ལ་བརྟེན་ནས་ཕོག་བྱུང། ཡིན་ནའང་ཉེས་རྡུང་དང་བཀའ་བཀྱོན། སྐུལ་མ། ཉེན་བརྡ་དེ་དག་ཡོངས་རྫོགས་ལ་མ་ལྟོས་པར་ངའི་མི་ཚེ་ནི་བུད་མེད་དང་གློག་བརྙན་ཁང་གཉིས་ལ་ཉེ་བར་གྱུར། ངའི་དགེ་རྒན་རྣམས་ཀྱིས་ངའི་ཁང་པའི་མཐིལ་གྱི་པང་གཅལ་འོག་ནས་འཁྲབ་སྟོན་མ་དེའི་འདྲ་པར་དེ་རྙེད་སོན་བྱུང་རྗེས། བཀའ་བཀྱོན་དང་ཚོགས་གཏམ་གྱི་མཇུག་གཏན་ནས་ཐོས་རྒྱུ་མེད་པ་ལྟ་བུ་རེད།

        ང་རང་ངོས་ནས་ཆོས་པ་ཞིག་མིན་ནའང་མ་མཐའ་ཡང་ཕྲན་རྫོགས་པའི་སངས་རྒྱས་དང་དམ་པའི་ཆོས་ལ་འབྲེལ་བ་ཞིག་ཡོད་པས། འབྲེལ་ལམ་དེ་བརྒྱུད་ནས་འཁྲབ་སྟོན་པ་ཛེ་ནནྟ་ཨ་མཱན་ (Zeenant Aman)  དང་ཁ་ལའུ་ཌིའ་ཁར་ཌི་ནེལ་ (Claudia Cardinale)  ཁོང་རྣམས་ཀྱང་མཐར་སངས་རྒྱས་དང་ཆོས་ལ་འབྲེལ་བ་ཞིག་ཐོབ་པར་འདོད།

དཔྱད་མཆན་ཡོད།