ཨ་མའི་མིག་ཆུ། བུ་མོའི་ན་ཟུག་ཡིན།

1610188545408500.jpg

ཨ་མའི་མིག་ཆུ། བུ་མོའི་ན་ཟུག་ཡིན།

——གློག་བརྙན་གྲགས་ཅན«ལྐོག་གྱུར་གྱི་གཞས་མ» ཞེས་པར་བལྟས་རྗེས་ཀྱི་ཟིན་ཐོ།

             གློག་བརྙན་གྲགས་ཅན«ལྐོག་གྱུར་གྱི་གཞས་མ»超级秘密ཞེས་པ་འདི་ནི། ཨ་མེར་ཁན(Aamir Khan)དང་། ཛེ་ར་ཝ་སེམZaira Wasim)གཉིས་ཀྱིས་གཙོ་འཁྲབ་བྱས་པའི་གློག་བརྙན་རྩེ་གྲས་ཤིག་ཡིན་ཞིང་། འདིའི་ནང་གི་བརྗོད་དོན་གཙོ་བོ་བུད་མེད་སྤྱི་དང་། བྱེ་བྲག་ཁ་ཆེའི་ཁྱིམ་ཚང་ནང་གི་བུད་མེད་ཀྱི་གནས་སྟངས་དང་། རིན་ཐང་། ལས་དབང་ཅི་འདྲ་ཞིག་ཡིན་མིན་འགྲེལ་བརྗོད་གཏིང་ཟབ་མོ་བྱས་ཡོད་དེ། 

         དཔེར་ན། ལང་ཚོ་སྨིན་ལ་ཉེ་བའི་སློབ་ཆུང་བུ་མོ་དེ་ཉིད་ཇི་ལྟར་<<གསང་བའི་གྲགས་སྐར་>>ཞིག་གི་ལམ་བུར་ཆས་དགོས་པའི་བརྒྱུད་རིམ་རྙོག་འཛིང་ཅན་དེ་ཡང་མཐར་གཏུགས་ན། ཁྱིམ་ཚང་དེའི་ཕ་རྒན་སྤྲོ་ཐུང་དེའི་རྩུབ་སྤྱོད་དང་གུ་དོག་གི་རང་གཤིས་ཁོ་ནར་ཐུག་ཡོད།

        བུ་མོ་ཆུང་ཆུང་དེའི་རྨི་ལམ་མངོན་འགྱུར་ཡོང་སླད། ཨ་མས་ནི་རང་ངོས་ནས་བསམ་ཡུལ་འདས་པའི་བློས་གཏོང་མང་པོ་བྱས་ཡོད་དེ། རང་གི་སྐེ་རྒྱན་གསང་བའི་སྒོ་ནས་བཙོངས་ཏེ་བུ་མོར་གློག་ཀླད་ཉོས་པར་མ་ཟད། དེའི་ཆེད་དུ་ཁ་རྡུང་དང་། གཅར་རྡུང་ཅི་ཞིག་བྱུང་རུང་དང་ལེན་བྱེད་ཕོད་པའི་སྙིང་སྟོབས་ཀྱི་མཛེས་པ་དེར། ལྟད་མོ་བ་དག་གིས་ཚིག་གི་ངོས་ནས་མཚོན་བྱེད་ཅིག་ནམ་ཡང་རྙེད་དཀའ་བར་གྱུར་ཡོད།

        དེ་ལྟ་ནའང་ངས་ཕ་རྒན་དེ་ཉིད་ལས་ཀ་ནས་རང་ཁྱིམ་དུ་ལོག་འོང་བའི་ངོ་གདོང་གཏུམ་པོ་དེ་མཐོང་ཐེངས་རེར། ཁྱོ་གའི་དྲག་ཤུགས་དང་། དབང་ཤེད་འོག་ནས་ནམ་ཡང་ཐར་མ་མྱོང་བའི་བོད་ཀྱི་སྐྱེས་མ་ཉམ་ཆུང་ཚོའི་ལས་དབང་ཡང་ལྷམ་མེར་དྲན་ཡོང་བར་མ་ཟད། སྐད་ཤུགས་ཆེན་པོའི་གཤེ་གཤེ་དང་ལྷན་དུ་འགྲམ་ལྕགས་གཞུ་ཐེངས་རེར། དགེ་ཆོས་ཀྱིས། ཀྱེ་མ་བུད་མེད་རྣམས་ལ་དཔུང་གཉེན་མེད། ། ཅེས་གསུངས་མྱོང་བའི་སྡུག་སྐད་དེ། སྔར་བས་ཀྱང་དྲང་བདེན་གྱི་གཏམ་དུ་ཚོར་ཡོང་གི་འདུག

