གློག་བརྙན«ཆུ་ལྷམ་ཆུང་ཆུང»ལས་འཕྲོས་པ།


གཅིག ཀླད་ཀྱི་གཏམ།

  འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱི་བརྩམས་ཆོས་གསར་བ<<གེ་སར་རྟ་རྫི>>ལ་(མིང་གནས་སྐབས་གཏན་འཁེལ་བྱས་མེད)ཉེ་སྔོན་པེ་ཅིན་གློག་བརྙན་དུས་སྟོན་གྱི་བྱ་དགའི་རྣམ་གྲངས་སུ་ཚུད་ཡོད་པའི་གཏམ་བཟང་ཐོས་རྗེས། ངས་དགེ་རྒན་བརྒྱུད་དེ་ཁོར་རྟེན་འབྲེལ་ཞུས་ཅིང་། མ་འོངས་བར་ཡང་ཁོའི་གློག་བརྙན་གྱི་མདུན་ལྗོངས་སྔར་ལས་ཡངས་པ་སོགས་ཀྱི་སྨོན་ཚིག་བསྒྲོན་པ་ཡིན། དེ་ལྟར་དགེ་རྒན་དང་ཁོ་གཉིས་ཀྱིས་ཁ་པར་ལས་གློག་བརྙན་དང་དེ་འབྲེལ་གྱིས་ལབ་གླེང་རེ་འགའ་བྱས་མཐར་འཁྲབ་ཁྲིད་པ་ཁོས“ད་ལྟ་ང་ཚོའི་བོད་ཀྱི་གློག་བརྙན་གྱི་ལམ་བུ་ཅུང་འདི་དཀའ་མོ་རེད”ཅེས་པའི་སྐད་ཆ་དེའི་ངའི་སེམས་ལ་ཚོར་བ་ཟབ་མོ་ཞིག་བཞག་སོང་། ཅིའི་ཕྱིར་དཀའ་དགོས་པ་དང་། མིག་སྔར་ཕྲད་པའི་གནད་དོན་སོགས་རེ་རེ་ནས་གླེང་བཞིན་པ་བདག་གིས་གསལ་བོ་ཐོས།

