ན་ཕོ་ལའམ་ཧེད་ལིར་གྱི་ཕྲུ་གུ་ཞེས་པའི་གློག་བརྙན་དེར་བལྟས་རྗེས།

 

          ཧྥེད་ལིར་ནི་ཁུར་འཛིང་ལ་དགའ་བའི་འཇར་མན་གྱི་ཕྲུ་གུ་ཕལ་བ་ཞིག་ཡིན། ཡུལ་དེར་མི་ལོ་དུ་མར་དམག་འཁྲུག་གིས་གཙེས་པས། ཁོང་གི་ཁྱིམ་གྱི་འཁོས་ཀ་ཧ་ཅང་ཞན་ལ། ལས་ཀའི་ཞོར་དུ་ཁུར་འཛིང་སློབ་སྦྱོང་བྱ་བཞིན་ཡོད། ན་ཕོ་ལ་ཞེས་པ་ནི་ན་ཛིའི་དབང་སྒྱུར་འོག་ཏུ་ན་གཞོན་སྐྱེད་བསྲིང་བྱ་བའི་གཞུང་གི་སློབ་གྲྭ་ཞིག་ཡིན། དེ་གཉིས་ལས་དབང་གིས་འཕྲད་དུས། གཅིག་གིས་གཅིག་གཏན་ནས་བྱོལ་མ་ཐུབ་པར་གྱུར། ཧྥེད་ལིར་གྱི་ཕ་ནི་ན་ཛིའི་གཞུང་ལ་མི་དགའ་ཞིང་། རང་གི་བུ་དེ་ལྟ་བུའི་ན་ཛིའི་བསམ་བློ་སྤེལ་སའི་གཞུང་གི་སློབ་གྲྭ་ལ་གཏོང་འདོད་མེད་མོད། ཧྥེད་ལིར་ཁོང་ན་གཞོན་ཤིང་ངར་ཤུགས་ཀྱིས་ཁེངས་ལ། འདི་ཉིད་ལ་བརྟེན་ནས་ཁྱིམ་ཚང་གི་འཚོ་གནས་ལ་འགྱུར་བ་གཏོང་འདོད་པ་སོགས་ཀྱི་དབང་གིས། ཕ་མ་དང་སྤུན་ཟླའི་མིག་ཆུ་དང་འགྲོགས་པའི་ཞུ་བ་དག་ལ་མ་ཉན་པར་མཚན་ཕྱེད་ལ་ན་ཕོ་ལ་ཞེས་པའི་འབྲོག་སྟོང་གི་མཁར་རྫོང་ན་གནས་འཆའ་བའི་སློབ་གྲྭ་དམིགས་བསལ་བ་དེའི་ཕྱོགས་ལ་གོམ་ཁ་བསྒྱུར། ཨ་མ་ལགས་ཀྱིས་ཙིར་སྒྲ་དང་འགྲོགས་པའི་སྒོ་འབྱེད་བཞིན་པའི་ཧྥེད་ལིར་མཐོང་ནའང་། ཁོའི་བདམས་ཟིན་པའི་ལམ་བུ་ལ་འགྲོ་རུ་བཅུག

     ན་ཕོ་ལ་རུ་བསླེབས་རྗེས་ཁོ་རང་གི་བསམ་པ་བཞིན་ཁུར་འཛིང་སློབ་པ་དང་། མི་ཕྱེད་པའི་ངར་ཤུགས་ཤིག་གིས་རང་ཉིད་ཀྱི་མི་ཚེ་མགོ་ཁྲིད་ཀྱི་འཕྲིན་ལས་དང་མི་རིགས་ཀྱི་གསར་བརྗེ་ལ་འབུལ་བའི་གོ་སྐབས་བྱུང་། སློབ་གྲྭར་ཞུགས་པའི་ཉིན་དང་པོར། ཁོ་ཚོའི་འགན་འཁུར་བས་ཀུན་ལ། མ་འོངས་པར་ཁྱོད་ཚོ་ནི་ས་ཁུལ་ཁག་གི་མགོ་ཁྲིད་པ་ཡིན། ས་ཁུལ་དེ་དག་ནི་འཇར་མན་མངའ་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་ཚོ་མ་ཡིན་པར། ཝ་ཤིང་ཐོན་དང་། མོ་སི་ཁོ། ལོན་ཏོན། ཁེབ་ཏོན་སོགས་འཛམ་གླིང་གི་ཡུལ་གྲུ་ཁག་གི་ལྟེ་བ་དག་ཡིན་ཞེས་སྨྲས། སྐབས་དེར་ཧྥེད་ལིར་གྱིས་སྐད་མཐོན་པོས་དགའ་བའི་ཀུ་སྒྲ་མ་སྒྲོག་ཀྱང་། གནོན་མི་ཐུབ་པའི་སེམས་ཀྱི་འགྱུར་བ་གདོང་ལ་མངོན་པས་མཆུ་འདབས་ཀྱང་ཡར་ལ་བཏེགས།

