འཇིགས་མེད་འཕྲིན་ལས་ལ་བཅར་འདྲི་བྱས་པ་ཞིག

1637848421690789.jpg

འཇིགས་མེད་འཕྲིན་ལས་ལ་བཅར་འདྲི་བྱས་པ་ཞིག

                                  _____ལོ༢༤ཅན་གྱི་འཁྲབ་ཁྲིད་པ་ཞིག་གི་གློག་བརྙན་ཁྱད་མཚར་ཞིག

 

བཅར་འདྲི། ལིའུ་ཞའོ་ཏའེ།(刘小黛 )Flourམེན་མེན།(Flour面面)

ཇུས་འགོད། དཔེ་ཆའི་ཕར་ནང་གི་རྩོམ་སྒྲིག་ཁང་།

ལོ་ཙཱ་བ། ཏིང་ངེ་འཛིན། 

 

དཔེ་ཆའི་ཕར་ནང་། ཁྱེད་ཀྱི་གློག་བརྙན་རིང་ཤོས་ཐོག་མ་ལ་ཉེས་དོན་དོགས་གཅོད་འདི་རིགས་བདམས་དོན་ཅི།

འཇིགས་མེད་འཕྲིན་ལས། སྐབས་དེར་གཏམ་རྒྱུད་འདིས་ངའི་ཡིད་བཀུག་བྱུང་། སྒྲུང་གཏམ་ཁྲོད་ནགས་སྲུང་བའི་སེམས་ཁམས་ཞིབ་འབྲི་ཧ་ཅང་ཞིབ་ཚགས་ཆེ་བས་ཉམས་སུ་མྱོང་བདེ་བ་དང་། དེ་ནས་ཡིད་བརྙན་ཐད་ཀྱི་བཀོད་འབྲི་ཡག་པོ་ཞིག་འདུག དཔེར་ན་ནགས་ཚལ་ཞིག་གི་ཁྲོད་དུ་ཤྭ་བ་ཞིག་ཁང་ཐོག་ཏུ་རྒྱུགས་བཞིན་པའི་ཡིད་བརྙན་འདི་དག་གིས་ད་གཟོད་མཐོངས་ཡངས་བོར་ཕྱེ་ཡོད་ལ། ངས་ཀྱང་མིའི་འབྲེལ་བ་ཁོ་ན་མ་ཡིན་པར། ད་དུང་ཁོ་ཚོ་དང་ཤིང་ཁང་ཕྱི་རོལ་གྱི་གསང་བའི་འཇིག་རྟེན་འདིའི་བར་གྱི་འབྲེལ་བར་བསམ་བློ་གཏོང་དགོས། དེ་བས། སྐབས་ཐོག་དེར་ཉེས་དོན་དོགས་གཅོད་རིགས་ཀྱི་སྒྲུང་གཏམ་འདི་བཅོས་སྒྲིག་བྱས་ན་བསམ་བྱུང་།

དཔེ་ཆའི་ཕར་ནང་། ཐེངས་འདིའི་གོ་ལའི་གཟིགས་འབུལ་ཁྱོ་ཐོ་ནས་སྤེལ་བའི་རྐྱེན། ཉི་ཧོང་སྐད་དུ«མི་གཅིག་དང་མི་བཞི»ཞེས་བསྒྱུར་འདུག འདི་འགྲིག་གམ། ལོ་ཙཱའི་མིང་འདི་གཙོ་སྒྲུབ་མཁན་དང་འབྲེལ་བ་བྱས་ནས་ཐོབ་པ་ཞིག་ཡིན་ནམ།

འཇིགས་མེད་འཕྲིན་ལས། འབྲེལ་བ་བྱས་མྱོང་མེད། ངས་ཐད་ཀར་ཁོ་ཚོར་མིང་བསྐུར་ནས་ཁོ་ཚོས་བསྒྱུར་བ་རེད། འོན་ཀྱང་ངས་གློག་བརྙན་གྱི་མིང་ལ་གོ་བ་ལེན་སྐབས་ཇི་ལྟར་གོ་བ་བླངས་ནའང་འགྲིག་གི་བསམ་ཡོད། «མི་གཅིག་དང་མི་བཞི»ཞེས་གོ་བ་བླངས་ནའང་འཆུག་མེད། འོན་ཏེ་ངའི་ངོས་ཐད་ནས་བཤད་ན་འདི་ནི་གུ་དོག་པའི་གོ་བ་ལེན་སྟངས་ཤིག་རེད།

གཏམ་རྒྱུད་འདིས་མ་གཞི་ནས་མཐོངས་ཡངས་པོར་ཕྱེ་བཞིན་ཡོད་དེ། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཡོད། དེ་བས་མ་གཞི་ནས་མི་གཅིག་པུར་འདང་བརྒྱབ་པ་འདི་གུ་དོག་པར་སེམས།

图片16378482006234.jpg

དཔེ་ཆའི་ཕར་ནང་། གློག་བརྙན་ཁྲོད་དུ་ཆོས་ལུགས་ཀྱི་ཆ་མངོན་གསལ་དུ་བྱུང་མེད་ནའང་། ངས་མཉམ་འཇོག་ཅིག་བྱ་སྐབས། གཙོ་འཁྲབ་པ་སངས་རྒྱས་ཀྱིས་ཐོགས་པའི་ཕྲེང་བ་དང་རླུང་དྲིལ་སྟེང་ན་ཡོད་པའི་བོད་ཀྱི་རི་མོ། ད་དུང་དཔེར་ན་སངས་རྒྱས་ཀྱིས་ཤྭ་མ་བསད་པ་སོགས། སངས་རྒྱས་ལ་ཆོས་ལུགས་ཀྱི་དད་པ་རྣམ་དག་ཅིག་ཡོད་དམ།