བོད་མི་རིགས་དང་གློག་བརྙན་གྱི་འདུ་ཤེས།—

    སྤྱི་ཟླ་བརྒྱད་པའི་ཚེས་བདུན་ཉིན་ཏག་ཏག་གཟའ་མཇུག་ལ་འཁེལ་འདུག་པས། ང་རང་གཙོད་གྲོང་ཁྱེར་གྱི་གློག་བརྙན་ཁང་དུ་སོང་ནས《ཆུ་ལྷམ་ཆུང་ཆུང》ལ་བལྟས་པ་ཡིན། ཉིན་དེར་རྒྱལ་ཡོངས་ནས་ཐོག་མའི་གཟིགས་འབུལ་གྱི་ཉིན་ཡིན་པས། བདག་གིས་ཀྱང་སྔ་ནས་པ་སེ་ཉོས་པ་ཡིན། ཡིན་ཙང་གློག་བརྙན་ཁང་དུ་ཐོན་པ་ན་ཅུང་ལྷིང་འཇགས་ཀྱི་སོ་ན་གནས་པས། ངས་རང་ཉིད་ཀྱི་དུས་བདམས་པ་ཅུང་འཕྱི་འདུག་པར་སྙམ། ཡིན་ཡང་གློག་བརྙན་སྟོན་ཐེངས་སྔ་མོ་ཚགས་རྗེས་ཀྱང་སྔར་བཞིན་སྒོར་འབུད་མཁན་མི་འདུག་ལ། དེ་བས་ཀྱང་ནང་དུ་འགྲོ་མཁན་ཡང་མེད་པས་ན། ང་རང་གཅིག་པུ་གློག་བརྙན་ཁང་དེར་འཛུལ་ནས《ཆུ་ལྷམ་ཆུང་ཆུང》ལ་བལྟས་པ་ཡིན། སྤྱིར་ན་ངས་ནི་རྩོམ་རིག་བརྩམས་ཆོས་གང་རུང་ཞིག་གམ་གློག་བརྙན་ལ་གང་རུང་ལ་བལྟ་སྐབས་ཇི་ལྟར་ལྷིང་འཇགས་ཡིན་ན་དེ་འདྲ་བཟང་མོད། སྐབས་འདིར་ཇི་ལྟར་ང་རང་ཁེར་རྐྱང་ཅིག་གི་སྣང་བ་དང་སུན་པའི་ཚོར་བ་ལྷག་མ་ཞིག་གིས་མནར་ནས་བྱུང་། གློག་བརྙན་འདི་རྒྱལ་ཡོངས་ནས་སྟོན་པའི་དུས་ཚོད་ཁྱབ་བསྒྲགས་བྱེད་པ་དང་མཉམ་དུ་ཁ་ཡ་ན་མཉམ་རེ་འགས“ཡང་བོད་ཀྱི་གློག་བརྙན་ཞིག་རྒྱལ་ཡོངས་ནས་སྟོན་རྒྱུ་རེད།”ཅེས་པའི་རེ་བ་དང་རེ་བཞག་བཅོལ་མཁན་དང་། ཡང་དེ་ལ་གནས་ལུགས་མེད་པའི་བསམ་སྦྱོར་ཅི་རིགས་སྤེལ་མཁན་ནི་མཆིས་མོད། ད་ལྟ་ཀན་ལྷོ་ཁུལ་ཐོག་གི་ལྟེ་བ་གཙོད་གྲོང་ཁྱེར་འདི་ནས། རྒྱལ་ཡོངས་ནས་ཐོག་མའི་གཟིགས་འབུལ་གྱི་ཉིན་མ་འདིར《ཆུ་ལྷམ་ཆུང་ཆུང》ནི་མི་རེ་འགའ་ཞིག་གིས་བལྟ་དགོས་པར་བསམ་པ་ཡེ་ནས་འཁོར་མ་མྱོང་།

   ང་ཚོར་གློག་བརྙན་དུ་ཁང་དུ་འགྲོ་བའི་གོམས་སྲོལ་ཆགས་མེད་པ་རེད། གློག་བརྙན་ཁང་ནི་སློབ་ཆེན་པ་ཚོའི་བརྩེ་དུང་གི་དུས་ཆད་གདབ་ས་རེད། ཡང་ན་གློག་བརྙན་ཁང་ནི་ན་གཞོན་སྐྱལ་སྟོང་རེ་འགས་སྣང་བ་སྐྱི་བསེར་རླུང་ལ་བསྐུར་ས་ཞིག་རེད། དགེ་རྒན་དང་རྩོམ་འབྲི་བ། ཐ་ན་སྙན་ངག་པ་ཚོ་ཡང་ཆང་ཁང་དུ་འགྲོ་བ་མ་གཏོགས་གློག་བརྙན་ཁང་དུ་འགྲོ་མི་སྲིད། དེས་ནི་ཕལ་ཆེར་དོ་དགོང་གློག་བརྙན་ཁང་འདི་ན་ང་རང་གཅིག་པུ་ཡིན་པའི་སྡུག་ཡུས་སམ། ཁག་འགེལ་སར་བཞག་པས་ཆོག ཡང་ན་ནི་གོང་གི་ཀླད་ཀྱི་གཏམ་ལས་འཕྲོས་པའི་འཁྲབ་ཁྲབ་པའི་སྐྱོ་ངལ་གྱི་ཟུར་ཙམ་ལ་ཡང་སྤྲད་ཆོག

