བརྗོད་གཞི་གཅིག་གི་མཚོན་ལུགས་གཉིས།

     


     དེ་ཡང་ཇི་སྐད་དུ་རྗེ་དམུ་དགེ་བསམ་གཏན་མཆོག་གིས།སྤྱི་ཚོགས་ཀྱི་གསར་འགྱུར①་རྒྱ་མཚོ་ཆེན་པོའི་རྦ་རླབས་བཞིན་ཁད་ཀྱིས་ཁད་ཀྱིས་བོད་མཐོ་སྒང་དུ་མཆེད་ནས་ཡོང་ཞིང་འགོག་ཐབས་མེད་པས།རང་ཅག་ཚོས་ཀྱང་རིག་གནས་གསར་བ་དག་སྦྱང་བ་མ་བྱས་ན་ནི་རྒྱ་མཚོའི་རྦ་རླབས་ཁྲོད་ནས་ནུབ་འགྲོ་བར་དོགས་ཞེས་གསུང་བ་བཞིན།གློག་བརྙན་སྒྱུ་རྩལ་གྱི་རྦ་རླབས་ཆེས་ཆེར་རྒྱས་བཞིན་པའི་དུས་འདིར།རང་ཅག་ཁ་བ་རི་བའི་ལྗོངས་འདིར་ཀྱང་ངེས་པ་དོན་གྱི་བོད་པའི་གློག་བརྙན་ཞེས་རིག་པ་གསར་བ་འདི་ས་བཅད་མ་སྟོང་དུ་བསྐངས་མཁན་པདྨ་ཚེ་བརྟན་གྱིས་སྒྱུ་རྩལ་གྱི་ཞིང་ཁམས་གསར་བ་ཞིག་གི་སྒོ་འཕར་གངས་རིའི་ལྗོངས་ལ་ཡོངས་སུ་ཕྱེ་བས་བཀའ་དྲིན་ཤིན་ཏུ་ཆེ་ལ།དེ་བཞིན་དུ་ཁོ་ནི་རིག་གནས་གསར་རྙིང་གཉིས་ཀྱི་གདོང་ཐུག་གི་བར་གསེང་ནས་དངོས་སུ་འཚར་ལོངས་བྱུང་མཁན་ཞིག་ཡིན་པའི་ཆ་ནས།ཁོའི་གློག་བརྙན་དག་ལས་དེ་ལྟ་བུའི་གདོང་ཐུག་གི་བརྗོད་གཞི་དང་གནད་དོན་ནམ་ཡང་མཐོང་ཐུབ་གིན་འདུག ཡིན་ནའང་གདོང་ཐུག་དང་འགལ་འདུ་ཡི་བརྗོད་གཞི་འདི་དག་སྟངས་འཛིན་དང་སྒྱུ་རྩལ་གྱི་ལས་སྣོན་བྱ་དུས།མི་བུ་སོ་སོའི་བསམ་བློའི་རིག་གནས་གྱི་རྒྱབ་ལྗོངས་མི་འདྲ་བའི་དབང་གིས།གློག་བརྙན་སྒྱུ་རྩལ་གྱི་མཚོན་སྟངས་ཆ་ནས་ཀྱང་རྟག་ཏུ་ཁྱད་པར་ཡོང་བཞིན་འདུག འདི་ནས་ཁོས་ཕབ་པའི༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽དང༼རྐང་སྣམ་མཆུ་འདབས་གཡོ་བའི༡༩༨༣ལོ༽ཞེས་པའི་གློག་བརྙན་གཉིས་སོ་སོས་རིག་གནས་ཀྱི་གདོང་ཐུག་ཅི་ལྟར་མཚོན་བཞིན་པ་བསྡུར་བའི་སྒོ་ནས་དབྱེ་བ་ལ།

གཅིག གློག་བརྙན་གཉིས་ཀྱི་གཏམ་རྒྱུད་འདེམས་སྟངས།

     གློག་བརྙན་འདི་གཉིས་ཀ་ཐུན་མོང་དུ་རིག་གནས་གསར་རྙིང་བར་གྱི་སིམ་འཛུལ་དང་ཡང་ན་འགལ་འདུ་ལྟག་སྤྲོད་ཀྱི་སྤྱི་ཚོགས་དངོས་ཡོད་གནས་ཚུལ་ཁྲོད་མི་བུ་བྱེ་བྲག་པ་སོ་སོའི་འཚོ་བའི་བརྒྱུད་རིམ་དང་བསམ་བློའི་འགྱུར་ལྡོག་མཚོན་པའི་བརྩམས་ཆོས་སུ་གཏོགས།ཡིན་ནའང་གློག་བརྙན་གཉིས་ཀས་མཚོན་རྒྱུ་ནི་མི་རིགས་དང་ས་