རཱ་མ་ཎའི་གཏམ་རྒྱུད།(Rāmāyaṇa)


      «རྒྱལ་བོ་རཱ་མ་ཎའི་གཏམ་རྒྱུད»ནི་རྒྱ་གར་གྱི་སྙན་ངག་ཆེན་པོ་གཉིས་ཀྱི་ནང་གསེས་སྟེ། བོད་སིལ་བུའི་དུས་སུ་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས«ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་བ»དང་། «ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ»བསྒྱུར་པ་དང་། ས་སྐྱ་པའི་དུས་སུ«སྙན་ངག་མེ་ལོང»དང«མངོན་བརྗོད་འཆི་མེད་མཛོད»སོགས་བོད་དུ་འགྱུར་ནས་འཆད་ཉན་སྤེལ་བ་དང་བསྟུན་ནས། བོད་ཀྱི་མཁས་པ་རྣམས་རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་སོགས་རིག་བྱེད་གཏམ་རྒྱུད་ལ་རྒྱུས་མངའ་ཞིང་དེ་ལ་དོ་སྣང་མཛད་པར་མ་ཟད། དེའི་དོན་གྱི་བྱུང་རིམ་ཁ་ཤས་སམ་མི་སྣ་ཁག་ཅིག་གི་མཛད་སྤྱོད་རིམ་བཞིན་སྙན་ངག་གི་བརྩམ་བྱའམ་བརྗོད་དོན་མཚོན་བྱེད་ཀྱི་དཔེ་སོགས་སུ་གྱུར་པ་དང་། དུས་རབས་བཅུ་བཞི་བར་ཞང་ཞང་ཆོས་དབང་གྲགས་པས«རྒྱལ་པོ་རཱ་མ་ཎའི་གཏམ་གྱི་རྒྱུད་ལས་བརྩམས་པའི་སྙན་དངགས་ཀྱི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མངས་ཀྱི་སྒྲ་དབྱངས»ཞེས་པ་བརྩམས་པ་དང་། ཁྲོ་ཁོ་པ་ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོ་ཉིད་ཀྱིས་བསྟན་བཅོས་དེའི་འགྲེལ་བ«དྲི་མེད་ཤེལ་གྱི་འབབ་སྟེགས»ཞེས་པ་བརྩམས་པ་དང་བསྟུན་ནས། “རྒྱ་གར་ན་སྙན་ངག་ལ་མཁས་པ་ཆོས་རྒྱལ་དགེ་བའི་དབང་བོ་ལས་ལྷག་པ་མེད། བོད་ཡུལ་ན་སྙན་ངག་ལ་མཁས་པ་ཆོས་དབང་གྲགས་པ་ལས་ལྷག་པ་མེད།”ཅེས་པའི་སྙན་པའི་གྲགས་པ་བོད་ཁམས་ཀུན་ལ་འབྲུག་ལྟར་ཁྱབ།