     ཧྥེད་ལིར་དེ་ལྟར་ངར་ཆུ་བླུད་པ་ལྟ་བའི་རླབས་དེ་ལ་ཚུད་ཅིང་ཡོད་ལ། ཐེངས་ཤིག་ཁུར་འཛིང་གི་འགྲན་སྡུར་སྐབས་སུ་ཕམ་ཞིང་ཕྲག་པ་གློད་པའི་འགྲན་ཡ་ལ་སྙིང་རྗེ་ཅི་ཡང་མེད་པར་ཤུགས་ཀྱིས་གཞུས་ནས་ཕ་རོལ་བོ་བརྒྱལ་བར་བྱས། ཀུན་གྱིས་དགའ་བའི་ཀུ་སྒྲ་བསྒྲགས་ཤིང་། ཧྥེད་ལིར་རང་ཡང་རྒྱལ་ཁ་དེ་ལ་ཡོངས་སུ་ཐིམ་པར་གྱུར་བ་ལས། སེམས་སུ་འོས་མིན་གྱི་ཐེ་ཚོམ་ཏོག་ཙམ་ཡང་མ་ཤར། འོན་ཀྱང་ཁོའི་གྲོགས་པོ་ཨེལ་བྷེག་ཐི་ཡིས་མིག་གིས་མ་བཟོད་པར་ཁོ་ལ་བསྟོད་ར་ཚིག་གཅིག་མ་བཏང་བ་མ་ཟད། ཐད་ཀར་སྙིང་རྗེ་མེད་པར་གཞུས་པ་ལ་ཁ་རྡུང་བཏང་།

      ཨེལ་བྷེག་ཐི་ནི་ས་ཁུལ་དེའི་མགོ་ཁྲིད་ཀྱི་བུ་ཡིན་ཞིང་། མགོ་ཁྲིད་ཁོ་རང་ཧེད་ལིར་གྱི་བཙན་རྒྱལ་རྨི་ལམ་ལ་ཡོངས་སུ་ཐིམ་ཡོད་པའི་དམག་མི་ཞིག་རེད། ཁོས་རང་གི་བུ་ནི་རྩོམ་རིག་ལ་དགའ་བ་དང་། དུང་སེམས་དང་ལྡན་པ་ཞིག་ཡིན་པར་ཡིད་གཏན་ནས་མགུ་བཞིན་མེད་ཅིང་། ཐ་ན་རང་གི་སྐྱེས་སྐར་གྱི་སྐབས་སུ་བུས་རང་ལ་སྙན་ངག་ཅིག་བྲིས་པའང་ཀློག་པའི་མཚམས་བཅད།

