བོད་སྐད་གློག་བརྙན་གྱི་བྱུང་བ་མདོར་བསྡུས་ཤིག

     silent-holy-stones_副本_副.jpg       

             མིའི་རིགས་ཀྱི་མཛེས་རྩལ་རོལ་མྱོང་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕོ་འགྱུར་ཆེན་པོ་ཞིག་བྱུང་བ་ནི་དུས་རབས་བཅུ་དགུ་བའི་མཇུག་ཙམ་ལ་འགུལ་གཟུགས་གློག་བརྙན་གསར་དུ་བྱུང་བ་དེ་ཡིན་པ་དང་། སྐབས་དེར་ཧྥ་རན་སེ་དང་དབྱི་ཏ་ལི་སོགས་རྒྱལ་ཁབ་མང་པོ་ཞིག་གིས་གློག་བརྙན་གྱི་ཟིལ་ཤུགས་ཁོ་ནས་རྒྱལ་ཁབ་དེ་དག་གི་ཚན་རིག་འཕེལ་རྒྱས་ཀྱི་ཆེ་བ་དེ་དངོམ་ཡོད་ནའང་།དུས་རབས་ཉི་ཤུ་བ་མགོ་ཚེས་མ་ཐག་ནས་བཟུང་ཨ་རིའི་ཀྲའོ་པེ་ལིན་ལྟ་བུའི་གློག་བརྙན་འཁྲབ་སྟོན་པ་དག་གིས་གློག་བརྙན་གྱི་རང་བཞིན་དེ་ཚན་རིག་གི་ལྟ་ཚུལ་ཅིག་ལས་སྒྱུ་རྩལ་གྱི་ངོ་བོ་ཞིག་ཏུ་བསྒྱུར་བས་ན།  ཕྱིས་ཀྱི་གློག་བརྙན་སྒྱུ་རྩལ་དེ་ཚན་རིག་པ་དང་སྒྱུ་རྩལ་པ་མཉམ་བསྲེས་ཀྱིས་འཕེལ་རྒྱས་ཀྱི་ལམ་ལ་སྐུལ་བའི་བྱ་དོན་ཞིག་ཏུ་གྱུར་ཞིང་།  འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་དབྱི་ཏ་ལི་ནས་འཕེལ་བའི༼ དངོས་ཡོད་རིང་ལུགས་གསར་མའི ༽གློག་བརྙན་གྱི་ལས་འགུལ་བྱུང་བ་དེས།   སྔར་བས་ཨ་རིའི་ཧའོ་ལེ་ཝུའུ་གློག་བརྙན་སོགས་ལ་སྔར་མེད་ཀྱི་བློ་འབྱེད་བྱས་པས་ན།གློག་བརྙན་གྱི་ཡག་སྣང་དེ་རྩོམ་རིག་དང་མཛེས་རྩལ།ཆོས་ལུགས་སོགས་སྤྱི་ཚོགས་འཚོ་བ་དང་དམ་དུ་འབྲེལ་བའི་ལས་གཞི་ཆེན་པོ་ཞིག་ཏུ་གྱུར་ཅིང་།འཛམ་གླིང་ཨོ་སི་ཁའི་གློག་བརྙན་བྱ་དགའ་སོགས་ཆེད་ལས་བྱ་དགའི་རྩ་འཛུགས་རབ་དང་རིམ་པ་ཞིག་བྱུང་བ་དེས་གློག་བརྙན་གྱི་ངོ་བོ་དེ་སྒྱུ་རྩལ་མཚོན་ཐབས་ནས་ཁོག་འབུབས་ཅན་དང་ཚོང་ལས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བྱུང་ཡོད་པ་རེད། 