  དབྱི་ཐ་ལའི་གློག་བརྙན་ཁང་དུའམ་ཡང་ན་ཧྥ་རན་རན་སའི་གློག་བརྙན་ཁང་གི་ནང་དུ་བགྲེས་པོ་འཁར་བར་བརྟེན་ནས་ཡོད་པ་རིག་མྱོང་ལ། ཡོན་ཏན་གྱིས་འཁུར་ཏུ་ལྕི་བའི་ཤེས་ཡོན་པ་ཚོས་ལག་ཏུ་ཟིན་བྲིས་བསྣམས་ནས་ཡོང་ཡོད་པའང་ཁོ་བོས་གློག་བརྙན་དུས་སྟོན་སོགས་ལས་རིག་མྱོང་ཡོད། སྤྱིར་རང་ཅག་ལ་གློག་བརྙན་དར་བའི་ཡུན་ཚད་གཞན་དང་ལྟོས་བཅོས་ཀྱིས་འཕྱི་བ་ནི་བདེན། གློག་བརྙན་གྱི་མི་སྣ་ཡང་བམ་རྩིས་ཙམ་གྱིས་ཡིད་ན་ཡོད། ཡིན་ཡང་འདི་དག་ལ་ང་ཚོས་ཕྱར་བ་གྲུ་འདེགས་མ་བྱེད་ན་དུས་ཀྱི་རྦ་རླབས་ཀློང་ནས་ཁོང་ཚོ་ཡང་ཇི་འདྲའི་ཉམ་ཆུང་བ་ལའང་། དེ་བས་གློག་བརྙན་ཁང་དུ་འགྲོ་བ་ནི་ནམ་ཞིག་གི་ཚེ་ན་གཟི་བརྗིད་ཅིག་གིས་རློམ་པའི་དུས་ནི་མི་འགྱངས་བར་འཆར་བར་སྨོན།

གཉིས། གཞུང་དངོས།

   ཀྲུང་གོའི་རབས་ལྔ་བའི་འཁྲབ་ཁྲིད་པ་ནི་འཛམ་གླིང་གར་སྟེགས་སུ་བསྐྱོད་པའི་དུས་ཐོག་མ་ཡིན། 【张艺谋《红高粱》贾樟柯《小武》】ཡར་སྔོན་གྱི་ཀྲུང་གོའི་གློག་བརྙནདག་གི་བརྗོད་བྱ་ནི་སྣོད་གཅིག་གི་ནང་དུ་གཅུད་ཡོད་པས། ནང་གི་རྒྱུ་ཆ་ཇི་ལྟར་འགྱུར་ཡང་དབྱིབས་དང་རྣམ་པ་གཅིག་པ་གཅིག་རྐྱང་། དེས་ན་ཀྲང་ཡུས་མོ་ཟེར་བས་ཐོག་མར་བརྙན་མིག་གི་མཐོང་ཚོར་ཞིང་སྡེར་གཏད་པས་འཛམ་གླིང་གི་སྣང་ངོར་རྒྱ་མི་གསར་བ་ཞིག་གི་སྣང་བརྙན་བསྐྲུན་པ་རེད། ཁོ་ཚོའི་ཇ་དང་ཚྭ་ཁའི་གཏམ་རྒྱུད་ལས་གཞན་ཡིད་བཀུག་པས་སོ།།