p1670131712.jpg

      ཉིན་ཞིག་གི་མཚན་མོར་མགོ་ཁྲིད་སོགས་གློ་བུར་དུ་སློབ་གྲྭར་ཡོང་ནས། སུའུ་ལེན་ནས་བཟུང་ཡོངས་བའི་བཙོན་མ་མང་པོ་ཤིག་རི་ལ་ཤོར་སོང་བས། ཁོ་ཚོའི་འཛིན་གྲྭ་དེ་དག་གི་ར་མདར་འགྲོ་དགོས་ཞེས་བཤད་ལ། མི་རེར་མེ་མདའ་དངོས་སྤྲད་ནས་ཁ་བས་བཀླུབས་པའི་རི་ལ་མངགས་ཤིང་། བཙོན་མ་དེ་དག་གི་ལག་ལ་ལག་ཆ་ཤོར་ཡོད་ཅེས་གསལ་ཡང་བཏབས། ཁོ་ཚོས་རི་ལ་སྔོག་བཤེར་བྱ་བཞིན་པའི་སྐབས་སུ། ནགས་གསེང་ནས་མི་འགའ་བྲོས་པས་ཕྲུ་གུ་དེ་དག་གིས་སྐྲག་སྣང་དང་བཅས་མེ་མདའ་བརྒྱབས་ཤིང་། འབྲོ་གྲབས་བྱ་བའི་བཙོན་མ་དེ་དག་རེ་རེ་བཞིན་བསད། དེ་ནས་ཉེ་བར་བཅར་དུས་མ་གཞི་དེ་དག་གི་ལག་ན་མཚོན་ཆ་ཁབ་ཙམ་ཡང་མེད་ལ། ཁོ་ཚོ་དང་ལོ་ཚོད་མཉམ་པའི་ཕྲུ་གུ་རྐྱང་རྐྱང་རེད། དོན་དེས་ཨེལ་བྷེག་ཐིའི་སེམས་ལ་གཡོ་འཁྱོམས་ཆེན་པོ་བཟོས་པས། ཕྱི་ཉིན་གྱི་རྩོམ་ཡིག་གི་ལས་བྱ་རུ་རང་གི་པ་ལགས་ཚུད་པའི་མགོ་ཁྲིད་པ་དག་ལ་སྐྱོན་བརྗོད་པའི་རྩོམ་ཡིག་ཅིག་བྲིས་ཤིང་། དགེ་རྒན་གྱིས་མཚམས་འཇོག་པར་བསྐུལ་བ་ལ་མ་ཉན་པར་ཀུན་གྱི་མདུན་ནས་བསྒྲགས། ཁོང་ཁྲོ་རབ་ཏུ་འབར་བའི་ཁོའི་པ་ལགས་སློབ་གྲྭར་ཡོང་ནས། ཕྱི་ཉིན་ཚུན་ལ་བྱས་ཉེས་དག་འབུད་ཀྱི་རྩོམ་ཡིག་ཅིག་འབྲི་དགོས་ཞེས་བཀའ་ཕབ་པ་མ་ཟད། ཁྱོད་རང་དམག་འཁྲུག་གི་གཡུལ་ས་དངོས་ལ་མངག་རྒྱུ་ཡིན་ཞེས་རང་གི་བཀོད་སྒྲིག་ཀྱང་ཁོ་ལ་བཤད།

       ཕྱི་ཉིན་ཞོགས་པར་རྩལ་དཔོན་གྱིས་འཁྱག་པ་མཐུག་པོ་ཆགས་པའི་མཚེའུ་ངོགས་སུ་ཨུ་ཁུང་གཉིས་བཏོད་ཅིང་། སློབ་ཕྲུག་ཚོར་ཨུ་ཁུང་གཅིག་ནས་གཞན་བར་རྐྱལ་ནས་འགྲོ་དགོས་པའི་བཀའ་ཕབ། སློབ་ཕྲུག་ཚོ་རེ་རེ་བཞིན་རྐྱལ་ཞིང་ཕྱིན་པ་དང་། ཨེལ་བྷེག་ཐི་ལ་འཁེལ་དུས་ཁོས་བསམ་བློ་ཅུང་ཟད་བཏང་རྗེས་ཐག་པ་ཀློད་ནས་རང་ཉིད་ཆུ་ལ་འབྱིང་བར་བྱས། ཧྥེད་ལིར་གྱིས་ཁ་བ་དག་ལག་པས་དེད་ནས་བལྟས་དུས། དམག་འཁྲུག་བྱ་མི་འདོད་ཅིང་། མེ་མདའ་གཞན་ལ་སྟོན་པར་ཞེ་མེར་བའི་གྲོགས་པོ་དེ་ག་ལེར་ཆུ་ལ་འབྱིང་བའི་ངོ་གདོང་མཐོང་ལ། ངོ་གདོང་དེ་ནི་གཙང་ཞིང་དཀར་བ་དང་། དེའི་རྒྱབ་ཕྱོགས་ནི་མཚེའུའི་རྐུབ་ཀྱི་མཐའ་མེད་པའི་མུན་པ་ནག་པོ་དེ་རེད། རང་གི་བུ་ཕྲུག་ཤི་རྗེས་མགོ་ཁྲིད་གྱི་ལྕམ་མོ་ངུ་ཤུམ་ཤོར་མོད། མགོ་ཁྲིད་ཀྱིས་ཡིད་ཆད་པའི་ཇི་འདྲའི་ནུས་མེད་ཅིག་རེད་ཨང་ཞེས་ལབ།