    ཡིན་ན་ཡང་རང་རེའི་བོད་ལ་ནི་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་མིག་ཟུང་བྲུས་པའི་སྲོལ་རྒྱུན་ནག་པོའི་སྡུག་ཐུག་གི་བྱ་ལས་དེ་བཞིན་གློག་བརྙན་གྱི་བྱུང་བ་དེ་སྐུ་དྲག་མི་དྲག་རེ་གཉིས་ཕྱི་རྒྱལ་དུ་སོང་བའི་མཐོང་ཐོས་ངོམ་སོ་བྱེད་སྤྱད་ཅིག་དང་ལྷ་སྒྲུང་གི་བྱུང་རབས་ཤིག་ལས་གློག་བརྙན་གྱི་སྒྱུ་རྩལ་མཚོན་ཐབས་སྐོར་དངོས་དོན་དུ་འགྱུར་རྒྱུ་ནི་རྙེད་པར་དཀའ་བའི་དཀའ་བའི་རྨི་ལམ་ལྟ་བུ་ཞིག་ཏུ་བལྟས་པས་ན། དུས་རབས་བཅུ་དགུ་བ་ནི་སྟོང་བ་སྟོང་རྐྱང་གིས་གཟིམས་བདེ་འཇགས་ནས་ཡོད་ལ། དུས་རབས་ཉི་ཤུ་བས་ཀྱང་སྨད་ཀྱི་ཆ་ཙམ་ལ་ད་གཟོད་བལ་བོ་དང་འབྲུག་ཡུལ་སོགས་བོད་ཀྱི་གཉེན་ཚན་དུ་གྱུར་བའི་རྒྱལ་ཁབ་དག་ལས་བོད་སྐད་ཀྱིས་མཚོན་པའི་གློག་བརྙན་ཐོག་མ་བྱུང་བར་མངོན་ཏེ། དེ་ཡང་ཧྥ་རན་སེའི་འཁྲབ་ཁྲིད་པ་སྐད་གྲགས་ཅན་ཡ་ཁི་པེ་ཧྭན་གྱིས་བལ་བོ་རྒྱལ་ཁབ་དང་མཉམ་འབྲེལ་སྒོས་ཕབ་སྐྲུན་བྱས་པའི་མཐའ་མཚམས་བོད་ཀྱི་འཚོ་བ་མཚོན་པའི་བོད་སྐད་གློག་བརྙན་ཐོག་མ༼ རི་བོ་ཧི་མ་ལ་ཡ ༽(XIMALAYA)ཞེས་པར་༢༠༠༠ལོར་ཨ་རིའི་ཨོ་སི་ཁའི་ཕྱི་རྒྱལ་གྱི་གློག་བརྙན་བརྩམས་ཆོས་ཆེས་བཟང་བོ་ཞེས་པའི་མིང་བཏགས་བྱ་དགའ་ཐོབ་པ་ནས་ད་གཟོད་བོད་སྐད་ཀྱི་གློག་བརྙན་དེ་འཛམ་གླིང་གི་ཡུལ་ཕྱོགས་ཀུན་ལ་སྟོན་པའི་དབུ་མཛད་ཅིང་།  རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་གློག་བརྙན་བརྩམས་ཆོས༼ ཕོར་པ ༽(CUP)དང་༼ ཆང་ཧུབ་གང་འཐུང་རྗེས་ཀྱི་འཕྲུལ་སྣང ༽(TraveIIersMagicians)སོགས་གློག་བརྙན་སྐད་གྲགས་ཅན་མང་པོ་ཞིག་ལ་འཛམ་གླིང་མི་དམངས་ཀྱིས་དགའ་བསུ་འཐོབ་པ་དེས། བོད་སྐད་གློག་བརྙན་གྱི་འཕེལ་འགྲོས་ལ་ལམ་བུ་གསར་དུ་ཕྱེས་ཤིང་།  ༼ སམ་ས་ར ༽(色戒)སོགས་འདོད་པ་མཚོན་པའི་སྔོན་བརྒལ་གློག་བརྙན་བྱུང་བ་དེས་བོད་ཀྱི་དད་མོས་དང་འཚོ་བ།  སྒྱུ་འཕྲུལ་གྱི་མཛེས་འཛིན་ལྟ་ཚུལ་སོགས་ལ་སྔར་མེད་ཀྱི་ཁ་དོག་གསར་བ་ཞིག་བསྣན་ཏེ་གློག་བརྙན་གྱི་ལམ་ཁ་ནས་བོད་ཀྱི་འཚོ་བ་མཚོན་ཅི་ཐུབ་བྱས་ཡོད་ནའང་།བོད་ནང་ཁུལ་དུ། རྒྱ་ནག་གི་གློག་བརྙན་འཕེལ་བའི་འགྲོས་བཞིན་རྒྱ་སྐད་ཀྱི་ལམ་ནས་བོད་ཀྱི་འཚོ་བ་མཚོན་པའི་གློག་བརྙན༼ རྟ་རྐུན༽(盗马贼) དང་༼ ཞིང་བྲན ༽(农奴)སོགས་གང་མང་མང་ཞིག་གིས་སྤྱི་སྐད་གཅིག་གྱུར་མིན་པའི་བོད་ཡུལ་ལུང་བ་ཆེན་པོ་འདིའི་ལྟ་མཁན་དག་གི་འཆར་ཅན་པའི་སྐྱོ་བ་སངས་སུ་བཅུག་སྟེ།  བོད་སྐད་རྣལ་མའི་གློག་བརྙན་གྱི་བྱུང་བ་དེ་ལ་རེ་སྒུག་དང་སྨོན་སེམས་ཀྱི་འདུན་པ་འཆང་ནས་ཡོད་དོ། །