འཇིགས་མེད་འཕྲིན་ལས། སྒྲུང་གཏམ་འདི་ལོ་རབས༩༠པའི་མཚོ་བོད་མཐོ་སྒང་གི་རྒྱབ་ལྗོངས་འོག་ཏུ་གོ་སྒྲིག་བྱས་ཡོད། ནགས་སྲུང་བ་ཁོ་ནི་བོད་ཀྱི་སྲོལ་རྒྱུན་འབྲོག་པ་ཞིག་ཡིན་མོད། འོན་ཏེ་ངས་ཆེད་དུ་ཆོས་ལུགས་ཀྱི་ཆ་དེ་ནན་བཤད་བྱས་མེད། ངས་བལྟས་ན་དེ་ནི་གལ་ཆེན་མ་རེད། དེ་ནི་སྔོན་ཆད་ཀྱི་འདས་ཟིན་པ་ཙམ་ཞིག་རེད། དད་པ་འདི་ནི་ཁོ་རང་ལྷད་མེད་དྭངས་གཙང་ཡིན་པའི་རྐྱེན་གཅིག་ཡིན།

དཔེར་ན་སྐྱེས་པ་དེས་ཁོ་ལ་ལི་ཐོའི་སྟེང་གི་སྐད་ཆ་དེའི་ནང་དོན་ཅི་རེད་ཅེས་འདྲི་སྐབས། ཁོས། མི་ཤེས། འོན་ཀྱང་དེ་ལ་རྒྱུ་མཚན་ཞིག་ཡོད་ངེས་ཟེར། དད་པ་ནི་ཁོ་ལ་མཚོན་ན་འཇིག་རྟེན་འདི་ངོས་འཛིན་སྟངས་ཤིག་རེད། ཡིན་ནའང་མི་འདི་དག་ཤོར་ཡོང་བ་དང་ཁོའི་འཇིག་རྟེན་ལྟ་ཚུལ་ལ་འགྱུར་བ་ཐེབས་ཤིང་དད་པ་ལའང་གཡོ་འགུལ་ཐེབས།

图片16378482006082.jpg

དཔེ་ཆའི་ཕར་ནང་། གློག་བརྙན་གྱི་འགྱུར་ཁུག་མགྱོགས་ཤིང་ཚགས་དམ་པ་དང་། གནད་འགག་སྐབས་སུ་མི་གཤིས་ནི་ཅི་འདྲ་ཞིག་ཡིན་པ་དང་། དེའི་ཁྲོད་དུ་ད་དུང་ཡིད་ཆེས་དང་དོགས་པ། ཁེ་ཕན། འཚོ་འདོད། དད་མོས། འགན་འཁྲི་ལ་སོགས་ཀྱང་འདུ། འཁྲབ་ཁྲིད་པས་མ་གཞི་ནས་བརྙན་འདི་བརྒྱུད་ནས་ལྟད་མོ་བ་ཚོར་ལྟ་ཚུལ་ལམ་བསམ་ཚུལ་ཅི་ཞིག་སྟོན་འདོད།

འཇིགས་མེད་འཕྲིན་ལས། ཁ་རུབ་ཀྱི་ཁོར་ཡུག་ཅིག་གི་ཁྲོད་དུའམ་ཡང་ན་ཧ་ཅང་ཐལ་དྲགས་པའི་གནས་སྟངས་ཤིག་གི་འོག་ཏུ་མིས་ངར་ཤུགས་ཅི་ཙམ་ཕུད་ཐུབ་པའི་སྐོར་ལ་ང་རང་ཞེ་བསམ་པས་དགའ།

ཁོ་ཚོ་གནས་འདི་འདྲ་ཞིག་ཏུ་སླེབས་པ་དང་། འདི་རུ་ཉེན་རྟོག་པ་དང་ནགས་སྲུང་བ་ཡོད་ལ། ད་དུང་འགྲོ་སའི་ལམ་མ་རྙེད་པའི་ལྐོག་རྔོན་མཁན་ཡང་ཡོད། འདི་འདྲའི་ཉེན་ཁའི་གནས་སྟངས་ཤིག་གི་འོག་ཏུ། ཁོ་ཚོའི་འཚོ་འདོད་ཀྱི་འདུན་པ་དྲག་ཏུ་འཕྱུར་ངེས། འདི་འདྲའི་ངར་ཤུགས་དེས་ཁོ་ཚོའི་བཟང་སྟོན་ཐུབ་ལ་ངན་ཡང་སྟོན་ཐུབ་པས། འགལ་འདུའི་རང་བཞིན་འདི་རིགས་ནི་ང་རང་ཆེས་ཞེ་དགའ་ས་དེ་ཡིན།

གློག་བརྙན་ཁྲོད་དུ་ཁོ་ཚོ་ཆེས་མཐའ་མར་ཁང་པའི་ནང་དུ་ཤི་སོང་། ཤྭ་བ་ཅིག་གིས་དལ་ཅག་གེར་བལྟས་བསྡད་ཡོད་ལ། མིའི་ཚེ་སྲོག་ནི་དེ་འདྲའི་ཉམས་ཆུང་ནུས་མེད་ཅིག་ཏུ་མཐོང་། མི་ནི་འགལ་བའི་ཕུང་བོ་ཞིག་ཡིན། ཡིན་ནའང་ལྷད་མེད་དྭངས་གཙང་གི་སྔུན་ནས་དེ་ལས་ལྡོག་སྟེ་བྱིས་བློ་ཅན་དང་སྡུག་ཐུག་ཅིག་རེད་ཨང་།

