དགེ་ལེགས་དཔལ་བཟང་གི་གློག་བརྙན«ཕ་དི་མ།»

webwxgetmsgimg (10).jpg

                གློག་བརྙན«ཕ་དི་མ»(Fathima The Oracle)ནི་ཕྱི་སྡོད་བོད་མིའི་འཁྲབ་ཁྲིད་པ་དགེ་ལེགས་དཔལ་བཟང་(Geleck Palsang)གིས་ལ་དྭགས་ཁུལ་དུ་ལོ་ངོ་དྲུག་གི་དུས་ཚོད་བེད་སྤྱད་དེ་བཟོས་པའི་དངོས་བཤུས་གློག་བརྙན་ཞིག་ཡིན།

            དགེ་ལེགས་དཔལ་བཟང་གིས་ངོ་སྤྲོད་བྱས་པ་ལྟར་ན། གློག་བརྙན་འདིའི་ནང་དུ་ཁ་ཆེའི་ཁྱིམ་ཚང་གི་བུ་མོ་ཞིག་གི་སྟེང་ནས་བྱུང་བའི་མཐོང་དཀོན་ཞིང་ངོ་མཚར་བའི་རྣམ་པ་དེ་ཟིན་ཐོར་ཕབ་ཡོད། བུ་མོ་འདི་ནི་རྒྱ་གར་བྱང་རྒྱུད་ཀྱི་ལ་དྭགས་ཁར་ཇི་རྫོང་གི་སྡེ་བ་ཞིག་ནས་ཡིན་ཞིང་། དགེ་ལེགས་དཔལ་བཟང་གིས་བསྟན་དོན། ཕ་དི་མ་བོད་སྐད་བོད་ཡིག་གི་ཁོར་ཡུག་མེད་ས་ཞིག་ནས་ལག་ཆགས་ནའང་། ཁོ་མོར་ལྷ་འབབ་ཐེངས་རེར་བོད་སྐད་དག་མ་ཅིག་བཤད་ཡོང་བས། ས་དེའི་མི་ཚོ་ཡ་མཚར་གྱིན་ཡོད་ལ། ནད་པ་མང་པོ་ཞིག་ཁོ་མོས་བྱིན་གྱིས་རླབས་པའི་ལུས་སྲུང་གི་དངོས་རྫས་སོགས་བཏགས་པ་ལ་བརྟེན་ནད་ལས་གྲོལ་གྱིན་ཡོད།

            དང་ཐོག་སུས་ཀྱང་ཕ་དི་མ་ཡི་ལུས་ཐོག་ལ་འབབ་ཀྱིན་པའི་ལྷ་ནི་གང་ཞིག་ཡིན་པ་ཤེས་ཀྱིན་མེད་ནའང་། རྗེས་སུ་གནས་ཆུང་དྲག་ལྡན་ལ་བཀའ་འདྲི་ཞུས་པ་བརྒྱུད། ཕ་དི་མ་ཡི་ལུས་ལ་འབབ་ཀྱིན་པའི་ལྷ་ནི་བསྟན་མ་བཅུ་གཉིས་ཁྲོད་ཀྱི་རྡོ་རྗེ་གཡའ་མ་སྐྱོང་ཡིན་པ་ཤེས།

webwxgetmsgimg (9).jpg

          དེ་མིན། དགེ་ལེགས་དཔལ་བཟང་གིས་བརྙན་ཐུང་འདི་བཟོ་བར་དུས་ཡུན་ལོ་དྲུག་འགོར་བའི་རྒྱུ་རྐྱེན་གསལ་བཤད་བྱས་ཤིང་། ཁོས་བསྟན་དོན། ཕ་དི་མའི་ལུས་ཐོག་ཏུ་ལོ་རེར་ལྷ་འབབ་ཐེངས་གཉིས་རེ་གསུམ་རེ་མ་གཏོགས་མེད་པས། ཁོས་དུས་སྐབས་འདི་དམ་འཛིན་བྱ་ཆེད་དུས་ཚོད་མང་པོ་བཀོལ་དགོས་བྱུང་། དེ་དང་ཆབས་ཅིག་ཏུ། ཁོས་ཕ་དི་མར་ལྷ་འབབ་སྐབས། དངོས་བཤུས་བརྙན་ཐུང་འདི་བཟོ་བའི་རེ་བ་ཞུས་ནའང་། དང་ཐོག་ཁོ་མོས་དང་ལེན་མ་བྱས་མོད། རྗེས་སུ་བརྙན་ཐུང་འདི་བཟོ་བའི་དམིགས་ཡུལ་བཤད་རྗེས་ད་གཟོད་དང་ལེན་བྱས་བྱུང་།

           དགེ་ལེགས་དཔལ་བཟང་གི་འདོད་ཚུལ་ལྟར་ན། དངོས་བཤུས་བརྙན་ཐུང་འདིས་དེང་གི་གནས་སྟངས་ཟིན་ཐོར་ཕབ་ཐུབ་པས་མི་ཚད། ད་དུང་ཆོས་ལུགས་འཆམ་མཐུན་ཡོང་བར་ཡང་ནུས་པ་མི་དམན་པ་ཐོབ་ཐུབ། དངོས་བཤུས་བརྙན་ཐུང་འདི་ལ་དང་ཐོག་སྐར་མ་ལྔ་བཅུ་ཡོད་ནའང་། ཁོས་ལྷ་བབས་ནས་ཡོད་པའི་ཕ་དི་མར་བཀའ་འདྲི་ཞུ་སྐབས། ལྷས་ཚན་པ་ཁ་ཤས་ཤིག་ཕྱི་ལ་ཁྱབ་བསྒྲགས་བྱེད་མི་འོས་པར་བསྟན་པས། མཐའ་མར་དྲས་སྒྲིག་བྱས་ཏེ་སྐར་མ་སུམ་ཅུ་ལས་མེད་པའི་དངོས་བཤུས་བརྙན་ཐུང་འདི་བཟོས་པ་རེད།

            དངོས་བཤུས་བརྙན་ཐུང་འདི་སྐབས་དགུ་པའིDIFFརྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་བརྙན་ཐུང་སྡེ་ཁག་ནང་ནས་རྒྱལ་ཁབ་འདྲ་མིན་གྱི་ཕུལ་བྱུང་བརྙན་ཐུང་བརྒྱ་ལྷག་དང་མཉམ་དུ་གཟིགས་འབུལ་བྱས་མྱོང་།

webwxgetmsgimg (8).jpg


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།