   

     དུས་རབས་ཉེར་གཅིག་པ་མགོ་ཚུགས་ཚུན་ནས།རྒྱ་ནག་གི་གློག་བརྙན་དེ་ཕྱི་རྒྱལ་གྱི་ལས་ཁུངས་ཆེན་པོ་རྣམས་དང་མཉམ་འབྲེལ་གྱི་སྟ་གོན་ཐོག་མར་བརྩམས་པ་ནས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལམ་བུ་གསར་དུ་ཚུགས་པ་ཡིས། ༼ དཔའ་རྒོད ༽(英雄)སོགས་འཛམ་གླིང་དུ་སྐད་གྲགས་ཀྱིས་ཆོད་མྱོང་བའི་གློག་བརྙན་དག་བྱུང་ཞིང་།  ཀྲང་དབྱི་མའོ་དང་ཁྲིན་ཁེ་ཀི། ཅ་ཀྲང་ཁི་དང་ཧྥིན་ཞའོ་ཀང་།   ཅང་ཝིན་སོགས་ཚོང་ལས་ཅན་དང་ཕུགས་བསམ་ཅན་གྱི་གློག་བརྙན་ཉིས་ཚེབ་མའི་ལུགས་བྱུང་བས།  འཛམ་གླིང་མི་དམངས་ཀྱི་མིག་དབང་དེ་གློ་བུར་དུ་ཀྲུང་གོའི་ཕྱོགས་སུ་འཁོར་རྒྱུའི་གོ་སྐབས་ལྡན་པ་ནས་གློག་བརྙན་གྱི་ཚ་རླབས་ཤིག་འཕྱུར་ཏེ་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་རང་དབང་ཚུགས་ནས་ཡོད་པ་རེད། 

 

   རང་དབང་དེའི་ཆ་རྐྱེན་གྱི་འོག་ཏུ་རང་རེའི་བོད་ཡུལ་དུའང་པདྨ་ཚེ་བརྟན་དང་ཟོན་ཐར་རྒྱལ་སོགས་ཆེད་ལས་འཁྲབ་གཞུང་ངམ་འཁྲབ་ཁྲིད་པ་དང་བརྙན་ལེན་པའི་ན་གཞོན་ཤེས་ཡོན་ཅན་དག་བྱུང་སྟེ།  ༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽དང་༼འཚོལ༽༼དབུས་ལམ་གྱི་ཉི་མ༽ ༼ཁྱི་རྒན༽སོགས་སྒྱུ་རྩལ་མཚོན་ལུགས་ཀྱི་བོད་སྐད་རྣལ་མའི་གློག་བརྙན་དག་ཕབ་སྐྲུན་ལེགས་འགྲུབ་བྱུང་ཞིང་།  ལྗང་བུ་སོགས་ཀྱིས་མཚོན་པའི་ཆེད་ལས་འཁྲབ་གཞུང་མ་ཡིན་པའི་རྩོམ་པ་པོ་མང་དག་ཅིག་གིས་བོད་སྐད་ཀྱི་ལམ་ནས་འཁྲབ་གཞུང་འབྲི་བའི་ལུགས་སྲོལ་ཕྱེ་སྟེ་ཚོང་ལས་ཅན་གྱི་གློག་བརྙན་༼ཧི་མ་ལ་ཡའི་རྒྱལ་སྲས༽སོགས་ལེགས་འགྲུབ་བྱུང་བ་དེས་བོད་སྐད་གློག་བརྙན་གསར་འབྱེན་ཀྱི་རྨང་འདིང་ནས་ཡོད་པ་དང་། ཕུར་བ་སྐྱབས་དང་སྟོབས་རྒྱས། རིན་ཆེན་དོན་གྲུབ་སོགས་བོད་ས་སྐྱེ་རྡོ་སྐྱེ་ཡི་གློག་བརྙན་འཁྲབ་སྟོན་པ་དག་ལ་གློག་བརྙན་ཧྲིལ་བོའི་འཁྲབ་ཚིག་བོད་སྐད་ཀྱི་ལམ་ནས་རྒྱག་པའི་གོ་སྐབས་དེ་སྤྲད་པས་ན།བོད་ཀྱི་ལོ་རྒྱུས་དང་འཚོ་བ་སོགས་ཕ་སྐད་ཀྱི་ལམ་ནས་འཛམ་གླིང་མི་དམངས་ཀྱི་རྣ་སྒོར་སྐྱེལ་བའི་འཕྲིན་ལས་རྒྱས་སུ་བཅུག་སྟེ་བོད་ཀྱི་གློག་བརྙན་དེ་འཛམ་གླིང་གློག་བརྙན་གྱི་ཆ་ཤས་ཤིག་ཏུ་འགྱུར་བར་ལོ་རྒྱུས་ཀྱི་མཐུན་རྐྱེན་ཚུགས་སུ་བཅུག་ཡོད་པ་རེད།

 silent-holy-stones_副本_副本.jpg

བོད་སྐད་གློག་བཪྙན་ངོ་སྤྲོད།

 

              དང་པོ།༼ ལྷིང་འཇགས་ཀྱི་མ་ནི་རྡོ་འབུམ ༽དང་༼ འཚོལ ༽

 

          གོང་གསལ་གློག་བརྙན་གཉིས་ནི་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་གཞུང་དང་འཁྲབ་ཁྲིད་ཀྱི་ལས་ཀ་འགན་གཅིག་ལྕོག་བྱས་པའི་གློག་བརྙན་བརྩམས་ཆོས་གཉིས་ཡིན་ཞིང་།  བོད་སྐད་ཀྱི་ལམ་ནས་ཕབ་སྐྲུན་བྱས་པའི་གློག་བརྙན་ལ་རྒྱལ་སྤྱི་རང་བཞིན་ཅན་གྱི་བྱ་དགའ་མང་པོ་འཐོབ་པའི་གློག་བརྙན་ཐོག་མའང་ཡིན།  ༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ཞེས་པ་དེ་དགོན་སྡེའི་གྲྭ་ཕྲུག་ཅིག་གི་འཚོ་བའི་ཕྱི་ཤུན་དེས་རིག་གནས་གསར་རྙིང་བར་གྱི་འགལ་བ་དང་སེམས་འཚུབ་མཚོན་པའི་ཡིད་འགྱུའི་གློག་བརྙན་ཞིག་ཡིན་ལ།   ༼འཚོལ ༽གྱིས་ནི་བར་ཐག་དེ་ལས་ཅུང་གསལ་ཁ་ཕྱེ་བའི་ཕོ་མོའི་བརྩེ་དུང་གློག་བརྙན་གྱི་རྒྱུད་སྐུད་དུ་བཞག་ཐོག  གཏམ་རྒྱུད་ཀྱིས་གཏམ་རྒྱུད་འདྲེན་པའི་དྲན་འཆར་དེ་ལས་གློག་བརྙན་ཕྱི་མ་དེ་དང་སྔ་མ་གཉིས་ལ་འབྲེལ་བའི་ཆ་ཞིག་ཚུགས་སུ་བཅུག་སྟེ་འཚོལ་རྟོགས་ཀློང་གི་རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་གཏམ་རྒྱུད་དེས་ཀློག་མཁན་དག་ལ་སྒྱུ་འཕྲུལ་དང་དངོས་ཡོད་གཉིས་ཆ་ནས་བསམ་བློ་གཏོང་དགོས་པའི་དྲི་རྟགས་ཤིག་བཞག་ཡོད་པ་དང་།  ༼ གློག་བརྙན་ལ་རྒོལ་བའི་གློག་བརྙན ༽ཞེས་འཛམ་གླིང་གི་གློག་བརྙན་ཞིབ་འཇུག་པ་དག་ལ་ཡིད་ཚོད་ལས་བརྒལ་བའི་གློག་བརྙན་འཁྲབ་ཁྲིད་པ་ཁྱུ་མཆོག་ཅིག་གི་འགྲན་ཏུ་མི་གཏུབ་པའི་མཁས་མཛངས་དེ་སྟོན་ཐུབ་ཡོད་པ་རེད།