  རྒན་པདྨ་ཚེ་བརྟན་གྱིས“ངས་རང་གི་ཕ་ཡུལ་གྱི་དངོས་ཡོད་བརྙན་མིག་ཏུ་ཕབ་པ་དང་གཏམ་རྒྱུད་དུ་བཅོས་ནས་སྟོན་རྒྱུ་ནི་འོས་འགན་ཡིན།”ཟེར། ཅཱ་ཀྲང་ཁི་ནས་ཀྱང“པདྨ་ཚེ་བརྟན་ནི་ཆེས་ཐོག་མར་རང་གི་ཕ་ཡུལ་གྱི་དངོས་ཡོད་བརྙན་མིག་ཏུ་ཕབ་ནས་གཞན་ལ་སྟོན་མཁན་ཡིན།”ཟེར།  ཁོའི་གློག་བརྙན་བརྩམས་ཆོས་དག་ལ་རྒྱལ་སྤྱི་ནས་ཁས་ལེན་དང་ཁག་ཐེག་ཐོབ་ནི། འཛམ་གླིང་གི་མི་ཚོས་ཁོའི་བརྙན་མིག་ལས་ཐོག་མར་བོད་མི་དང་བོད་མའི་འཚོ་བ་མཐོང་བས་དེ་ལ་ཨ་གསར་གྱི་བྲོ་བ་ལྡན་པ་ཞིག་ཏུ་བསམ་པ་ནི། ང་ཚོའི་མི་རེ་འགའི་བྱིས་བློ་ཉིད་ཡིན་པ་ཧ་གོ་ཡོད་རྒྱུ་རེད། དེ་བས་བརྗོད་འདོད་པ་ནི《ཆུ་ལྷམ་ཆུང་ཆུང》པེ་ལེན་རྒྱལ་སྤྱའི་གློག་བརྙན་དུས་སྟོན་དུ་ཚུད་པ་དང་། ནང་ལོགས་ཏུ་FIRSTསོགས་ཀྱི་གློག་བརྙན་དུས་སྟོན་སྟེང་ནས་ཡང་བྱ་དགའ་ཆེན་པོ་རེག་མྱོང་ཡོད།

སྒྱུ་རྩལ་གྱི་རིན་ཐང་།

   ཚང་མས་མཁྱེན་གསལ་ལྟར་སྒྱུ་རྩལ་བརྩམས་ཆོས་ཅིག་ལ་ཡག་བཙོག་གི་རིན་ཐང་ནི་འཇལ་ཏུ་མེད་ཡང་། གཞུང་ནས་ཡང་ལྕིའི་ཚད་འཇལ་ཆོག་ཆོག་རེད། དེས་ལ་སྒྱུ་རྩལ་གྱི་བློ་སྦྱོང་དང་ལྡན་པ་ཞིག་གི་མིག་འབྲས་མ་སྤྱད་ན། དངོས་ཡོད་ཀྱི་མེ་ཏོག་ཉི་དགའ་དང་ཧྥན་གོ་ཡིས་བཞེངས་བའི་མེ་ཏོག་ཉི་དགའ་གཉིས་གཅིག་ཡིན་པ་ནང་བཞིན་རེད། དེ་བཞིན་ང་ཚོར་སྒྱུ་རྩལ་གྱི་ཆུ་བོར་བརྒལ་བྱེད་ཀྱི་རྟོག་བཏགས་ཀྱི་ཡིད་ཁམས་མེད་ན་སྒྱུ་རྩལ་གྱི་བརྩམས་ཆོས་ཡང་གྲུབ་མི་ཐུབ་པའི་ཚོད་རེད།

    གློག་བརྙན་འདའི་མ་དཔེའི་བརྩམས་སྒྲུང་བཀླགས་མྱོང་ཡོད། དེ་ལ་འཁྲབ་ཁྲིད་པས་སྣོན་འཕྲི་གང་རུང་གི་ཟུར་བརྒྱན་ཏེ་ད་ལྟའི་གློག་བརྙན་འདི་བཅོས་པ་རེད། ཡི་གེའི་གཟུགས་རེ་རེ་སྣང་བརྙན་གསོན་པོར་བཅོས་ནས་བརྙན་མིག་ཏུབཅུག་པ་འདིའང་ཕྱོགས་གཞན་ཞིག་ནས་འཁྲབ་ཁྲིད་པའི་ལས་འགན་ནོ།། བརྩམས་སྒྲུང་ཏུ་དབང་གྲགས་ཀྱིས་ཆུ་ལྷམ་ཞིག་གོན་འདོད་གྱི་རེ་ལྟོས་ཧ་ཅང་ཆེ། ཉིན་ཞིག་རེ་འབྲས་དོན་སྨིན་ཡོང་དེ་ཁོའི་ཨ་མས་ཁོར་ཆུ་ལྷམ་ཆ་གཅིག་ཉོས། གློག་བརྙན་དུ་ཞིབ་ཕྲ་རེ་རེ་ནས་བཟུང་ཏེ་བརྙན་མིག་གིས་མཚོན་ཐབས་དང་ལག་ཐབས་མང་པོ་སྤྱད་པས། དངོས་སུ་མི་སྣ་ཆུང་ཆུང་དབང་གྲགས་ཀྱི་ཆུ་ལྷམ་གྱོན་འདོད་པའི་དུས་དང་སྐབས་རེ་རེ། དེའི་ཆེད་དུ་ཕྲད་པའི་དཀའ་ངལ་དང་སེམས་ངལ་རེ་རེ་མཚོན་ནས་ཡོད་པའོ།། གཞན་དུ་གློག་བརྙན་གྱི་འཁྲབ་ཆས་སུ་གཏོགས་པའི་དངོས་པོ་རེ་འགས་གཏམ་རྒྱུ་སིལ་བུར་གཏོར་ཡོད་པ་དག་གོང་བསྒྲིགས་ནས་ཡོད་དེ།