p2510695046.jpg

        གློག་བརྙན་འདིའི་ནང་གི་ཁྱོ་ག་ནི། གནད་དོན་ཆུང་ངུ་རེའི་ཐད་ནས་མ་འགྲིག་ཚེ། རང་གི་ཚོར་བ་རང་གིས་གཅུན་མ་ཐུབ་པར། བུ་ཕྲུག་གི་མིག་སྔུན་ཚུན་ཆད་ནས་ཆུང་མ་གཅར་རྡུང་ལ་གོམས་ནས་ཡོད་ཅིང་། རང་གི་ཨ་མ་གཞན་གྱི་ལག་འོག་ནས་གཅར་རྡུང་མྱོང་སྟེ་ངུ་འབོད་བྱེད་བཞིན་པའི་སྣང་ཚུལ་ཡ་ང་བ་འདིས། བུ་ཕྲུག་ཚོའི་སེམས་པའི་གཏིང་རུམ་ན་རྨ་ཁ་བཟོས་པའི་ཟབ་ཚད་དེ་སུ་ཞིག་གིས་རྟོགས་ཐུབ་ཨང་།

      མདོར་ན། བཟའ་ཚང་གི་འདང་བརྩེ་ལ་བསམ་གཞིགས་མེད་ཅིང་། རང་གི་དབང་ཤེད་ཁོ་ནས་ཁྱིམ་ཚང་ཁ་ལོ་སྒྱུར་བཞིན་པའི་གློག་བརྙན་འདིའི་ནང་གི་ཕ་རྒན་ལྟ་བུ་ནི། བོད་ཡུལ་སྟོད་སྨད་བར་གསུམ་ན། ད་དུང་ཡང་རྒྱུན་ཆད་མ་མྱོང་བར་གཞིགས་ན། གངས་ཅན་བོད་པ་ཚང་གི་མ་འོངས་པ་དེ་ཁ་ཆེའི་ཁྱིམ་ཚང་འདི་དང་ཁ་ཐག་ཇི་ཙམ་རིང་མིན་ང་ཚོར་དྲི་བ་ཞིག་ཏུ་གྱུར་དོན་ཅི་ལ་ཡོད།

       ཁོ་མོའི་ཨ་མ་ནི། སྤྱིའི་ཆ་ནས་བུད་མེད་བློ་སྟོབས་ཅན་ཞིག་ཏུ་བགྲང་ཆོག་ནའང་། བུ་ཕྲུག་ཚོའི་མ་འོངས་པའི་སླད་དུ་རང་གི་ཁྱོ་བོ་ཕར་རྒོལ་བྱེད་པའི་ལམ་བུ་དེ་ད་དུང་ཞུགས་ཐུབ་མེད། དེ་ལྟ་ནའང་། གསང་བའི་གྲགས་སྐར་དུ་གྱུར་བའི་གཞས་མ་ཆུང་ཆུང་དེ་ནི། རྣམ་དཔྱོད་གསལ་ཞིང་། བློ་སྟོབས་ལྡན་པ། འཚོ་བ་དངོས་ལ་གདོང་གཏད་པའི་ཤེས་འཇོན་ལྡན་པ་སོགས། ཕྱོགས་གང་ནས་དུས་རབས་གསར་པའི་བུད་མེད་ཚོར་དགོས་པའི་དཔའ་མཛངས་ཀྱི་ཁྱད་ཆོས་ཚང་ཡོད་ཅིང་། ནམ་ཡང་ཨ་ཕའི་རྩུབ་སྤྱོད་འོག་འཚོ་དགོས་པའི་ཨ་མའི་ཡ་ང་བའི་ལས་དབང་གིས་ཁོ་མོའི་མ་འོངས་པའི་འཚོ་བའི་ཐད། མདུན་སྐྱོད་གསར་པ་ཞིག་དང་། སྤྱི་ཚོགས་དང་། གོམས་གཤིས་ཀྱི་ཆ་ནས་ཧ་ཅང་རྒྱུན་ལྡན་མིན་པའི་ལམ་བུ་ཞིག་སྙེགས་པའི་དགོས་པའི་སྐུལ་མ་ཤུགས་ཆེར་བཏང་ཡོད།