        «རཱ་མ་ཎའི་གཏམ་རྒྱུད»ཀྱི་བརྗོད་བྱ་ནི། དེ་ཡང་སྲིན་པོ་གནས་པའི་གླིང་ཕྲན་རྔ་ཡབ་གླིང་ཞེས་བྱ་བ་ན་སྲིན་པོའི་རྒྱལ་པོ་ལངྐ་མགྲིན་བཅུ་བྱ་བ་གནས་ཏེ།   རེ་ཞིག་གི་དུས་ན་ཁོང་གིས་མི་འཆི་བའི་དངོས་གྲུབ་འདོད་དེ་ལྷ་དབང་ཕྱུག་ཆེན་པོ་ཡུན་རིང་དུ་བསྒྲུབས་ཀྱང་འབྲས་བུ་མ་རྙེད་ནས་དོན་དེ་འགྲུབ་ཕྱིར་རང་ལ་མགོ་བོ་བཅུ་ཡོད་པ་དེ་རྣམས་རེ་རེ་བཞིན་བཅད་ཅིང་སྲེག་གི་རྫས་སུ་བྱིན་ནོ།། ཚུལ་དེ་དབང་ཕྱུག་གིས་ཐོས་ཏེ། ཨུ་མར་ཁྱོད་སོང་ལ་དངོས་གྲུབ་བྱིན་ཅིག་ཅེས་གསུངས་པས་དེ་སོང་སྟེ་ཅི་འདོད་པ་ཁོ་མོས་སྦྱིན་ནོ་ཟེར་བར།   དེ་ན་རེ། དབང་ཕྱུག་ཆེན་པོ་སྒྲུབ་པ་ཡིན་ནོ་ཟེར་རོ།། ང་དེས་བཏང་བ་ཡིན་ཞེས་བཤད་པའི་ལན་དུ་བུད་མེད་ལས་དངོས་གྲུབ་མི་འདོད་ཟེར་བས་ཨུ་མ་ཁྲོས་ཏེ། མ་འོངས་པར་ཁྱོད་ཀྱི་རྒྱལ་སྲིད་བུད་མེད་ཀྱི་ས་འཇོམས་པར་གྱུར་ཅིག་ཅེས་ཟེར་ཏེ་སོང་ངོ་།། ཡང་ལྷ་ཆེན་གྱིས་རང་གི་བུ་བཏང་སྟེ། དེ་ཕྱིན་ནས་དྲིས་པར་སྔར་ལྟར་ཟེར་བས་དེ་ཁྲོས་ནས་མ་འོངས་པ་ན་ཁྱོད་ཀྱི་སྲིད་སྤྲེའུའི་གཟུགས་ཀྱིས་བརླག་པར་གྱུར་ཅིག་ཅེས་དམོད་བོར་ཏེ་སོང་ངོ་།།   དེ་ནས་དེའི་ཐད་དུ་ལྷ་དབང་ཕྱུག་ཉིད་ཕེབས་ཏེ་ཁྱོད་ཅི་འདོད་ཅེས་སྨྲས་ཀྱང་ཁོ་ཁྲོས་ཏེ་ཁྱོད་ཐུགས་རྗེ་ཆུང་ཟེར་ནས་སྦྱིན་སྲེག་བྱེད་དོ།།   ང་འོངས་པ་འདི་ཡིན་པས་དངོས་གྲུབ་ཅི་འདོད་པ་ལོངས་ཤིག་ཟེར་བས།   ད་གཟོད་དེས་ཅི་འདོད་པའི་དངོས་གྲུབ་ཞུས་པ་ན།   དབང་ཕྱུག་གིས་ལྕེ་ལ་དབྱངས་ཅན་བཅུག་སྟེ།   ཀྱོག་པོར་བྱས་ནས་ཅིས་ཀྱང་མི་འཆི་བའི་དངོས་གྲུབ་འདོད་ཅེས་པའི་ངག་དེ་རྟའི་མགོ་བོ་མ་བཅད་ཀྱི་བར་དུ་མི་འཆི་བའི་དངོས་གྲུབ་འདོད་ཅེས་པར་བསྒྱུར་ནས་ལེན་དུ་བཅུག་གོ། དེ་ནས་དེ་རང་གི་རྒྱལ་སྲིད་ལ་གནས་པའི་ཚེ་ན་བུ་མོ་ཞིག་སྐྱེས་ནས་བྲམ་ཟེ་མཚན་མཁན་རྣམས་ལ་བསྟན་པས་དེའི་མཚན་ངན་པས་འདིར་གཞག་ཏུ་མི་རུང་ངོ་ཞེས་བརྟགས་སོ།། དེ་རྒྱལ་པོས་ཐོས་པ་དང་།   