རས་ལྷམ་ཆ་གཅིག

    ལྷམ་ནི་གློག་བརྙན་གྱི་ནང་སྙིང་དུ་ཟུག་ཡོད་པས་། ལ་ཤོས་ནས་གློག་བརྙན་འདི་ལ་ཀྲོང་གོའི་《ལྷམ་ཆུང་ཆུང》ཡང་ཟེར། 《ལྷམ་ཆུང་ཆུང》ནི་དབྱི་རག་གི་གློག་བརྙམ་གྲགས་ཆེན་དེར་གོ གློག་བརྙན་གྱི་མགོ་བརྩམས་མ་ཐག་རེ་ལྷམ་ཆ་གཅིག་མེ་ལ་བསྲོས་ཡོད་པ་ང་ཚོས་མཐོང་སྲིད། ལྷམ་རལ་བོ་དེའི་མི་སྣ་ཆུང་ཆུང་དབང་གྲགས་ལ་ཆར་བའི་ནང་དུ་ངེས་པར་དུ་ཆུ་ལྷམ་ཆ་གཅིག་གི་མཁོ་ངེས་ཀྱི་ཆ་རྐྱེན་བསྟན་ནས་ཡོད། འོད་ཀྱི་ཐད་ནས་ཡང་རེ་ལྷམ་ཆ་གཅིག་དེར་ཟིན་ཚད་མང་བའི་ཆ་བཀོལ་ཡོད་ལ། པར་གཞི་ངོས་ནས་རེ་ལྷམ་གྱི་གཞུང་ས་ཟིན་འདུག གཏམ་རྒྱུད་ཀྱི་འགོ་རྩོམ་སའང་དེ་ཡིན་འདུག

བརྙན་འཕྲིན།

    ང་ཡང་ཆུང་དུས་དབང་གྲགས་དང་འདྲ་བར་བརྙན་འཕྲིན་ལ་བལྟ་བར་དགའ། བོད་སྐད་བརྙན་འཕྲིན་དང་གློག་བརྙན་གྱིས་ཆུང་དུས་ཀྱི་ཕུགས་བསམ་དང་རྨི་ལམ་ལ་ཡང་ཡང་ཀུ་རེ་རྩེད་མྱོང་། ཡིན་ཡང་སློབ་གྲྭ་ནས་སྒོར་མོའི་དགོས་མཁོ་དང་འཕྲད་དུས་ང་ཡང་དབང་གྲགས་དང་འདྲ་བར། ཡང་ན་སྐབས་དེའི་ལོ་ལོན་ཚོ་དང་འདྲ་བར་གནམ་གཤིས་གནས་ཚུལ་ལ་བལྟ་རྒྱུར་དགའ། རྒྱུ་མཚན་གནམ་དྭངས་ན་ཨ་ཕ་འབྲོག་ས་ནས་ཡོང་བར་འགག་རྐྱེན་མེད་པས་རེད། བརྙན་འཕྲིན་གྱི་ལེ་མཚན་གཞན་ཞིག་ཏུ་སྦྲེའུ་རྒྱལ་གྱིས་རྫུན་འཕྲུལ་ལ་བརྟེན་ནས་ཆར་ཕབ་པ་སྟོན་གྱིན་འདུག འདི་ཡང་གཏམ་རྒྱུད་ཀྱི་ཕྱི་དུམ་དང་འཕྲོད་ནས་ཡོད་ལ། ཆུ་ལྷམ་གོན་རྗེས་ཆར་ཞིག་འབབ་རྒྱུ་ན་ཇི་མ་རུང་བསམ་པའི་རྨི་ལམ་རེད།