1637848798151084.jpg

དཔེ་ཆའི་ཕར་ནང་། འདི་ནི་ལྐོག་རྔོན་མཁན་ཞིག་དང་འབྲེལ་བའི་གཏམ་རྒྱུད་ཅིག་རེད། སངས་རྒྱས། ཀུན་པོ། ད་དུང་ཉེན་རྟོག་པ་གསུམ་པོའི་ཐོབ་ཐང་གིས་ཁེ་ཕན་གྱི་འབྲེལ་བ་མཚོན་གྱིན་ཡོད་དམ། དཔེར་ན་རྔོན་པ་ཉེན་རྟོག་པར་བརྫུས་ནས་ཉེན་རྟོག་མོ་ཊ་བསྐོར་བ་དང་། ནགས་སྲུང་བའི་འགྲོ་འདུག་ཤེས་པ་སོགས་ཀྱིས་ལོ་རབས་དེའི་བོད་ཁུལ་དུ་དངོས་གནས་དེ་འདྲའི་ཁེ་ཕན་གྱི་འབྲེལ་བ་ཞིག་ཡོད་པས་ཨེ་རེད།

འཇིགས་མེད་འཕྲིན་ལས། གབ་དོན་ཅི་ཡང་མེད། འདི་ནི་ཐབས་མཁས་ཇུས་ལེགས་ཤིག་རེད། རཱ་ཤོ་མོན་གྱི་འཁྲུལ་སྣང་ཞིག་བཟོ་དགོས་པའི་རྒྱུ་མཚན་གྱིས་ལོ་རྟག་པར་ཉེན་རྟོག་པར་བརྫུས་པའི་ལྐོག་རྔོན་མཁན་ཞིག་ཡོད་པ་ཡིན།

དཔེ་ཆའི་ཕར་ནང་། སྒྲུང་གཏམ་དང་བསྡུར་ན། བརྙན་གྱི་ནང་དོན་ཐད་འགྱུར་བ་ཅི་ཙམ་བཏང་ཡོད།

འཇིགས་མེད་འཕྲིན་ལས། འཁྲབ་གཞུང་དུ་བཅོས་སྐབས་ཆེས་གཙོ་བོ་ནི་བརྗོད་པ་རྒྱ་ཆེ་རུ་བསྐྱེད་རྒྱུ་དེ་རེད། སྒྲུང་གཏམ་གྱིས་ང་ལ་བྱིན་པའི་ཚོར་བ་ནི་ཆང་མངར་མོ་ཞིག་བཏུང་བ་འདྲ་རེད། ཧ་ཅང་མགྱོགས་ལ་བྱུང་རིམ་ཆེས་གནད་འགག་གི་སྐབས་སུ་ཐོན་དུས་མཚམས་ཆད་པ་དེ་རེད།

སྐབས་དེར་གཏམ་རྒྱུད་འདིར་ངར་ཡོད་པའི་ཚོར་བ་ཞིག་བྱིན། འོན་ཀྱང་བརྙན་རིང་ཞིག་ཏུ་གཏོང་དགོས་ན་དེའི་ཞིབ་ཆ་ཁ་ཤས་སྣ་འཛོམས་པོར་གཏོང་དགོས། དཔེར་ན་ཀུན་པོ་ཞེས་པའི་མི་འདིའི་དམིགས་ས་ནགས་སྲུང་བ་དང་འབྲེལ་བ་ཡོད། ཁོའི་སྤྱོད་ལམ་ཐམས་ཅད་སྣ་ཇེ་འཛོམས་སུ་གཏོང་དགོས། དེའི་རྗེས་སུ་སྒྲུང་གཏམ་ཁྲོད་གླེང་ཙམ་ལས་བྱས་མེད་པའི་ཕྱིར་དྲན་ཚན་པ་དེ་རིགས་དོན་ཐོག་ཏུ་དབབ་དགོས།

1637848886661828.jpg

དཔེ་ཆའི་ཕར་ནང་། ཐེངས་འདིའི་མི་སྣ་གཙོ་བོ་སྔར་བཞིན་སྦྱིན་པ་འདེམས་འདུག དེ་ནི་སྔོན་ཆད་ཐེངས་གང་མང་ལ་མཉམ་ལས་བྱས་པས་མ་གྲོས་གཅིག་མཐུན་དུ་སོང་བས་ཨེ་རེད།

འཇིགས་མེད་འཕྲིན་ལས། དེ་ལོས་ཡོད། ངེད་གཉིས་ཚོ་ཆུང་མང་པོའི་ཁྲོད་བསྡད་མྱོང་། ཐེངས་དང་པོ་ནི«དབང་གྲགས་ཀྱི་ཆུ་ལྷམ»དང་དེའི་རྗེས་སུ«དབུགས་ལྒང་།» དེ་ནས«ལག་དམར» ངེད་གཉིས་གྲོགས་པོ་དགའ་བོ་ཡིན་པ་མ་ཟད། ཁོ་ནི་ཉམས་རྟོགས་ཆེ་བའི་འཁྲབ་སྟོན་པ་ཞིག་ཡིན་པའང་ཤེས་ཡོད། གལ་ཏེ་ཁོ་རང་མི་སྣ་དེའི་ཁྲོད་ཞུགས་སུ་བཅུག་པ་ཡིན་ན་ཁོ་རང་དངོས་གནས་མི་དེ་རུ་འགྱུར་འགྲོ

ཁོས་སྔོན་ཆད་ང་ལ་བྱིན་པའི་ཚོར་བ་ནི་སྟོབས་ཆེན་ཞིག་ཡིན་པ་དེ་རེད། ཡིན་ནའང་ངས་གསར་རྩོམ་བྱེད་སྐབས་མཐོང་ཚོར་གྱི་སྟེང་ནས་ལྡོག་ཁྱད་ཀྱི་ཚོར་བ་ཞིག་བྱུང་འདོད། དཔེར་ན་ཆེས་མཐའ་མར། ཉེན་རྟོག་པ་ཆུང་ཆུང་དེ་བལྟས་ན་གཏུམ་དྲག་ཆེ་ཡང་ཆེས་གཟུགས་ཐུང་དེ་ཡིན་པ་དང་། ནགས་སྲུང་བ་ནི་གཟུགས་རིང་སྟོབས་ཆེན་ཞིག་གིས་ཉམས་ཆུང་ནུས་མེད་ཀྱི་མི་ཞིག་འཁྲབ་ཡོད། ལྡོག་ཁྱད་འདིས་བརྙན་འདིར་ཁུངས་མེད་ལུང་མེད་ཀྱི་ནུས་པ་དྲག་པོ་ཞིག་སྟེར་ངེས།

སྦྱིན་པ་ཁོས་སྔོན་ཆད་འཁྲབ་མྱོང་བའི་མི་སྣ་དག་ཆ་མཐུན་པས་ཐེངས་འདིའི་མི་སྣ་འདི་ལྷག་ཏུ་འཁྲབ་ན་འདོད་པས་རེད། འདིས་ཁོ་ལ་རང་ཉིད་ཀྱི་ནང་སེམས་ཀྱི་མྱོང་བ་རྩལ་དུ་འདོན་པར་གོ་སྐབས་ཤིག་བྱིན་ཡོད། ཞིབ་ཕྲའི་འཁྲབ་སྟོན་འདི་ནི་ཁོ་ལ་མཚོན་ན་ཡང་འགྲན་སློང་ཐེངས་དགའ་ཞིག་ཡིན།

1637848947573570.jpg

དཔེ་ཆའི་ཕར་ནང་། ཁྱེད་ཀྱིས་བལྟས་ན་སྦྱིན་པ་ནི་རང་གི་ལྟ་སྟངས་ཡོད་མཁན་གྱི་འཁྲབ་སྟོན་པ་ཞིག་ཨེ་རེད།

འཇིགས་མེད་འཕྲིན་ལས། ཕྱོགས་གཅིག་ནས་བཤད་ན་ཁོ་ང་ལ་ཡིད་ཆེས་པས་ཡིན་རྒྱུ་རེད། ཁོས་ངས་བཞེངས་སྐྲུན་བྱས་པའི་མི་སྣ་འདི་ཅི་འདྲ་ཞིག་ཡིན་པ་ཤེས་ཡོད་པའི་དབང་གིས་ང་ཚོ་གྲོས་ཁ་འཆམ་ཤིང་། ཁོས་སྤྱིར་བཏང་ངས་བཤད་པ་ནང་བཞིན་བསྒྲུབ་པ་རེད།

ཡག་ཡག་ཞིག་ལ། ཁོ་ནི་ཧ་ཅང་ཉམས་མྱོང་ཡོད་པའི་འཁྲབ་སྟོན་པ་ཞིག་ཡིན་པས། ཁོས་ངའི་བརྙན་རིང་ཐོག་མ་ཕབ་སྐབས་ཀྱི་ཞན་ཆ་དང་མི་འདང་ས་ཁ་ཤས་དང་ལེན་བྱ་ཐུབ། ངས་བརྙན་མིག་ཁ་ཤས་མ་མཐར་ཡང་བཅུ་ལྷག་ཡན་ནམ་ཆེས་མང་ན་བཞི་བཅུ་ལྷག་ལེན་དགོས་ཤིང་། ཁོར་མཚོན་ན་འདི་ནི་འགྱུར་མེད་བསྐྱར་ཟློས་ཤིག་ཡིན།

ཐེངས་ཤིག་ཆང་འཐུང་ནས་ཁ་བརྡ་བྱེད་སྐབས། ང་ལ་འདི་ལྟར་བྱས་ན་ཁོས་འཁྲབ་མི་འདོད་ཟེར། ངས་དེ་ན་ཁྱོད་ཀྱིས་ང་ལ་མི་བཤད་དོན་ཅི་ཞེས་འདྲི་སྐབས། ཁོས་ཡུལ་དངོས་ནས་ཁྱོད་ལ་བར་ཆད་བཟོ་བར་དོགས་པ་ཡིན། ཆང་ཞིག་འཐུང་ནས་འུ་གཉིས་ཀས་ཁ་བརྡ་ཡག་པོ་ཞིག་བྱ་ཟེར། ངས་ཡུན་རིང་འདང་བརྒྱབ་རྗེས། ངས་དོ་སྣང་བྱ་སའི་དོན་ཕྲན་ཚེགས་དེ་རིགས་ལ་མང་མང་ཞིག་གིས་ཕལ་ཆེར་དོ་སྣང་བྱེད་ཀྱིན་མེད་པ་དེ་རེད།

ངས་དྲས་སྒྲིག་རྒྱུ་ཆའི་གོ་རིམ་སྡེབ་སྐབས་མང་ཤོས་ཞིག་དོན་ལ་ཁྱད་པར་ཆེར་མེད་པ་རྟོགས། ཐེངས་གཉིས་པར་ཕབ་བསྐྲུན་བྱ་སྐབས། ངས་འཁྲབ་སྟོན་པའི་སེམས་ཁམས་ལ་བསྟུན་ཅི་ཐུབ་བྱས་ཤིང་ཁོ་ཚོའི་བདེ་ཐོག་ནས་ཆོག་པར་བྱས་པ་ཡིན། ངའི་ཚོར་བ་ཞིག་ལའང་འཁྲབ་སྟོན་པས་འཁྲབ་པ་བདེ་ན། ངས་ཀྱང་ང་ལ་ཆེས་དགོས་པ་དེ་བཟུང་ཡོད་པར་སྙམ།

1637849018915329.jpg

དཔེ་ཆའི་ཕར་ནང་། ཝང་ཀྲིན(王铮)ནི་ཧྲན་ཏུང་གི་མི་ཞིག་རེད། ཁ་སྐད་ནི་དུས་ཐོག་ཏུ་བསླབ་པ་ཨེ་རེད། ཁོ་ནི་ཇི་ལྟར་བཙལ་ནས་རྙེད་པ་ཡིན།

འཇིགས་མེད་འཕྲིན་ལས། ཁོས་བཤད་པ་ནི་མཚོ་སྔོན་གྱི་རྒྱ་སྐད་རེད། སྔོན་ཆད་ཀན་སུའུ་ནས་འཁྲབ་སྐབས་ཟླ་གཅིག་རིང་ཀན་སུའུ་རྒྱ་སྐད་སྦྱངས་མྱོང་། དེ་བས་ང་ཚོས་ཁོར་ཆེད་དུ་མི་ཞིག་བཙལ་ནས་མཚོ་སྔོན་གྱི་རྒྱ་སྐད་བསླབ་པ་ཡིན།