p1670128366.jpg

      ཁུར་འཛིང་གི་མཐའ་མའི་འགྲན་སྡུར་ལ་བསླེབས་དུས། ཧྥེད་ལིར་གྱིས་ཕ་རོལ་བོ་ཐང་ལ་ཐེངས་གཅིག་བསྒྱེལ་ཞིང་། རང་ཉིད་རྒྱལ་ལ་ཉེ་བ་དང་། ལུས་རྩལ་སློབ་གྲྭར་ཕྱིན་ནས་ཨོ་ལེམ་ཕིག་རྩལ་འགྲན་ལ་ཞུགས་པའི་གོ་སྐབས་སོགས་ཐོབ་ལ་ཉེ་བའི་སྐབས་དེར། ལག་པ་གཉིས་ལྷོད་ཅིང་། འགོག་པ་དང་རྒོལ་བའི་སྟངས་སྟབས་གཅིག་ཀྱང་མ་བསྒོས་པར་ཕ་རོལ་བོར་གང་འདོད་དུ་གཞུ་བར་བཅུག་པས། མཐར་ཁོ་རང་ཕམ་པར་གྱུར། དེ་ལྟར་ཁོ་རང་མདུན་ལམ་ལེགས་པོ་ཡོད་པའི་སློབ་གྲྭ་དེ་ནས་ཕྱིར་ཕུད་ཅིང་། ཁ་བས་འགྲོ་ལམ་སྒྲིབ་པའི་ཉིན་མོ་ཞིག་ལ་སློབ་གྲྭའི་ཕྱི་ལ་བུད། ཁོས་ཕྱི་མིག་ཅིག་བལྟས་དུས་ཁ་བའི་ཡོལ་བ་མཐུག་དྲགས་པས་སློབ་གྲྭའི་མཁར་རྫོང་མཐོན་པོའང་གསལ་ལ་མི་གསལ་བ་ཞིག་ལ་མ་མཐོང་། གློག་བརྙན་གྱི་མཇུག་སྒྲིལ་ཅིང་། མཐའ་མའི་བརྙན་ཡིག་ཏུ་སྤྱི་ལོ་གཅིག་དགུ་ཞེ་དགུ་ལོའི་བར་ལ་འཇར་མན་གྱི་མངའ་ཁོངས་སུ་ན་ཛི་གཞུང་གི་སློབ་གྲྭ་བཞི་བཅུ་ལྷག་ཡོད་ཅིང་། མི་ཁྲི་གཅིག་དང་སྟོང་ལྔ་ལ་ཉེ་བ་ཞིག་སྐྱེད་བསྲིང་བྱས་ཡོད། དམག་འཁྲུག་མཇུག་སྒྲིལ་ལ་ཉེ་ཞིང་ཕམ་ཁ་ཁ་མངོན་དུ་གྱུར་ཡོད་ནའང་། དབང་འཛིན་པ་ཚོས་བྱིས་པ་འདི་དག་སྐོར་དང་སྐོར་བྱས་ནས་གཡུལ་སར་བསྐྱལ་ལ། ལག་ཆ་ཞན་པ་དང་ཧོལ་རྒྱུགས་ཤུགས་ཆེ་བས། སྐར་ཆ་རེ་རེར་བྱིས་པ་འདི་དག་སྲོག་དོན་མེད་དུ་ཤོར་བར་གྱུར་ཡོད། ཅེས་བྲིས་འདུག

     འདི་ནི་ཧྥེད་ལིར་དེ་ཧེད་ལིར་གྱི་མི་ཚེའི་ཕུགས་བསམ་འགྲུབ་པར་བྱེད་པའི་རྩིག་པ་ཆེན་པོ་དེའི་ངོས་ཀྱི་རྡེའུ་ཟེགས་ཤིག་གི་མི་ཚེའི་ཆ་ཤས་ཤིག་ཡིན་ལ། ཧེད་ལིར་གྱི་ཕྲུ་གུ་འདི་དག་ནི་ནམ་ཡང་རང་ཉིད་མ་ཡིན་པར། ཧེད་ལིར་དང་ཧམ་པས་མྱོས་པའི་མི་རིགས་ཤིག་གི་ཧོལ་རྒྱུགས་མངོན་དུ་འགྱུར་བའི་མདེའུ་དག་ཡིན། གལ་སྲིད་ཧྥེད་ལིར་ཨེལ་བྷེག་ཐི་དང་འཕྲད་མེད་ཅིང་། ཁོའི་ཚེ་སྲོག་དང་། འབྲལ་ཁའི་དྭངས་ཤིང་གཙང་བའི་མིག་མདངས་དེས་གསལ་བཏབས་མེད་ན། ཁོའང་ཧེད་ལིར་གྱི་ཕྲུ་གུ་གཞན་པ་ཚོ་ནང་བཞིན། ཁུར་འཛིང་ལ་རྒྱལ་ཁ་ཐོབ་ཅིང་། མི་ཚོགས་ཀྱི་སྤྲོ་སྣང་ཁྲོད་དུ་རང་ཉིད་ཀྱི་བསམ་གཞིག་དང་སྙིང་རྗེ། གཞན་གྱི་སྡུག་བསྔལ་དང་ཟུག་རྔུ་ཤེས་པའི་ཚོར་བ་སོགས་ཡོད་ཚད་ཀྱི་སྒོ་གཏན་ཞིང་། ནམ་ཞིག་མགོ་ཁྲིད་ཀྱི་བྱ་གཞག་དོན་དུ་གཡུལ་ས་རུ་ཕྱིན་ཞིང་། རང་དང་ཕ་རོལ་བོའི་ཕྱོགས་སུ་མདེའུ་མང་པོ་འཕེན་སྲིད་ལ། སྤང་བླང་ཅི་ཡང་མ་ཚོར་བར་རང་ཉིད་ཀྱི་ཚེ་སྲོག་དེ་གར་མཇུག་སྒྲིལ་བར་བྱ་ངེས།

 

      ཁ་སང་ནི་འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་འཁོར་བདུན་ཅུ་འཁོར་བའི་ཉིན་མོ་ཡིན་ཟེར་ཞིང་། མོ་སི་ཁོའི་ཐང་ཆེན་དམར་པོ་ནས་རྒྱལ་ཁ་ཐོབ་པའི་རྒྱལ་ཁབ་མང་པོ་ཞིག་གིས་དུས་མཉམ་དུ་དམག་གཟིགས་ཀྱི་ལྟད་མོ་ཆེན་པོ་ངོམ་བྱུང་ལ། སྔར་མཐོང་མ་མྱོང་བའི་དམག་ཆས་ཀྱང་མང་པོ་མི་ལ་བསྟན་བྱུང་། མིག་མདངས་ལ་ད་དུང་གཞོན་ཉམས་དོད་པའི་ཕོ་སར་མང་པོ་ཕྲེང་བསྒྲིགས་ནས། ཐང་ཆེན་དུ་གོམ་སྟབས་མཉམ་པོའི་ངང་བསྐྱོད་ཅིང་། འཇུར་རྟའི་ཐྲིག་སྒྲ་མཉམ་པོ་དང་དམག་དུང་དང་དམག་རྔའི་ལྡིར་སྒྲ་ཡིས་བྱ་འདབས་འོག་ཏུ་འཚངས་པའི་ཕུག་རོན་དག་ཕྱོགས་ཕྱོགས་སུ་དཀྲོགས། དམག་གཟིགས་ནི་ངོ་མ་ལྟད་མོ་ཆེན་པོ་ཞིག་རེད། འདི་ལས་རྒྱལ་ཁབ་མང་པོ་ཞིག་གི་འོད་ཀྲིག་ཀྲིག་བྱེད་པའི་དཔུང་ཤ་མངོན་ཐུབ། འོན་ཀྱང་དམག་འཁྲུག་གཅིག་གི་རྗེས་དྲན་དྲག་ཆས་དང་རུ་དཔུང་གིས་བྱེད་པ་ལས་མེ་མདའི་ཁུང་བུ་ལ་བཙུད་པའི་མེ་ཏོག་རྒྱ་སེ་དེས་བྱས་ན་ཅི་མ་རུང་སྙམ་པའི་བློ་ཞིག་ཀྱང་བྱུང་སོང་།

དཔྱད་མཆན་ཡོད།