ཤིང་གི་རལ་གྲི།

    ཨ་ཁུ་ཕྱགས་རྡོར་ནི་སྡེ་བའི་མཆོད་ས་དང་བཀུར་ས་ཉག་ཅིག་ཡིན་ལ། ཤིང་གི་རལ་ནི་ཨ་ཁུ་ཕྱགས་རྡོར་གྱི་འཕྲིན་ལས་དང་སྐྱབས་བཅོལ་ས་ཡིན། རྒན་པདྨ་ཚེ་བརྟན་གྱི་དངོས་བཤུས་གློག་བརྙན༼མཐའ་མཇུག་གི་སེར་བསྲུངས་བ༽འི་ནང་དུ་རལ་གྲི་དེ་འདྲ་ཞིག་ཡོད་ལ། དེའི་གནད་ཆེ་ས་བཟུང་ནས་ཡོད། གང་ལྟར་ཤིང་གི་རལ་གྲི་དེའི་ང་ཚོར་བརྡ་ལན་ཆེན་པོ་ཞིག་སྤྲད་འདུག ཕལ་ཆེར་འདི་ནི་གློག་བརྙན་འདིའི་རིན་ཐང་སྔར་ལས་གཏིང་ཟབ་སར་མཚོན་བྱེད་ལ་བཞག་པའི་སྒྱུ་རྩལ་གྱི་དངོས་འབྲས་ཡིན་རྒྱུ་རེད། གཞན་དུ་ཡང་གློག་བརྙན་གྱི་གནད་ས་ཟིན་འདུག་པའི་ཆུ་ལྷམ་ཆུང་ཆུང་དང་། དབང་གྲགས་ཀྱི་རྩེད་ཆས་ལྕགས་ཀྱི་སྦལ་བ་ནས་གཏམ་རྒྱུད་ཀྱི་སྤྱིའི་བཀོད་པ་ལ་གཞོགས་འདེགས་བླ་མེད་ཐུབ་ཡོད་ལ། དེ་དག་གི་བཀོད་སྒྲུག་ཡང་ནོར་འཛོལ་མེད་པར་གོང་སྒྲིག་ཏེ་ཡོད།

གསུམ། མཇུག་སྡུད་བ།

   གློག་བརྙན་འདི་ལ་ཚིག་འདི་དག་ཙམ་ཞིག་གིས་ཡོངས་སུ་འགེབས་རྒྱུ་ནི་ངལ་བའི་གནས་ལས་མ་འདས་ལ། མུ་མཐུད་དུ་ཡང་གློག་བརྙན་འདི་ལ་བསྐྱར་བལྟ་བྱེད་དེ་ཕྱི་དུམ་རེ་སྤྲོད་རྒྱུ་ནི་གློག་བརྙན་རང་སྟེང་གི་རིན་ཐང་ཡང་རེད། མཇུག་ཏུ་བྱིས་བློ་གཙང་མ་འདི་ང་ཚོའི་བོད་ཀྱི་གཅེས་ཕྲུག་དག་གི་ངང་རྒྱུད་ཡིན་ལ། བྱིས་ལོ་བཞིན་དྭངས་ཤིང་གཙང་བའི་མི་རིགས་འདི་གློག་བརྙན་ལ་བལྟ་མཁས་པར་འགྱུར་བའི་དགོས་པའང་མི་ཆུང་ངོ་།།

timg_gaitubao_800x480.jpg

དཔྱད་མཆན་ཡོད།