སྐབས་དེར་ང་ཚོའི་སྒྲིག་བཟོ་མཁན་ཝང་ལེ་ཁོར་ཐུག་དུ་སོང་ཞིང་། ངས་ཝང་ལེ་ལ་ཁྱེད་གཉིས་ཁ་བརྡ་བྱེད་དུས་པར་རམ་བརྙན་གང་རུང་ཞིག་བླངས་ཤོག་ཟེར་མྱོང་། ངས་པར་དང་བརྙན་ལ་ལྟ་དུས་ཁོའི་བྱེད་ལུགས་བྱེད་སྟངས་དེ་མི་སྣ་དེ་དང་འདྲ་བར་སྣང་། དཔེར་ན་ཁོས་ཐ་མག་འཐེན་སྐབས་མིག་ཟུང་ཁྲོད་དོགས་འཚེར་རམ་འདང་རྒྱག་ཅི་རིགས་མཐོང་ཐུབ་ལ། ཁོས་གཟས་ནས་ཁ་སྤུ་བསྐྱུར་ཡོད། དེ་འདྲའི་ཚོར་བ་རགས་མོ་ཞིག་གིས་ངས་དེ་མ་ཐག་འོས་འཚམ་རེད་འདོད།

དཔེ་ཆའི་ཕར་ནང་། འཁྲབ་ཁྲིད་པའི་མ་འོངས་འཆར་གཞི་ལྟར་ན། བོད་ཁུལ་གྱི་རྣམ་པ་མ་གཏོགས་ཁྱེད་ཀྱིས་རྣམ་པ་གཞན་གང་ཞིག་ཚོད་ལྟ་བྱ་འདོད།

འཇིགས་མེད་འཕྲིན་ལས། ངས་བརྙན་བཟོ་བ་འདི་ང་རང་གི་ཚེ་སྲོག་གི་ཉམས་རྟོགས་དང་འབྲེལ་བ་ཡོད་པར་སེམས། ངའི་སྣང་བ་ཞིག་ལ་ངའི་སེམས་རྒོད་ལ་ཤོར་ཞིང་རྒོད་དྲགས་པའི་ཆ་དེ་ཡོད། དེ་ནི་བརྙན་འདིའི་ནང་བསྟན་ཟིན་པ་དེ་དང་འདྲ། འོན་ཀྱང་ད་དུང་ཧ་ཅང་ལྷོད་ལྷོད་ཀྱི་ངོས་ཤིག་ཡོད། ངས་ཧ་ཅང་ལྷོད་ལྷོད་ངང་གཏམ་རྒྱུད་ཅིག་བརྗོད་འདོད། དེ་ནི་ངའི་ནར་སོན་གྱི་བརྒྱུད་རིམ་བརྗོད་པའི་བརྙན་ཞིག་དང་འདྲ། རྗེས་ཕྱོགས་རིགས་འདྲ་མིན་ལ་ཚོད་ལྟ་བྱེད་རྒྱུ་ནི་ངའི་རེ་བ་ཡིན་ལ་དེའང་རྗེས་ཕྱོགས་ཀྱི་གོ་སྐབས་ལ་རག་ལས་ཡོད།

图片163784821283711.jpg

དཔེ་ཆའི་ཕར་ནང་། འཁྲབ་ཁྲིད་པ་རང་འཁྲབ་ཁྲིད་པ་གང་ཞིག་ལ་དགའ་བོ་ཡོད། མ་ཟད་འཁྲབ་ཁྲིད་པ་གང་ཞིག་གི་ཁྱད་ཆོས་ཀྱིས་ཤུགས་རྐྱེན་ཟབ་མོ་ཐེབས།

འཇིགས་མེད་འཕྲིན་ལས། ངའི་ཚོར་བ་ཞིག་ལ་དུས་རིམ་རེ་རེ་འགྱུར་བཞིན་ཡོད་པ་འདྲ། ཆེས་དང་ཐོག་ང་ལ་བག་ཆགས་ཟབ་ཤོས་འཇོག་མཁན་ནི་བྷོར་གྷི་མན་རེད། སྐབས་དེར«སྟོན་ཉིའི་དཀྲོལ་སྒྲོག་རོལ་དབྱངས»(秋日奏鸣曲)ལ་བལྟས་ཤིང་། རྣོ་སྦྲེང་སྦྱང་འདོད་ཀྱི་བུ་མོ་ཞིག་གིས་རྣོ་སྦྲེང་དཀྲོལ་དོན་ནི་རྣོ་སྦྲེང་དཀྲོལ་མཁན་གྱི་ཨ་མའི་བརྩེ་བ་དང་ཐུགས་འཁུར་ཐོབ་ཆེད་ཡིན་པའི་གཏམ་རྒྱུད་ཅིག་བརྗོད་ཡོད། བལྟས་ཚར་རྗེས། ངས་ཆེས་ཐོག་མར་ཨ་ཕ་དང་ངེད་གཉིས་བར་གྱི་འབྲེལ་བ་ལ་བསམ་གཞིག་གཏོང་འགོ་ཚུགས་ཤིང་ང་ལ་ཐོག་དང་པོར་གློག་བརྙན་དང་འཚོ་བའི་འབྲེལ་ཐག་ལ་བསམ་བློ་འཁོར་དུ་བཅུག