བུ་མོ་ཟངས་ཀྱི་སྒྲོམ་དུ་བཅུག་སྟེ་ཆུ་ལ་བསྐྱུར་པར་འཛམ་བུ་གླིང་དུ་བྱུང་སྟེ། ཞིང་པ་རྣམས་ཀྱིས་སོས་ཀར་ཆུ་འདྲེན་པའི་རྐ་མགོར་སྒྲོམ་དེ་བྱུང་བ་ལ་ཁ་ཕྱེ་བའི་ནང་ནས་བུ་མོ་དེ་བྱུང་བས་རོལ་རྙེད་མར་གྲགས་སོ།།
     དེ་རིམ་བཞིན་ནར་སོན་ཏེ་ལང་ཚོ་དཔལ་དང་ལྡན་པར་གྱུར་པས་ཞིང་པ་རྣམས་བགྲོས་ཏེ་ཡུལ་ཁམས་དེའི་རྒྱལ་པོ་རཱ་མ་ཎའི་བཙུན་མོར་ཕུལ་བ་ནས་མིང་སཱི་ཏ་ཞེས་བྱའོ།།
25-651674-14239yNi433_b.jpg   དེ་ནས་རྒྱལ་པོ་རཱ་མ་ཎས་རྒྱལ་སྲིད་སྤུན་ཆུང་བ་འཇིག་སྡེ་ལ་གཏད་དེ།   ནུ་བོ་ལ་གྷུམ་ན་དང་ཁོ་གསུམ་དཀའ་ཐུབ་ཀྱི་གནས་སུ་སོང་ངོ་།   དེའི་དུས་སུ་སྲིན་རྒྱལ་ནི་རང་གི་ཁྱིམ་ཐབ་ཀྱི་ལང་ཚོ་ལ་མགུ་སྟེ།   སྐྱེ་བོ་གཞན་ལ་འཇིག་རྟེན་ན་ངའི་བཙུགས་མོ་ལས་ལྷག་པའི་མཛེས་མ་ཡོད་དམ་མེད་ཅེས་དྲིས་པར་འཁོར་རྣམས་ཀྱིས་འཛམ་གླིང་ན་སཱི་ཏ་བྱ་བའི་མཛེས་མ་ཞིག་ཡོད་སྐད་ཅེས་ཞུས་པར།   དེས་དེ་ཡི་ཡིད་གཡོས་པར་གྱུར་ཏེ་འཛམ་བུ་གླིང་གི་དཀའ་ཐུབ་ཀྱི་ནགས་སུ་སོང་སྟེ།   རྒྱལ་བུ་ཡབ་ཡུམ་གྱི་སྣང་ཡུལ་དུ་རི་དྭགས་མཛེས་པ་ཞིག་གི་ཚུལ་བསྟན་ཏོ།། སྭི་ཏས་རྒྱལ་བུ་ལ་རི་དྭགས་དེ་འཛིན་པར་བསྐུལ་བས།   དེ་ན་རེ།   སེམས་ཅན་ལ་འཚེ་འགྲོ་བས་འཛིན་མི་འདོད་པའི་ཚུལ་བཤད་པར།   སཱི་ཏས་ཁྱོད་ཀྱིས་མི་ཟིན་པ་ལ་ཁག་གཞན་དུ་གཡར་ནས་དེ་སྐད་སྨྲའོ་ཞེས་བཤད་པས།   