     དེ་བས་ཀྱང་རང་ཉིད་ལྟ་མཁན་དཀྱུས་མ་ཞིག་ཡིན་པའི་ངོས་ནས་ཡ་མཚན་པ་ཞིག་ནི། བོད་ཀྱི་མི་རབས་གསར་པའི་བུད་མེད་ཚོས་མིག་དཔེར་འོས་པའི་བུ་མོ་ཆུང་ཆུང་དེས་ལན་རེར་ཨ་མའི་ཆེད་དུ་རང་གི་འོད་སྟོང་ལྡན་པའི་ཕུགས་བསམ་མཐའ་དག་བློས་གཏོང་ཕོད་ཅིང་། ལན་རེར་ཨ་མའི་ཆེད་དུ་འཚོ་བ་གསར་བ་ཞིག་འདེམས་པའི་ཆོད་སེམས་བརྟན་པོ་བཅངས་ཡོད་པ་དེ་ཡིན།

     གློག་བརྙན་འདིའི་ནང་བུ་མོ་དང་སྐྱེས་མ་ལ་མཐོང་ཆུང་བྱེད་པའི་ཁ་ཆེའི་ཆོས་ལུགས་ཀྱི་སྲོལ་ངན་དེ་ཟུར་ཙམ་མངོན་པར་བྱས་ཡོད་མོད། ཕྱོགས་གཅིག་ནས་དེ་ནི་ཆོས་ལུགས་ལྟ་ཚུལ་ཙམ་མིན་པར་དེང་རབས་ཀྱི་ཤེས་ཡོན་མ་དར་བའི་གནའ་བོའི་སྤྱི་ཚོགས་ཧྲིལ་པོར་ཡོད་པའི་རྗེས་ལུས་ཀྱི་སྣང་ཚུལ་ཞིག་ཀྱང་ཡིན་སྲིད་དེ། སངས་རྒྱས་ཆོས་ལུགས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པའི་རང་རེ་བོད་ཀྱི་ཡུལ་དུ་ཡང་། སྐྲ་རིང་མ། བློ་ཐུང་མ། སོགས་བུད་མེད་ལ་ཟ་དང་ཟུར་ནས་བརྙས་སྨོད་བྱེད་པའི་གཏམ་རྒྱུད་ཧ་ཅང་མང་།

      ཆེས་འཇིགས་སུ་རུང་བ་ཞིག་ལ། མདོ་ཁམས་ཀྱི་ཡུལ་ལུང་འགའ་རེར་གནད་དོན་ཆུང་ངུ་རེའི་རྐྱེན་པས། ཁྱོ་གས་རང་གི་ཆུང་མའི་རྣ་བ་བཅད་ཅིང་། འགའ་རེས་ཆུང་མའི་སྣ་དང་སྐྲ་ལོ་བཀོག་པའི་གཏམ་རྒྱུད་དག་དྲན་ཚེ། གློག་བརྙན་འདིའི་ནང་གི་ཕ་རྒན་གཏུམ་པོ་ཁོང་། ད་དུང་རང་གི་བཟའ་ཟླ་དང་བུ་ཕྲུག་ལ་འཇིགས་སྐུལ་གཏོང་བའི་དྲག་སྤྱོོད་པ་གཙོ་བོའི་གྲས་སུ་ཚུད་མེད་པ་འདྲའོ། །

      མདོར་ན། བདག་གིས་གློག་བརྙན་འདིར་བལྟས་ནས་མཇུག་ཏུ་སླེབས་སྐབས། རང་གི་མིག་ཟུང་མཆི་མས་གང་ཡོད་པ་རྟོགས་པར་མ་ཟད། ཨ་མ་དང་། མནའ་མ། བུ་མོ་གསུམ་ཀའི་རང་གི་ལས་དབང་ལ་འཁང་ར་བྱེད་ཀྱིན། མི་རབས་གསར་པ་ཚོས་ཅིས་ཀྱང་རང་དབང་གི་ལམ་བུ་སྙེགས་པའི་སློབ་གསོའི་ནང་དོན་ཅན་གྱི་གློག་བརྙན་ཡག་པོ་འདི་འདྲ་ཞིག་རང་རེའི་སྤྱི་ཚོགས་སུ་ཅིས་ཀྱང་འགྲེམ་དགོས་ངེས་འདུག་སྙམ་པ་བྱུང་ཞིང་། དེ་མཚུངས་སུ་ཐལ་སྤྱོད་ཆེ་བའི་ཁ་ཆེའི་ཡུལ་ལུང་ཁག་དང་། བོད་རིགས་ཀྱི་སྐྱེས་པ་འགའ་རེའི་བཟའ་ཚང་ནང་ཁུལ་དུ་ཁ་གཏད་པའི་རྩུབ་སྤྱོད་མང་པོ་ཞིག་འཇིག་རྟེན་འདི་དང་གཏན་དུ་ཁ་གྱེས་རན་འདུག་སྙམ་པ་བྱུང་།

༢༠༢༠།༡༢།  ཨ་འདུས་པས།

p2508925601.jpg

དཔྱད་མཆན་ཡོད།