 

          གཉིས་པ།༼ ཧི་མ་ལ་ཡའི་རྒྱལ་སྲས ༽

 

          གློག་བརྙན་འདི་ནི་རྩོམ་པ་པོ་བཀྲ་ཤིས་ཟླ་བ་དང་ལྗང་བུ་གཉིས་ཀྱིས་འཁྲབ་གཞུང་བྲིས་ཏེ་ཕབ་སྐྲུན་བྱས་པའི་བོད་སྐད་གློག་བརྙན་ཞིག་ཡིན་ལ།གློག་བརྙན་ཧྲིལ་བོ་སྐད་གྲགས་ཆེ་བའི་དབྱིན་ཇིའི་འཁྲབ་གཞུང་རྩོམ་པོ་ཤིག་སི་ཕེར་གྱི་འཁྲབ་གཞུང༼ ཧམ་ལི་ཀྲི ༽དང་བོད་རྗེ་གྲི་གུམ་བཙན་པོ་སྐབས་ཀྱི་ལོ་རྒྱུས་ཤོད་རྒྱུན་གཉིས་གཅིག་ལ་གཅིག་བསྲེས་ཀྱིས་ཐུན་མོང་མ་ཡིན་པའི་སྐྱོ་གར་རང་བཞིན་ཅན་གྱི་གཏམ་རྒྱུད་ཅིག་ཏུ་གྲུབ་པའི་གློག་བརྙན་ཞིག་ཡིན་ལ།  དམངས་སྒོར་བྱེ་བ་གསུམ་ལྷག་གི་འགྲོ་གྲོན་ཕུད་པའི་ཚོང་ལས་རང་བཞིན་ཅན་གྱི་བོད་སྐད་གློག་བརྙན་ཆེས་ཐོག་མའང་ཡིན།

 

འཁྲབ་ཁྲིད་པ་ངོ་སྤྲོད།

 

            པདྨ་ཚེ་བརྟན།  ༡༩༦༨ལོར་མཚོ་སྔོན་ཁྲི་ཀ་ནས་སྐྱེས། སྔ་ཕྱིར་ནུབ་བྱང་མི་རིགས་སློབ་ཆེན་དང་པེ་ཅིན་གློག་བཪྙན་སློབ་གླིང་སོགས་སུ་རྩོམ་རིག་དང་གློག་བཪྙན་འཁྲབ་གཞུང་གི་ཤེས་བྱར་སྦྱང་བ་བྱས་ཏེ་སློབ་མཐར་ཕྱིན་ཅིང་།  ད་ལྟ་གློག་བཪྙན་སློབ་གླིང་དེ་གར་འཁྲབ་ཁྲིད་པའི་རབ་འབྱམས་ལས་ཐོབ་ལ་བརྩོན་བཞིན་ཡོད། ཁོང་གིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྒྲུང་གཏམ་མང་པོ་ཞིག་དུས་དེབ་སོགས་སུ་སྤེལ་བར་བྱ་དགའ་མི་ཉུང་བ་ཞིག་འཐོབ་མྱོང་ལ།  ༢༠༠༢ལོ་ནས་བཟུང་གློག་བཪྙན་ཕབ་སྐྲུན་གྱི་བྱ་བར་ཞུགས་ཤིང་།༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽དང་༼ འཚོལ ༽གཉིས་ཕབ་སྐྲུན་ལེགས་འགྲུབ་བྱུང་བ་དེས་རྒྱལ་སྤྱི་རང་བཞིན་གྱི་བྱ་དགའ་བཅུ་ལྷག་བླངས་མྱོང་ཡོད།  ད་ལམ་བོད་སྐད་གློག་བརྙན་གསུམ་པ༼ ཁྱི་རྒན ༽ཞེས་པ་གོ་ལ་ཧྲིལ་བོར་ཡོངས་ཁྱབ་ཏུ་སྟོན་གིན་པའི་སྒང་ཡིན་ནོ།།

 

དཔྱད་མཆན་ཡོད།