ཁུལ་མི་འདྲ་བ་སོ་སོ་ནས་བྱུང་བའི་གནས་ཚུལ་དང་གནད་དོན་ཡིན་ཙ་ན།འཁྲབ་ཁྲིད་པས་གློག་བརྙན་ཀྱི་བརྗོད་བྱ་འདི་དག་འབུར་ཐོན་དུ་མཚོན་ཆེད་གང་ལ་གང་བསྟུན་གྱིས་གཏམ་རྒྱུད་བདམས་བཀོད་བྱ་རྒྱུ་ནི་གློག་བརྙན་ཧྲིལ་བོ་ཞིག་ལེགས་གྲུབ་བྱུང་མིན་གྱི་རྐྱེན་གཙོ་བོར་གྱུར་ཡོད།དེ་ན་འདིར་དྲངས་པའི༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽དང༼རྐང་སྣམ་མཆུ་འདབས་གཡོ་བའི་༡༩༨༣ལོ༽གཉིས་ཀྱང་གཏམ་རྒྱུད་ཡོངས་སུ་མི་མཐུན་པ་གཉིས་ཀྱིས་བརྗོད་གཞི་གཅིག་མཐུན་ཞིག་སྟོན་བཞིན་ཡོད།
    ༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་༽དུ།བན་དེ་ཆུང་ཆུང་ཞིག་ལོ་སར་ལ་ཕ་ཡུལ་དུ་ལོག་ནས་མཐོང་བའི་བརྙན་འཕྲིན་འཕྲུལ་ཆས་དང་དེར་སྟོན་གྱིན་པའི་ཐང་སིན་བླ་མའི་རྣམ་ཐར།དེ་བཞིན་བྱིས་པ་ཚོས་སྲོལ་རྒྱུན་གྱི་རྣམ་ཐར་ལ་བལྟ་བར་མི་སྤྲོ་བར་སྡེ་བའི་ནང་ཕྱེ་བའི་གློག་བརྙན་ཁང་ལ་ཕྱིན་པ།རྣམ་ཐར་འཁྲབ་མཁན་ཚོས་ཀྱང་འཁྲབ་སྟོན་རྫོགས་རྗེས་དིས་སི་ཁཱོ་ལྡིང་བཞིན་པ་བཅས།མཐར་བན་དེ་ཆུང་ཆུང་དེ་ཕྱིར་དགོན་པར་ལོག་གྲབས་ཡོད་དུས་བརྙན་འཕྲིན་ལས་བསྟན་པའི་ཐང་སིན་བླ་མའི་རྣམ་ཐར་གྱིས་སེམས་ཀྱི་དུངས་པ་རྩ་བ་ནས་དྲངས་པས་རང་གི་ཨ་ཁུར②་ཡང་བལྟ་རུ་འཇུག་ཆེད་ཁྱིམ་གྱི་བརྙན་འཕྲིན་དགོན་པའི་ནང་སྐྱེལ་དུ་བཅུག ལམ་བར་ནས་ཁོ་ཚོ་མ་ཎི་རྡོ་བརྐོས་མཁན་གྱི་བགྲེས་པོ་ཞིག་ལ་ལོ་སར་གྱི་ལེགས་སྐྱེས་བསྐྱལ་བ་དང་ཞོར་ནས་བན་དེས་བགྲེས་པོར་ཉིན་གཉིས་ཀྱི་སྔོན་ལ་ཚུར་ཡོང་སྐབས་མ་ཎི་རྡོ་བརྐོས་ཤིག་ཞུས་ཡོད་པ་ལེན་དུ་འགྲོ་དུས།རྡོ་བརྐོས་མཁན་བགྲེས་པོ་འདས་ཟིན་པ་བརྐོས་ཀྱི་ལག་རྩལ་རྒྱུད་འཛིན་མཁན་ཡང་མ་བྱུང་བ་བཅས་མྱ་ངན་ཞུས་རྗེས།གྲྭ་ཤག་ནས་བརྙན་འཕྲིན་ཟློས་གར་ལ་བལྟས་པ་དང་ཉེ་འཁོར་གྱི་བན་དེ་གཞན་དག་ཀྱང་བཀུག་ནས་བལྟ་རུ་ཡོང་བ་བཅས་ཀྱི་གཏམ་རྒྱུད་ཅིག་བརྗོད་ཡོད།གཏམ་རྒྱུད་ཧ་ཅང་བབ་ཆགས་དང་འཚོ་བར་ཉེ་བས་བོད་ཀྱི་ལྟད་མོ་བ་ཞིག་ཡིན་ཕྱིན་རང་དང་ཤིན་ཏུ་ཆ་རྒྱུས་ཡོད་པའི་སྣང་བ་ཞིག་བསྐྱེད་ཡོང་།