རྒྱལ་པོའི་མཚངས་ལ་ཕོག་ནས་འགྲོ་ཁར་སཱི་ཏ་ལ་ངེད་མ་སླེབས་བར་དུ་འདི་ལས་མ་འདའ་ཞིག་ཅེས་མེ་འོད་རྭ་བས་བསྐོར་ཏེ་སོང་ངོ་།། རི་དྭགས་དེ་བདས་ཀྱང་མ་ཟིན་ནས་ཡུན་རིང་ཙམ་འགོར་བ་ན། སྲིན་རྒྱལ་ནི་རཱ་མ་ཎ་ཡིན་པའི་ཟོལ་གྱིས་སཱི་ཏ་ཞེས་ཉམ་ཐག་པའི་ངག་གིས་རྒྱང་ནས་བོས་པས།   སཱི་ཏས་ལགྷུ་ཁྱོད་སོང་དང་རྒྱལ་པོ་འོ་བརྒྱལ་བར་འདུག་གོ་ཞེས་པར།   ལ་གྷུ་ན་རེ། གཅེན་གྱི་སྟོབས་སུ་ཡིས་བརྫི་ནུས་ཀྱི་ང་མི་འགྲོ་ཞེས་བསྡད་པ་ན།  ཡང་མོས་ལགྷུ་ཁྱོད་ཀྱིས་རྒྱལ་པོ་གྲོངས་ནས་ང་བླང་བར་འདོད་དམ་ཞེས་བཤད་པས།   ལགྷུས་ཚིག་མཚོན་དེ་མ་བཟོད་པར། ངས་རྒྱལ་སྲིད་ཀྱང་སྤངས་ན་ཁྱོད་ཀྱིས་ཅི་བྱ་ཞེས་ཁོང་ཁྲོའི་ངང་རྒྱལ་པོ་འཚོལ་དུ་ཆས་ཤིང་།   སྐབས་དེར་སྲིན་པོའི་རྒྱལ་པོ་བྲམ་ཟེར་སྤྲུལ་ཏེ་སཱི་ཏར་བསོད་སྙོམས་སློང་བ་ལ་ཞུགས་པ་ན། སཱི་ཏས་ཁྱོད་རང་གི་ལོངས་ཤིག་ང་རྟགས་འདི་ལས་འདའ་རྒྱུ་མེད་དོ་ཞེས་བཤད་པས་མགྲིན་བཅུས་འོད་ཆེན་པོ་མ་བཟོད་དེ། ས་གཞི་དང་བཅས་པ་མཁའ་ལ་ཁྱེར་རོ།། དེ་ནས་སྤྲུན་མཆེད་གཉིས་མཇལ་ཏེ་རྒྱུ་མཚན་རྣམས་བཤད་པས།  རྒྱལ་པོས་ད་གཟོག་སྲིན་པོས་བསླུས་པར་ཤེས་ནས།   སླར་འོངས་པ་ན་གཞི་དང་བཅས་པ་ཁྱེར་བར་མཐོང་སྟེ།   ཕྱོགས་ཀུན་ཏུ་བཙལ་བ་ལས།  རེ་ཞིག་འབབ་ཆུ་ཞིག་འདུག་པ་དེའི་ཁུངས་སྙེག་ཅིང་ཕྱིན་པས་སྤྲེའུ་གཉིས་འཐབ་པ་མཐོང་ངོ་།། དེར་རྒྱུ་མཚན་དྲིས་པས་བདག་ཅག་རྒྱལ་སྲིད་ཀྱི་ཆེད་དུ་འཐབ་པ་ཡིན།   ད་ཉི་མ་གསུམ་ལ་འཐབ་སྟེ་ཁོ་རྒྱལ་འགྲོ་བ་འདྲ་ཞེས་ཟེར།   དེ་ནས་རྒྱལ་པོས་སྤྲེའུ་མགྲིན་བཟང་དུ་འབོད་པ་དེར་གྲོགས་བྱ་རྒྱུ་ཁས་བླངས་ཏེ་ཉིན་གསུམ་པར་དེའི་དགྲ་ཟླ་བྷ་ལིང་ཟེར་བ་ལ་མདས་བསྣུན་ཏེ་བསད་དོ།། དེར་མགྲིན་བཟང་མགུ་སྟེ། ཁྱོད་ཅི་འདོད་པ་བསྒྲུབ་བོ་ཟེར་བར་རྒྱལ་པོས་སཱི་ཏ་སྐྱོབ་དགོས་ཚུལ་བསྙད་དོ།།  