རྗེས་སུ་ངས་ཁོའུ་སི་ཐོའུ་ལི་ཁཱ(库斯图里卡)ལ་བལྟས་ཤིང་། ཁོ་ནི་སྨྱོ་ཧམ་ཚ་ཞིང་ཡོད་ཚད་སྐྱོན་བྲལ་ཤ་སྟག་ཏུ་བཟོ་བའི་འཁྲབ་ཁྲིད་པ་ཞིག་ཡིན་པའི་ཚོར་བ་སྐྱེས། དེའི་རྗེས་སུ་ངས་ཁྱེམ་ཀེ་ཏིག(金基德)དང་ཧོང་ཧྲང་ཞུའུ(洪尚秀)ལ་བལྟས། ཁོ་ཚོར་ཁྱད་ཆོས་ཤིག་ཡོད་པ་དེ་ནི། ཁོ་ཚོས་བརྗོད་འདོད་ཀྱི་བློ་ཁ་དེ་དང་མི་སྣའི་སེམས་ཁམས་དེར་ལག་སྙོབ་བྱས་པ་ཧ་ཅང་ཐུ་ཞིང་། གང་ཞིག་བསྒྲུབ་པ་རྩེར་སོན་ཡོད། ངའི་གློག་བརྙན་ལའང་དེ་འདྲའི་རྩེར་སོན་གྱི་རེ་བ་བཅངས་ཡོད།

དཔེ་ཆའི་ཕར་ནང་། འཁྲབ་ཁྲིད་པའི་གློག་བརྙན་རིང་གྲས་ཐོག་མ་འདི་ཁོར་ཡུག་ཅུང་སྡུག་པོ་ཡིན་པའི་ལིན་ཧའེ་གངས་ཀླུང་ནས་ཕབ་པ་མ་ཟད། ད་དུང་ནད་ཡམས་དབང་གིས་སྟབས་མི་བདེ་བ་སོགས་དཀའ་ཁག་གང་མང་མྱངས་ཡོད་རྒྱུ་རེད། ཐེངས་འདིའི་ཕབ་བསྐྲུན་ཁྲོད་དཀའ་ཁག་ཆེ་ཤོས་དེ་གང་རེད།

འཇིགས་མེད་འཕྲིན་ལས། ཆེས་དཀའ་ཁག་ཆེ་དུས་གྲ་སྒྲིག་གི་དུས་རིམ་རེད། རྒྱུ་མཚན་འདི་ནི་ངས་ཐོག་མར་བརྙན་རིང་ཕབ་པ་ཡིན་པས། མ་དངུལ་མཉམ་བསྡུ་སྐབས་སུ་དཀའ་ཁག་ཆེན་པོ་འདུག

ནད་ཡམས་བྱུང་རྗེས། ཚང་མ་སྔར་ལས་གཟབ་གཟབ་དུ་གྱུར་པས། ན་གཞོན་འཁྲབ་ཁྲིད་པ་ཞིག་གིས་ལུས་ཚད་འདི་འདྲ་ཞིག་ཕབ་པར་རྒྱབ་སྐྱོར་མི་བྱེད། དེ་བས་ངའི་ཚོགས་པས་ང་ལ་འདི་འདྲའི་ལས་མི་ཕུལ་བྱུང་སྐོར་ཅིག་གནང་བར་བཀའ་དྲིན་ཞུ་དགོས་བྱུང་ཡོད། ནད་ཡམས་མཇུག་གྲིལ་རྗེས། ཚང་མས་ཅང་གླེང་རྒྱུ་མེད་པར་ཅི་ནུས་ཀྱིས་བརྙན་འདི་བཟོས་ཚར་ན་སྙམ་པས་ང་ཚོ་ཡང་བསྐྱར་འཛོམས་བྱུང་།

འདི་ནི་ང་ལ་མཚོན་ན་ཆེས་དཀའ་ཁག་ཆེ་ས་དེ་རེད་ལ། ཡང་རང་ཉིད་ཆེས་དགའ་ཞིང་བློ་བདེ་ས་དེ་རེད།

1637849174259911.jpg

དཔེ་ཆའི་ཕར་ནང་། སྔོན་ཆད་ང་ཚོས་ཞི་ཧུའུ་མཚེའུ་དངོས་བཤུས་གློག་བརྙན་ཚོགས་ཆེན་ཐོག་ཁྱེད་ཀྱི་གསར་རྩོམ«ཨ་ཙ་རའི་དབུས་མཇལ་ཟིན་ཐོ»(འཁྲབ་ཁྲིད་པས་བཏགས་ཡོད་པའི་མིང་གསལ་བོ་མ་ཤེས་པས་འདི་ལྟར་བསྒྱུར་བ་ལགས། ཞེས་པར་བལྟས་མྱོང་། ཁྱེད་ཀྱིས་སྔོན་ལ་གཏམ་རྒྱུད་གློག་བརྙན་ཞིག་ཕབ་ཅིང་རྗེས་སུ་དངོས་བཤུས་གློག་བརྙན་ཞིག་ཕབ། འདི་འདྲའི་ཐག་གཅོད་ཅིག་བྱེད་དོན་ཅི།

འཇིགས་མེད་འཕྲིན་ལས། ངས་ཕབ་བསྐྲུན་མཚམས་བཞག་ནས་ཏག་ཏག་ལོ་གཅིག་འགོར། སྟབས་འཁེལ་བ་ཞིག་ལ་ངས་མི་སྣ་གཙོ་བོ་ཁོ་ངོ་ཤེས་བྱུང་། ཐོག་མར་ཐུག་དུས་ཁོས་བོད་ལྭ་ཞིག་གོན་ཡོད་མོད། འོན་ཀྱང་བྱང་ཤར་སྐད་བཤད་ཀྱིན་འདུག གཞུག་ནས་ཁོས་སྔོན་གྱི་བྱུང་བ་ཁ་ཁེར་ཏེ། དཔེར་ན་ཁོས་ཇི་ལྟར་བྱས་ཏེ་ཡུལ་ཤུལ་ནང་ཆེན་དགོན་ནས་ཆོས་བསླབ་པ་དང་། ཡང་བརྐྱང་ཕྱག་འཚལ་ནས་ལྷ་སར་འགྲོ་དོན་ཅི་ཡིན་པ་ལབ་བྱུང་། ཁོའི་མྱོང་བ་འདི་དག་དང་བརྒྱུད་རིམ་དག་ངས་ཧ་ཅང་ཉོག་འཛིང་དུ་མཐོང་ལ་དོན་སྙིང་ལྡན་པར་སྙམ།