    ༼རྐང་སྣམ་མཆུ་འདབས་གཡོ་བའི་༡༩༨༣ལོ༽ཞེས་པའི་གློག་བརྙན་འདིར།བྱིས་པ་ཞིག་གི་ཕྱིར་དྲན་གྱི་ཞིབ་བརྗོད་རྣམ་པས༡༩༨༣ལོར་རྒྱ་ནག་གི་ཧུའུ་པའེ་ས་ཆའི་གྲོང་སྡེའི་དུད་ཚང་ཞིག་གི་གཏམ་རྒྱུད་བརྗོད་ཡོད།གློག་བརྙན་གྱི་བརྗོད་བྱ་གཙོ་བོ་བྱིས་པ་དེའི་ཕུ་བོས་གྲོང་རྡལ་གྱི་དཔེ་ཚོང་ཁང་གི་བུད་མེད་ཅིག་ལ་བརྩེ་བ་བཅངས་ཡོད་ནའང་རང་གི་བརྩེ་བ་བརྗོད་པར་མི་སྤོབས།སྐབས་དེར་གྲོང་བརྡལ་གྱི་གསར་བུ་གཞན་ཞིག་གིས་ཀྱང་བུད་མེད་དེ་བློར་བབས་པ་མ་ཟད།རྒྱུན་པར་དཔེ་ཚོང་ཁང་གི་མདུན་ནས་གསར་དར་གྱི་རྐང་སྣམ་མཆུ་འདབས་ཡངས་པོ་ཅན་གྱོན་ནས་དིས་སི་ཁཱོ་ཞབས་བྲོ་ལྡིང་བ་བཅས་ཐབས་སྣ་ཚོགས་གིས་བུད་མེད་དེའི་བརྩེ་བའི་ཨ་ལོང་ཀྱང་ཚུར་བཀུག་སོང་།སྐབས་དེར་གྲོང་སྡེའི་གསར་བུ་རྣམ་གྱིས་ཀྱང་གྲོང་བརྡལ་གྱི་མི་ཚོར་ལད་བཟློས་ཀྱིས་དེའི་རིགས་ཀྱི་རྐང་སྣམ་གྱོན་པ་དང་ཞབས་བྲོ་ལྡིང་པ་སོགས་ཁོ་ཚོར་འགྲན་བསླངས།འགྲན་བསྡུར་གྱི་དགོང་མོ་དེར་ཕུ་བོ་ཁོ་ལ་ཚུར་དུངས་པའི་བུད་མེད་གཞན་ཞིག་དང་འགྲོགས་པས་རྗེས་སུ་བུད་མེད་གཞན་པ་དེར་བྱིས་པ་ཆགས་པ་དང་།མཐར་སློབ་ཆེན་འགྲིམ་མཚམས་བཞག་ནས་ཁྱིམ་དུ་འཁོར་བ་བསྐྱངས་པའི་གཏམ་རྒྱུད་དགོད་བྲོ་ལ་ཡིད་འཕྲོག་པ་ཞིག་བསྟན་ཡོད།
    གོང་བརྗོད་གློག་བརྙན་གཉིས་ཀྱི་གཏམ་རྒྱུད་གཉིས་ལས་ང་ཚོས་བྱུང་རིམ་ཧྲིལ་བོའི་ཁྲོད་འདུས་པའི་མི་སྣའི་དགའ་སྐྱོ་ཆགས་སྡང་གི་སེམས་ཀྱི་ཚོར་བ་དང་དེས་བསླངས་པའི་ལྟད་མོ་བའི་ཡིད་ཀྱི་ཚོར་འདུ་བཅས་ཁྱོན་ནས་མི་འདྲ།འདི་ལས་ང་ཚོས་འཁྲབ་ཁྲིད་པས་རིག་གནས་མི་མཐུན་པ་གཉིས་ཀྱི་ཕྱི་ནང་ནས་གནད་དོན་རིགས་གཅིག་གི་བརྗོད་གཞི་ལའང་ངོས་འཛིན་དང་མཚོན་སྟངས་མི་འདྲ་བ་བཟུང་ཡོད་པ་རྟོགས་ཐུབ་ལ་ཞིབ་ཏུ་འོག་ནས་འཆད་པར་བྱ།

གཉིས། པར་མིག་སོགས་ཀྱི་སྤྱོད་སྟངས།

    སྤྱིར་ན་གློག་བརྙན་ནི་བརྙན་ཡོལ་བརྒྱུད་ནས་ལྟད་མོ་བའི་མིག་སྔར་བསྟར་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པའི་ཆ་ནས།གློག་བརྙན་བརྩམས་ཆོས་ཕུལ་བྱུང་ཞིག་ནི་གཏམ་རྒྱུད་ལེགས་པོ་ཙམ་ཞིག་ཁོ་ནས་ཆོག་པ་མ་ཡིན་པར།དེ་ལས་ཀྱང་གཏམ་རྒྱུད་དེ་རྣམ་པ་ཅི་ལྟ་བའི་སྒོ་ནས་བརྗོད་རྒྱུ་དང་།བྱུང་རིམ་གྱི་པར་མིག་གང་དག་འགོད་རྒྱུ།བར་བཅུག་གི་རོལ་དབྱངས་ཅི་ལྟར་སྦྱོར་ལུགས།དེ་བཞིན་མི་སྣའི་འགྲོ་ལུགས་སྡོད་སྟངས་ཇུས་འགོད་དང་ཁྱད་པར་དུ་དམིགས་བསལ་གྱི་ཡིད་བརྙན་ཅི་ལྟར་འགོད་རྒྱུ་སོགས་ནི་དེ་ལས་གལ་ཆེ་བར་མཐོང་།དེ་ན་གློག་བརྙན་སྒྱུ་རྩལ་གྱི་ལས་རིགས་འདི་ད་རག་བར་དར་རྒྱས་ཕྱིན་ནས་ལོ་ངོ་བརྒྱ་ལྷག་གི་འཕེལ་རྒྱས་ཁྲོད་སྒྱུ་རྩལ་ལག་ཐབས་དང་གཞུང་ལུགས་སོགས་ཕུན་སུམ་ཚོགས་པོར་གྲུབ་ཡོད་པ་མ་ཟད།དར་རྒྱས་ཆེ་པའི་ས་ཁུལ་ཨ་རི་སོགས་ནས་སྒྱུ་རྩལ་གྱི་ལས་རིགས་འདི་རྡོ་སྣུམ་དང་རྣོ་ལྕགས་སོགས་བཟོ་ལས་ཆེ་རིགས་ཀྱི་དོ་རུ་གྱུར་བའི་ལས་རིགས་ཤིན་ཏུ་ཕོན་ཆེན་པོར་གྱུར་ཡོད།ཡིན་ནའང་རང་རེའི་ལུང་པར་ད་དུང་བུས་པའི་ངང་ཚུལ་དུ་ཡོད་པས་ཤིན་ཏུ་ཉམ་ང་བའི་ཚོད་འདུག་མོད།རྒྱའི་ཁ་དཔེར་ཡང་མཆིལ་བ་ཆུང་རུང་དོན་ལྔ་ཚང་ཞེས་པ་བཞིན་དར་རྒྱས་འཕྱི་རུང་སྒྱུ་རྩལ་གྱི་རྣམ་པ་རང་མཚན་པ་ཞིག་ཏུ་གྲུབ་ཟིན་གཤིས།དེའི་ཐད་ཀྱི་སྒྱུ་རྩལ་ལག་ཐབས་དང་གཞུང་ལུགས་ཤེས་བྱ་སོགས་རིམ་བཞིན་འཐུས་ཚང་དུ་འགྲོ་བཞིན་པའི་སྒང་ཡིན།ལྷག་པར་དུ་པདྨ་ཚེ་བརྟན་ནི་དེའི་ཁྲོད་ཀྱི་སྔོན་སྐྱོད་པར་བགྲང་ཆོག་པས་ལག་ཐབས་སོགས་གཞན་ལ་མིག་ལྟོས་དཔེ་ལད་དང་རང་གི་ཉམས་ཞིབ་བློ་སྦྱོང་གཉིས་གོ་བསྡུར་གྱིས་གློག་བརྙན་བརྩམས་ཆོས་ཁྲོད་སྤྱོད་བཞིན་པ་མཐོང་ཐུབ།
    སྤྱིར་ན་ཁོའི་གློག་བརྙན་མང་ཆེ་ཤོས་གྱི་ཕབ་ལུགས་དང་པར་མིག་འགོད་སྟངས་སོགས་ནི་དངོས་གཤིས་ཀྱི་ལུགས་སུ་འདུག་པས།ང་ཚོས་ཧྥ་རན་སའི་རླབས་རྒྱུན་གསར་བའི་གློག་བརྙན་ལས་འགུལ་རྗེས་ཀྱི་གློག་བརྙན་གཞུང་ལུགས་དང་ལག་ཐབས་སོགས་གྱི་གྲིབ་གཟུགས་ཁོའི་བརྩམས་ཆོས་ཁྲོད་ནས་རབ་རིབ་མཐོང་ཐུབ།འདི་ནི་གློག་བརྙན་འདི་གཉིས་ཀྱི་ཐུན་མོང་གི་པར་མིག་སྤྱོད་སྟངས་ཡིན་སྟེ།གློག་བརྙན་ཁྲོད་ཀྱི་པར་མིག་འཇགས་པའི་རིགས་མང་པོ་ཞིག་གིས་མི་སྣའི་འགུལ་སྐྱོད་དང་ཡུལ་ལྗོངས་བརྙན་རིས་མཚོན་པར་བྱས་ཡོད།ཡིན་ནའང་ཐུན་མོང་གི་པར་མིག་སྤྱོད་སྟངས་འདི་ལས་ལྟད་མོ་བར་ཐུན་མིན་གྱི་ཚོར་བ་སྦྱིན་ཡོང་།༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽ལས་པར་མིག་འཇགས་པའི་རིགས་མང་ཆེ་ཤོས་ནི་རྒྱང་ལྗོངས་མ་ཟད་པར་མིག་རིང་བའི་རིགས་སུ་གཏོགས་པས་བྱུང་རིམ་གྱི་གོམ་འགྲོས་ཧ་ཅང་དལ་བའི་ཚོར་བ་ཞིག་སྦྱིན་ལ།ལྷག་པར་དུ་བར་བཅུག་རོལ་དབྱངས་སོགས་ཀྱི་རམ་འདེགས་འོག་སྐྱོ་ཤས་ཀྱི་ཚོར་བ་ལྟད་མོ་བའི་འདུ་ཤེས་ལ་སྦྱོར་བའི་དུམ་ཚན་མང་དུ་འདུག་པ་སོགས།གློག་བརྙན་ཧྲིལ་བོར་བལྟས་རྗེས་ཧ་ཅང་ཡིད་མུག་པ་དང་སེམས་སྐྱོ་བའི་སྣང་བ་ཞིག་རང་ཤུགས་ཀྱིས་འཁོར་ཡོང་།དེ་ལས་ལྡོག་སྟེ༼རྐང་སྣམ་མཆུ་འདབས་གཡོ་བའི་༡༩༨༣ལོ༽ནི་ལྟད་མོ་བར་ཧ་ཅང་ལྷོད་ཡངས་ཀྱི་མཁའ་དབུགས་ཁྲོད་ནས་གཅིག་མཐུན་གྱི་བརྗོད་གཞི་ཞིག་མཚོན་དུས།གོང་འདྲའི་སྐྱོ་ཤས་དང་ཡིད་མུག་གི་ཚོར་བ་ཡེ་ནས་སྐྱེས་མི་སྲིད།དེའི་དབང་གིས་ང་ཚོས་ཡང་བསྐྱར་པར་མིག་སྒྱུ་རྩལ་གྱིས་ལྟད་མོ་བར་ཚོར་བ་སྣ་ཚོགས་སྦྱིན་ཐུབ་བའི་ནུས་པ་ཁྱད་པར་ཅན་འདི་ལ་དབྱེ་ཞིབ་བྱ་དགོས། 
    འདི་ནས་ཤིན་ཏུ་དཔེ་ལེགས་ཤིག་གིས་ང་ཚོས་གནད་དོན་འདིར་བསྐྱར་ཞིབ་བྱ་ཆོག་སྟེ།གློག་བརྙན་གཉིས་ཀའི་ཁྲོད་ནས་གསར་དར་རིག་གནས་མཚོན་བྱེད་དུ་འཁྲབ་ཁྲིད་པས་དཔེ་མཚོན་གཅིག་འདྲ་ཞིག་བཀོད་འདུག་པ་དིས་སི་ཁཱོ་ལྡིང་བ་དེ་རེད། ཡིན་ནའང་གཅིག་མཚུངས་གི་དིས་སི་ཁཱོ་ཞབས་བྲོ་དང་གཅིག་མཚུངས་གི་ན་གཞོན་ཞབས་བྲོ་མཁན་དག་གིས་སྦྱིན་པའི་ཚོར་བ་ཁ་ཁ་ཡིན་འདུག 1111_Fotor_Collage_Fotor.jpg༼རྐང་སྣམ་མཆུ་འདབས་གཡོ་བའི་༡༩༨༣ལོ༽ལས་བྱིས་པ་ཞིག་གི་མཐོང་སྣེ་སྤྱད་ནས་ན་གཞོན་དག་གིས་གསར་དུ་སྤྱོད་བཞིན་པའི་འཚོ་བའི་ལོངས་སྤྱོད་ལ་ཡིད་སྨོན་གྱི་སེམས་ཁམས་དང་ཚོར་སྣང་གིས་དིས་སི་ཁཱོ་དེ་བྱ་དངོས་གསར་རྐྱང་གི་རྣམ་པས་མི་རྣམས་ཀྱི་ཡིད་དབང་འཕྲོག་བཞིན་པ་མཚོན་ཡོད།འདིར་སྤྱད་པའི་པར་མིག༼པར ༡ལྟ་བུ༽ཀྱང་བྱིས་པ་ཞིག་གི་གཟུགས་ཚད་དང་མཐུན་པའི་ཚུལ་གྱིས་དམའ་ས་ནས་ཅུང་ཡར་གསེག་གིས་ན་གཞོན་ཚོས་ཞབས་བྲོ་ལྡིང་བར་ཡིད་སྨོན་འཆོར་བའི་ཚུལ་དུ་བསྟན་པས།གློག་བརྙན་ལྟད་མོ་མཁན་ཚོས་ཀྱང་བྱིས་པའི་མཐོང་སྣེ་གཡར་ནས་གློག་བརྙན་ལ་ཟབ་ཞུགས་བྱས་ཡོད་པས་ཚོར་སྣང་གཅིག་མཐུན་བརྒྱུད་སྤྲོད་བྱ་ཐུབ།༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽ལས་ཀྱང་དེ་འདྲའི་དེང་རབས་རིག་གནས་སྐོར་སྲོལ་རྒྱུན་ཁྲོད་སིམ་འཛུལ་ཡོང་བའི་སྣང་ཚུལ་མཚོན་བྱེད་རྣམ་ཐར་འཁྲབ་མཁན་ཚོས་འཁྲབ་སྟོན་རྫོགས་རྗེས་དིས་སི་ཁཱོ་ལྡིང་བ་ཞིག་བཀོད་སྒྲིག་བྱས་ཡོད།ཡིན་ནའང་པར་རིས་དེ་ལྟད་མོ་བའི་མིག་ལ་ཤིན་ཏུ་མི་མཛའ་བའི་ཚོར་སྣང་ཞིག་གིས་བསྟིམས་ཡོད་དེ།ཐོག་མར་འཁྲབ་སྟོན་མཁན་ན་གཞོན་དག་གིས་སྲོལ་རྒྱུན་རྣམ་ཐར་འཁྲབ་ཆས་གྱི་ལྭ་རིང་ལྷུག་ལྷུག་དུ་དཔྱངས་པ་དག་གྱོན་ནས་རྐང་ལག་ཤུགས་ཀྱིས་ལྡེམ་པ་སོགས་ཆ་མི་འགྲིག་པའི་ཉམས་ཤིག་མངོན་ཡོང་།༼པར ༢ལྟ་བུ༽ དེ་བཞིན་པར་མིག་སྤྱོད་སྟངས་ཆ་ནས་ཀྱང་ཤིན་ཏུ་མཐོ་བའི་གནས་ནས་གཤམ་ལ་ལྟ་བའི་ཚུལ་དུ་རིང་བའི་ས་ནས་བརྙན་རིས་སུ༼པར ༣ལྟ་བུ༽བླངས་ཡོད་པས།ལྟད་མོ་བའི་ནང་སེམས་ལ་ངང་ངམ་ཤུགས་ཀྱིས་ཀུན་སྤྱོད་ཀྱི་མཐོ་ས་ཞིག་ནས་མར་གཟིགས་ཚུལ་གྱིས་མིག་ལ་མི་མཛའ་བའི་སྣང་ཚུལ་དེར་གདེང་འཇོག་བྱ་རུ་བཅུག་པས།འཁྲབ་ཁྲིད་པས་སྔོན་དཔོག་གིས་ལྟད་མོ་བ་ཚོར་ལེགས་ཉེས་སྤང་བླངས་ཀྱི་ལམ་ཞིག་བསྟན་ཡོད་པ་འདྲ།པར་རིས་སྤྱོད་སྟངས་འདི་གཅིག་པུ་ལས་ཀྱང་ང་ཚོས་འཁྲབ་ཁྲིད་པ་ཁོས་བརྗོད་གཞི་དང་ནང་དོན་གཅིག་པའི་བྱ་དངོས་ལ་ལྟ་ཚུལ་དང་ལྟད་མོ་བར་སྦྱིན་པའི་ཆ་འཕྲིན་མི་འདྲ་བ་ཚོར་ཐུབ།

གསུམ། གློག་བརྙན་ལས་འཁྲབ་ཁྲིད་པའི་ནང་སེམས་ལ་ལྐོག་བཤེར་བྱ་བ།

    གོང་དུ་བརྗོད་པ་ནང་བཞིན་གློག་བརྙན་གཉིས་ཀྱིས་བརྗོད་གཞི་གཅིག་རྐྱང་ཞིག་སྟེ།སྤྱི་ཚོགས་འགྱུར་ལྡོག་གི་ཚ་རླབས་འཕྱུར་བ་དང་དེང་རབས་རིག་གནས་ཀྱིས་སྲོལ་རྒྱུན་རིག་གནས་དང་འཚོ་བར་སིམ་འཛུལ་དང་ཚུར་རྒོལ་དྲག་ཏུ་བྱས་པའི་འོག མི་བུ་བྱེ་བྲག་པ་སོ་སོའི་ནང་སེམས་ཀྱི་འགྱུར་ལྡོག་དང་འཚོ་བའི་བརྒྱུད་རིམ་ལ་ཐེབས་པའི་ཤུགས་རྐྱེན་བཅས་མཚོན་དུས།འཁྲབ་ཁྲིད་པས་གཏམ་རྒྱུད་གྱི་ནང་དོན་དང་གཏམ་རྒྱུད་བརྗོད་སྟངས།དེ་བཞིན་པར་མིག་སྤྱོད་སྟངས་སོགས་སྒྱུ་རྩལ་ལག་ཐབས་ཡོངས་སུ་མི་མཐུན་པའི་ངང་ནས་མཚོན་ཡོད་པས།ང་ཚོས་གློག་བརྙན་འདི་གཉིས་ལས་འཁྲབ་ཁྲིད་པས་བརྗོད་གཞི་གཅིག་ལ་མཚོན་ལུགས་གཉིས་སྤྱོད་པའི་ནང་སེམས་ཀྱི་རིག་གནས་བསམ་བློའི་ཟུར་ཙམ་མཐོང་ཐུབ།གང་ཡིན་ཞེ་ན།༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་༽ནི༼རྐང་སྣམ་མཆུ་འདབས་གཡོ་བའི་༡༩༨༣ལོ༽ལས་བརྩམས་ཆོས་ཧྲིལ་བོར་སྐྱོ་ཤས་ཆེ་བའི་མཁའ་དབུགས་སྟུག་པོ་ཞིག་གིས་བསྟུམས་ཡོད་ལ།རྗེས་མ་ནི་དེ་ལས་ལྡོག་སྟེ་དེང་རབས་རིག་གནས་ཀྱི་སིམ་འཛུལ་དང་སྲོལ་རྒྱུན་འདུ་ཤེས་ཀྱི་འགལ་འདུ་ལྟག་སྤྲོད་འོག་འུ་ཐུག་གིས་འཚོ་བའི་ཁ་ཕྱོགས་ལ་གདམ་ག་བྱས་རུང་།གློག་བརྙན་ཧྲིལ་བོར་ཧ་ཅང་ལྷོད་ཡངས་དང་རྩེད་མཚར་གྱི་མཁའ་དབུགས་ཞིག་གི་ཁྲོད་ནས་གཏམ་རྒྱུད་གྱི་བྱུང་རིམ་ཆ་ཚང་མཇུག་རྫོགས་པར་བྱས་པས་ལྟད་མོ་བ་ཚོར་ཡོངས་སུ་མི་མཐུན་པའི་ཚོར་སྣང་སྦྱིན་འགྲོ། འདི་ལས་ང་ཚོས་འཁྲབ་ཁྲིད་པ་ཁོ་རང་བོད་པའི་ཆོས་ལུགས་རིག་གནས་ཀྱི་མཁའ་དབུགས་སྟུག་པོའི་ཁྲོད་ནས་ལུས་སེམས་གཉིས་ཀ་འཚར་ལོངས་བྱུང་བ་ཞིག་ཡིན་པའི་ཆ་ནས།སྲོལ་རྒྱུན་གྱི་རིག་གནས་འདུ་ཤེས་དང་བག་ཆགས་ཀྱིས་ཁོའི་སྒྱུ་རྩལ་བརྩམས་ཆོས་གསར་སྐྲུན་ལ་ཤུགས་རྐྱེན་ཐེབས་བཞིན་པ་རྟོགས་ཐུབ།མ་གཞིར་དེང་རབས་རིག་གནས་དང་བསམ་བློ་ཡིས་སྲོལ་རྒྱུན་འདུ་ཤེས་ལ་ཤུགས་རྐྱེན་ཐེབས་བཞིན་པ་འདིའང་བཟང་ངན་ལེགས་ཉེས་ཞེས་ཁ་ཚོན་གཅོད་དཀའ་བས་དུས་བསྟུན་བསྒྱུར་བཅོས་གཏོང་རྒྱུ་གལ་ལ།འགྱུར་ལྡོག་འདི་དག་གི་ཁྲོད་ནས་སྐྱེས་བུ་བྱེ་བྲག་པ་སོ་སོའི་མི་གཞི་དང་བསམ་བློ།འཚོ་བའི་མཐུན་རྐྱེན་སོགས་ལ་ལེགས་ཉེས་ཅི་རིགས་ཀྱིས་འགྱུར་ལྡོག་འབྱུང་བའང་ཆོས་ཉིད་དུ་གྲུབ། ཡིན་ནའང་པདྨ་ཚེ་བརྟན་གྱིས་འདི་ལྟ་བུའི་འགྱུར་ལྡོག་དེ་རང་སེམས་ཀྱི་ཟབ་སར་གནས་པའི་བོད་པའི་སྲོལ་རྒྱུན་རིག་གནས་དང་སྦྱོར་དུས་ནམ་ཡང་སྐྱོ་ཤས་ཀྱི་སྣང་བ་ཞིག་གིས་རྩོམ་མཁན་སྒེར་ངོས་ཀྱི་ཚོར་འདུ་དྲག་པོ་དང་བཅས་མཚོན་བཞིན་ཡོད།གལ་ཏེ་བསམ་བློ་རིག་གནས་ཀྱི་ཁྱབ་ཁོངས་འདི་ལས་བརྒལ་ཚེ་ཁོང་གིས་ཀྱང་འགྱུར་ལྡོག་དེ་དག་གཟུ་བོའི་སྒོ་ནས་གློག་བརྙན་སྒྱུ་རྩལ་གྱི་བརྗོད་བྱའི་ཁྲོད་སྟངས་འཛིན་དང་ལག་ལེན་གནད་དུ་འཁེལ་བ་བྱས་ཐུབ་ཀྱིན་འདུག