        དེ་ནས་དེའི་བློན་པོ་སྤྲེའུ་མིག་གསུམ་པ་ཧ་ནུ་མནྠ་བཙལ་ནས་གྲོགས་དན་བཅོལ་བ་ན།   དེས་དོན་དེ་རྟོགས་ནས་དེ་མ་ཐག་མཆོངས་ཐེངས་གཅིག་བྱས་པས་རླུང་ལྷའི་ཡུལ་དུ་སླེབས། དེ་ནས་ཕྱིར་མཆོངས་ལམ་ཙམ་བྱས་པས་སྲིན་ཡུལ་དུ་བརྟོལ་ཏེ་བལྟས་པས།   སཱི་ཏ་ནི་སྲིན་རྒྱལ་པོ་བྲང་གི་བཟའ་ཤིང་རྭ་བ་ན་བཙོན་དུ་བཅུག་འདུག་པ་མཐོང་སྟེ་ཉེ་བར་བཅར་ནས་རྒྱུ་མཚན་དྲིས་པར།   སཱི་ཏས་དྲང་པོའི་ངག་གིས་ལན་བཏབ། དེས་ནས་ཧ་ནུ་མནྠས་ང་རྒྱལ་པོས་བཏང་བ་ཡིན་ཞིང་ཁྱོད་སྐྱོབ་པར་འོངས་ཚུལ་བཤད། རྟགས་སུ་སོར་གདུབས་བསྟན་པས་ཡིད་ཆེས།   ཧ་ནུ་མནྠས་སྤྲེའུའི་བྱ་སྤྱོད་གང་མང་བསྟན་པས་སྲིན་པོའི་ཚོགས་ཀྱིས་ཚོར་ནས་བཟའ་ཤིང་གི་རྭ་བར་སྤྲེའུ་མ་རུང་བ་ཞིག་ཞུགས་སོ་ཟེར་ནས་མཐའ་བསྐོར་པ་ལས་ཁོ་སྲིན་པོའི་ལག་ཏུ་ཆུད་པར་བྱས་སོ། དེར་གསོད་པར་བརྩམས་པ་ན།   སྤྲེའུས་བཤད་རྒྱུར།   ཁྱེད་ལ་རྒྱལ་ཁྲིམས་འདུག་པ་དང་ང་ལ་ཡང་གསོད་ལུགས་གཉིས་ཡོད་པས་གང་རུང་ཞིག་གྱིས་ཤིག་ཟེར།   དྲིས་པས།   ཕའི་ལུགས་དང་མའི་ལུགས་གཉིས་ཡོད།   མའི་ལུགས་ལྟར་ན་ང་མཛོད་དུ་བཅུག་ནས་ཟས་ཞིམ་པོ་ཐམས་ཅད་བྱིན་པས་བདག་མིད་པ་འགགས་ནས་འཆི།   ཕའི་ལུགས་ལྟར་བྱས་ན་ངའི་རྔ་མ་ལ་རས་དཀྲིས།   དེ་ལ་མར་བྱུགས།   དེ་ལ་མེ་སྦར་བ་ཡིན་བྱས་པས།   ཕྱི་མ་ལ་འཐད་དེ་རས་ཀྱིས་དཀྲིས་པས། ཡུལ་ཁམས་དེའི་རས་ཟད་ཀྱང་རྔ་མ་མ་ཟད་དེ། དེ་ལ་སྣུམ་བླུགས་ཏེ་མེ་བསྒོས་པ་དང་།   