དངོས་བཤུས་གློག་བརྙན་ཕབ་སྐབས། ཁྱོད་ཀྱིས་པར་མིག་ནང་གི་མི་སྣའི་ཅི་ཞིག་ཐད་ཀར་འཛིན་དགོས་པས། འདིས་གཏམ་རྒྱུད་གློག་བརྙན་ཕབ་པར་ཕན་ཆེན་པོ་ཐོགས། རྗེས་ནས་གཏམ་རྒྱུད་གློག་བརྙན་ཕབ་སྐབས། མི་སྣའི་གནས་སྟངས་དང་ཁོ་ཚོའི་སེམས་འགྱུ་ཐད་ང་ལ་ཚོར་ཤེས་དྲག་པོ་འདུག

དཔེ་ཆའི་ཕར་ནང་། དངོས་བཤུས་གློག་བརྙན་དང་གཏམ་རྒྱུད་གློག་བརྙན་ཕབ་སྐབས། མི་འདྲ་ས་གང་ཡོད་ཐད་དཔེ་ཁ་ཤས་བཞག་ན་ཆོག་གམ། དངོས་བཤུས་གློག་བརྙན་ཕབ་པ་དེས་རྗེས་ནས་ཁྱེད་ཀྱི་གསར་རྩོམ་ཐད་ཤུགས་རྐྱེན་འདྲ་ཐེབས་སམ།

འཇིགས་མེད་འཕྲིན་ལས། དངོས་བཤུས་གློག་བརྙན་ཕབ་པ་ནི་མི་སྣའི་ཐག་ཉེ་སར་བཅར་ཚུལ་ཞིག་ཡིན། དེ་བས་གུ་ཡངས་པའི་རྣམ་འགྱུར་ཞིག་འཛིན་དགོས་ལ། ཐ་ན་སྔོན་འགྲོའི་ཚོད་དཔག་ཅི་ཡང་མེད། འདི་ལྟར་བྱས་ནས་ཕབ་པ་དེས་ད་གཟོད་ཁྱེད་ལ་མཚར་སྣང་སྟེར་ངེས། དེ་དང་བསྟུན། ཁྱེད་ཀྱིས་མི་སྣ་གཙོ་བོ་དང་འབྲེལ་འདྲིས་བྱེད་སྐབས་རང་སེམས་ལ་ཕྱིར་རྟོག་བྱ་ཆོག འོན་ཀྱང་། གཏམ་རྒྱུད་གློག་བརྙན་ནི་ཁྱེད་ཀྱིས་བསམ་བློའི་གྲ་སྒྲིག་ཚགས་སུད་ཆུད་རྗེས་ད་གཟོད་ཕབ་ཐུབ་པ་དེ་རེད།

ཤུགས་རྐྱེན་ལོས་ཡོད། དངོས་བཤུས་གློག་བརྙན་ཕབ་པ་དེས་ཁྱེད་ཀྱིས་སྤྱི་ཚོགས་ཀྱི་ངོས་ཟིན་མཐོ་རུ་གཏོང་ཐུབ། ལྷག་ཏུ་མིའི་རྙོག་འཛིང་རང་བཞིན། ངའི་དངོས་བཤུས་གློག་བརྙན་ཁྲོད་ཀྱི་མི་སྣ་གཙོ་བོས་སྐབས་རེར་བཤད་པ་དང་བསྒྲུབ་པ་མི་གཅིག་པས། རྒྱུན་དུ་ཁྱེད་ལ་མཚར་སྣང་ཆུང་ཆུང་རེ་སྟེར་སྲིད། ཞིབ་ཕྲ་འདི་དག་གཏམ་རྒྱུད་གློག་བརྙན་ཕབ་སྐབས་སྔར་ལས་མྱོང་བ་ཟབ་ཅིང་ལྷག་ཏུ་ཚོར་བ་དེ་རིགས་འཛིན་ཐུབ།

1637849253627833.jpg

དཔེ་ཆའི་ཕར་ནང་། དུས་ད་ལྟ“བོད་ཁུལ་གྱི་རླབས་རྒྱུན་གསར་བ”ཞེས་པའི་བཤད་ཚུལ་ཞིག་ཡོད། ཁྱེད་ལྟར་ན་ཁྱེད་ཀྱི་གློག་བརྙན་གྱིས་ཡར་སྔོན་བོད་ཁུལ་གློག་བརྙན་གྱི་རྨང་གཞིའི་སྟེང་ནས་རྒྱུན་འཛིན་དང་གསར་གཏོད་གང་ཞིག་བྱས་ཡོད།

འཇིགས་མེད་འཕྲིན་ལས། ངས་བསམ་ན་ངའི་འདི་ལ་གསར་བ་ཅང་མེད་པར་འདོད། ངེས་པར་དུ་གསར་ཞེས་བཤད་དགོས་ན། ཕལ་ཆེར་རིགས་ཀྱི་ངོས་ནས་འགྱུར་བ་ཐེངས་ཤིག་ཐེབས་ཡོད། སྔོན་ཆད་ཕལ་ཆེར་རིགས་འདི་འདྲ་མེད་པར་འདོད། འོན་ཀྱང་ངས་བསམ་ན་གསར་རྩོམ་གྱི་རིག་ལམ་གཅིག་པ་ཡིན་ཏེ་ཚང་མས་རང་ཉིད་ཀྱི་མི་ཚེའི་ཉམས་མྱོང་གི་ངོས་ནས་ལམ་ལ་ཆས་ཀྱིན་པ་དེ་རེད།