གནས་ཚུལ་འདི་དག་གིས་སྲོལ་རྒྱུན་འདུ་ཤེས་དང་བསམ་བློའི་རིག་གནས་ཀྱིས་ཁོའི་སྒྱུ་རྩལ་གསར་རྩོམ་ལ་ཤུགས་རྐྱེན་ཐེབས་བཞིན་པ་གནད་དུ་འཁེལ་ཞིང་གསལ་ཁ་ཆོད་པའི་ངང་བདེན་དཔང་བྱས་ཡོད།གཞན་ཡང་ཁོས་གློག་བརྙན་ཕབ་སྐྲུན་ཁྲོད་བླ་མ་སྤྲུལ་སྐུ་སོགས་ཀྱི་སྣང་བརྙན་བཞེངས་དུས་ནམ་རྒྱུན་འཁྲབ་སྟོན་ནུས་པའི་བཀག་རྒྱ་ལ་མི་འཛེམ་པར་འཚོ་བ་དངོས་ཁྲོད་ཀྱི་བླ་སྤྲུལ་ཞུས་ནས་འཁྲབ་དུ་བཅུག་པ་འདིས་ཀྱང་ཁོའི་བསམ་བློའི་གྲུབ་ཆའི་ཁྲོད་ད་དུང་སྲོལ་རྒྱུན་ཀྱི་འདུ་ཤེས་སྟུག་པོའི་དོགས་སྣང་འདུས་ཡོད་པར་སྙམ།
    མི་སྒེར་ངོས་ཀྱི་བསམ་བློའི་རིག་གནས་ཀྱི་གྲུབ་ཆ་དང་འཚོ་བའི་འདུ་ཤེས་འཛིན་སྟངས་དབང་གིས།པདྨ་ཚེ་བརྟན་གྱིས་བརྗོད་གཞི་རིགས་གཅིག་གི་གློག་བརྙན་༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་༽དང་༼རྐང་སྣམ་མཆུ་འདབས་གཡོ་བའི་༡༩༨༣ལོ༽ཞེས་མི་རིགས་དང་ས་ཁུལ།དུས་སྐབས་བཅས་མི་འདྲ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་གཅིག་པ་ཞིག་གསར་རྩོམ་དང་ཕབ་སྐྲུན་མཛད་དུས་ཡོངས་སུ་མི་མཐུན་པའི་སྒྱུ་རྩལ་ལག་ཐབས་སྤྱད་པ་དང་།དེ་ལས་གྲུབ་པའི་བརྩམས་ཆོས་ལས་བལྟ་མཁན་ཚོར་ཡོངས་སུ་མི་མཐུན་པའི་ནང་སེམས་ཀྱི་ཚོར་བ་སྦྱིན་པ་འདི་ལས་ཀྱང་།གཅིག་ནས་ང་ཚོས་གློག་བརྙན་སྒྱུ་རྩལ་གྱི་པར་མིག་སོགས་ཕབ་སྐྲུན་ལག་ཐབས་ཀྱི་ཁྱད་མཚར་ནུས་པས་ཐུན་མིན་གྱི་བརྩམས་ཆོས་སྣ་ཚོགས་གྲུབ་པར་ཚོད་འཛིན་ཐུབ་པ་རྟོགས་ཐུབ་ལ།གཉིས་ནས་ཡང་བརྩམས་ཆོས་འདི་དག་བརྒྱུད་ནས་ཕྱིར་འཁྲབ་ཁྲིད་པ་ཁོང་གི་སྒྱུ་རྩལ་གསར་རྩོམ་ཁྲོད་ཀྱི་ནང་སེམས་ཀྱི་ཚོར་འདུ་དང་རིག་གནས་བསམ་བློའི་ལངས་ཕྱོགས་སོགས་ལ་ལྐོག་གཤེར་བྱ་ཐུབ་བོ།།

________________________
མཆན། ①འདི་ནས་གསར་འགྱུར་ཞེས་པ་སྤྱི་ཚོགས་སྟེང་གི་བྱ་དངོས་གསར་བའི་འགྱུར་ལྡོག་ལ་གོ
②ཨ་ཁུ་ཞེས་པ་ཨ་མདོའི་ཁ་སྐད་ཁྲོད་གྲྭ་བར་གོ་དུས་ཡོད།


རྩོམ་པ་པོ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དངོས་གཞི་སློབ་མ་ཡིན། 

དཔྱད་མཆན་ཡོད།