སྲིན་པོའི་ཁབ་ཐམས་ཅད་ལ་ཆ་ལས་བྱས་པའི་སྟབས་ཀྱིས་མཁར་ཐམས་ཅད་རྔ་མའི་མེས་འཚིག་གོ། མཐར་རྔ་མ་རྒྱ་མཚོར་གཞུགས་པར་བརྩམས་ཚེ་ཀླུ་ཐམས་ཅད་ཀྱིས་བཤོལ་ཏེ་ཁ་རླངས་ཀྱིས་བཅིལ་ཏོ།། དེ་ནས་སྤྲེའུ་མཆོངས་ཐེངས་གཅིག་གིས་རཱ་མ་ཎའི་དྲུང་དུ་འབྱོར་བར་བྱས་ཏེ་སཱི་ཏ་ཡོད་པའི་གནས་ཚུལ་རྣམས་ཞུས་པས།  རྒྱལ་པོ་ན་རེ།   ད་ནི་དམག་འདྲེན་ནོ་ཟེར་ནས་རྒྱ་མཚོའི་འགྲམ་དུ་ཕྱིན་ནས་ཧ་ནུ་མནྠ་ལ་སྤྲེའུ་དམག་སྡུད་དུ་བཅུག དྲང་སྲོང་གྲོག་མཁར་བ་ལ་ཐབས་དྲིས།   རྒྱ་མཚོར་སྤྲེལ་ཟམ་གྱི་སྟེང་ནས་རྒྱལ་པོ་རཱ་མ་ཎ་དཔུང་དང་བཅས་པ་ཕར་བརྒལ་ཏེ།   སྲིན་པོ་དང་གཡུལ་བཤམས་ཏེ་རྒྱལ་ཁ་བླངས། ལངྐ་མགྲིན་བཅུའི་རྟའི་མགོ་རཱ་མ་ཎའི་དམ་བཅའ་གསུམ་ལྡན་གྱི་མདས་བཅད་དེ་བཀྲོངས།   སྲིན་པོ་འགའ་ཞིག་གིས་མགྲིན་བཅུའི་ནུ་བོ་ཀུམྦྷ་ཀ་ར་ཎ་ཞེས་པ་བསམ་གཏན་ལ་མཉམ་པར་བཞག་པའི་རྣ་བར་ཁྲོ་ཆུ་བཞུས་པའི་ཁུ་བླུག་པས་དེ་སད་དེ་ཅི་ཡིན་ཟེར་བ་ལ།   ཕུ་བོ་སྲིན་རྒྱལ་བཀྲོངས་པའི་ལོ་རྒྱུས་ཞུས།   དེས་བལྟས་ཏེ་སྣ་སྒོའི་རླུང་ནང་དུ་བརྔུབས་པས་རྒྱལ་པོ་དང་སྤྲེའུ་ཧ་ནུ་མནྠ་མིན་པ་གཞན་བྱིངས་ཀེང་རུས་སུ་སོང་། དེ་ཙམ་གྱིས་ཀུམྦྷ་ཀ་ར་ཎ་ཚིམས་ཏེ་སྒོམ་བྱེད་དོ།། དེར་རྒྱལ་པོས་སྤྲེའི་མངགས་ཏེ།   ཁ་བ་ཅན་གྱི་རི་བོ་གངས་ཅན་ཏེ། ཏི་སེ་རུ་སྨན་ལེན་པར་བཏང་བས་སྨན་འཁྲུལ་ལོ།། ཐེངས་གཉིས་པར་གངས་ཀྱི་སྤོ་ཁྱེར་ཏེ་འོངས།   དེས་དམག་ཐམས་ཅད་གསོས། ད་སྨན་འཛིན་པའི་རི་རྩེ་སྔར་གནས་སུ་སྐྱོལ་ཅེས་པས་སྤྲེའུ་ན་རེ་ཚེགས་ཆེ་ཟེར་ནས་རྒྱང་ནས་འཕངས་པས་ན།   རི་དེའི་རྩེ་མོ་ཅུང་ཟད་ཡོད་ནས་དོ།། ཞེས་གྲགས་སོ།   དེ་ནས་རྒྱལ་པོ་རཱ་མ་ཎ་བདེ་བར་ཕྱིན་ཅིང་བཙུན་མོ་སཱི་ཏ་ཁུགས་ཏེ་མཐར་སླར་ཡང་སྐྱིད་པའི་དཔལ་ལ་རོལ་ཏེ་གནས་པར་བསྟན་དེ་མཇུག་བསྡུས་ཡོད།


 

དཔྱད་མཆན་ཡོད།