བརྙན་འདིས་མི་རེ་རེའི་ཞིབ་ཅིང་ཕྲ་བའི་སེམས་ཁམས་ཀྱི་གནས་སྟངས་ཤིག་བརྗོད་ཀྱིན་ཡོད་ལ། འདིའང་མ་གཞི་ནས་ཚོར་སྐྱེན་པའི་ངའི་གཤིས་ཀ་དང་དམ་དུ་འབྲེལ་ཡོད། བོད་ཁུལ་གྱི་རླབས་རྒྱུན་གསར་བའི་རྒན་རབས་པ་ཚོ་ནང་བཞིན། ཁོ་ཚོས་རང་ཉིད་ཀྱི་འཚོ་བ་དང་ཚོར་བ་ལ་རྒྱུས་ཡོད་པས། ད་གཟོད་ཁོ་ཚོར་དབང་བ་ཞིག་ཕབ་ཐུབ་པ་རེད།

དཔེ་ཆའི་ཕར་ནང་། རྗེས་ཕྱོགས་མུ་མཐུད་དེ་བོད་ཀྱི་རིག་གནས་དང་འབྲེལ་བའི་གློག་བརྙན་བཟོའམ། ཡང་ན་རིགས་གཞན་པ་ཞིག་ལ་འཚོལ་སྙེག་བྱ་ངེས། གཏམ་རྒྱུད་དང་འཁྲབ་གཞུང་གཞན་རེ་བྲིས་ཨེ་ཡོད།

འཇིགས་མེད་འཕྲིན་ལས། གྲོང་ཁྱེར་གྱི་ཁ་མཚར་ནག་པོ་བརྗོད་བྱ་བྱས་པའི་སྒྲུང་གཏམ་ཞིག་བཅོས་སྒྲིག་བྱ་འདོད།

དཔེ་ཆའི་ཕར་ནང་། ཁྱེད་རང་རྒྱུན་པར་དཔེ་ཆ་རིགས་གང་ཞིག་བཀླག་རྒྱུར་དགའ།

འཇིགས་མེད་འཕྲིན་ལས། ཚི་ཝེ་གྷི(茨威格)ཡི་སྒྲུང་གཏམ་ལ་ང་རང་ཞེ་དགའ། ཚི་ཝེ་གྷི་ཡི་སྒྲུང་གཏམ་ཧ་ཅང་ཞིབ་ཚགས་ཆེ་བར་འདོད། ང་རང་སེམས་ཁམས་ཞིབ་འབྲི་བྱས་པ་ཧ་ཅང་བཟང་བའི་སྒྲུང་གཏམ་དེ་རིགས་ལ་དགའ། དེས་ང་ལ་ཤུགས་རྐྱེན་ཆེ།

དཔེ་ཆའི་ཕར་ནང་། ཙིན་ཀའོ་ཞང་གིས«གཞོན་དུས་ཀྱི་ཁྱོད»曾国祥《少年的你》)ལ་བརྟེན་ནས་རང་ཉིད་ནི“སུ་ཡི་བུ་མིན་པ”བདེན་དཔང་བྱས་ཤིང་། འཁྲབ་ཁྲིད་པ་དགའ་ཞིག་ཡིན་པ་བསྟན། མི་ལ་ཤས་ཀྱིས་ཁྱེད་ཀྱི་ཐོབ་ཐང་གཞན་ཞིག་གླེང་སྲིད་དེ། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་བུ་ཡིན་པའི་ཆ་ནས། ཁྱོད་ལ་ཁོང་གི་མིག་མཐོང་ལག་ཟིན་གྱི་བག་ཆགས་སམ་ཡང་ན་གསར་རྩོམ་ཐད་ནས་མཛུབ་སྟོན་གང་རུང་ཐེབས་མྱོང་ངམ།

འཇིགས་མེད་འཕྲིན་ལས། དེ་ལོས་ཡོད། ཕལ་ཆེར་ང་རང་ལོ༡༡ཡས་མས་ཡིན་དུས། ཁོང་གིས་ང་ཡིག་ཚགས་ཁང་དུ་བྷོར་གྷི་མན་གྱི་གློག་བརྙན་ལ་བལྟ་རུ་ཁྲིད་མྱོང་། སྐབས་དེར་ངོ་མ་ཧ་ཅི་ཡང་མི་གོ འོན་ཀྱང་ངས་བསམ་ན་དེ་དག་གིས་ཕྱོགས་གང་རུང་ཞིག་ནས་ང་ལ་ཤུགས་རྐྱེན་ཐེབས་ཡོད་པར་འདོད། ཁོང་བརྙན་འདིའི་ལྟ་སྐུལ་བ་ཡིན་པའི་ངོས་ནས། འཁྲབ་གཞུང་དང་དྲས་སྒྲིག་ཕྱོགས་ནས་ང་ལ་རོགས་སྐྱོར་ཆེན་པོ་བྱས།

དཔེ་ཆའི་ཕར་ནང་། དཔེ་ཆའི་ཕར་ནང་གི་བརྙན་ཞེན་པ་དག་ལ་གློག་བརྙན་འདི་ངོ་སྤྲོད་ཅིག་བྱ་རོགས།

འཇིགས་མེད་འཕྲིན་ལས། གལ་ཏེ་ཁྱེད་ཚོས་བརྙན་འདིར་བལྟས་ཚེ། ངས་བསམ་ན་ཕལ་ཆེར་ཁྱེད་ཚོ་ཁང་པའི་ཕྱི་ཡི་ཤྭ་བ་ཞིག་ཏུ་འགྱུར་སྲིད། ཁྱེད་ཚོས་ཤྭ་བའི་མཐོང་སྣེ་ནས་ཁང་པའི་ནང་ཅི་ཞིག་འབྱུང་བཞིན་པ་མཐའ་དག་ལ་བལྟས་ཆོག་ལ། ཁྱེད་ཚོས་ཤྭ་བ་འདིས་ཅི་ཞིག་བསམ་བཞིན་པ་ཚོར་བར་ཤོག

捕获༡.JPG


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས།

དཔྱད་མཆན་ཡོད།