ཅོང་བརྡ།

1653199892873889.jpg

    «ཅོང་བརྡ»འམ«ཚེ་སྲོག་གི་འབོད་པ»ཞེས་པའི་གློག་བརྙན་འདི་ནི་ཨེ་ཙི་ནད་སྔོན་འགོག་གི་སྐོར་བརྗོད་དོན་བྱས་པའི་དགེ་ལས་ཀྱི་གློག་བརྙན་ཞིག་རེད།

    གངས་ལྗོངས་མཐོ་སྒང་སྟོད་ཕྱོགས་ཀྱི་ཡུལ་གྲུ་ཞིག་ན་ཁོར་ཡུག་མཛེས་ཤིང་ཉམས་དགའ་བ་ཀུན་གྱི་མིག་དབང་འཕྲོག་པའི་གྲོང་ཚོ་ཞིག་འདུག གྲོང་ཚོ་དེར་གནས་པའི་མི་དག་ཀྱང་གཞུང་དྲང་ཞིང་སེམས་བཟང་བ། ལས་ལ་བརྩོན་ཞིང་འབད་པ་བྱེད་མཁན་རྐྱང་ཡིན་པས་ཁོ་ཚོའི་གདོང་ལ་འཛུམ་གྱིས་ཕྱུག་ཅིང་འཚོ་བ་སྐྱིད་ཀྱིས་ཁེངས་ནས་ཡོད།

2093090794.jpg

    དེ་ན་དགྲ་འདུལ་ཚང་ཡང་སྡེ་བའི་ནང་གི་ཁྱིམ་ཚང་གཞན་དང་འདྲ་བར་ཁྱིམ་ལ་དྲོད་ཁོལ་ལྡན་ཞིང་འཚོ་བར་སྐྱིད་ཆགས་ཡོད་པའི་ཁྱིམ་ཚང་ཞིག་རེད། ཁོང་ལ་ཁྱིམ་མི་ལྔ་ཡོད་པ་ནི་དགུང་ལོ་བརྒྱད་ཅུར་སླེབས་པའི་བྱམས་སེམས་ཅན་གྱི་དྲིན་ཆེན་ཕ་ལགས་དང་ཕུ་བོ་དགྲ་འདུལ། གཅུང་བོ་ཅོང་བརྡ༼་ ཁོ་སྤུན་གཉིས་ཀས་མནའ་མ་གཅིག་བླངས་ནས་ཁྱིམ་ལ་བསྡད་ཡོད། ༽ མནའ་མ་མཛངས་མ་ཕུར་སྒྲོན་དང་བུ་ཞི་བདེ་དོན་འགྲུབ་བཅས་སོ།། 

1855186950.jpg

1164095792.jpg

     ཕུ་བོ་དགྲ་འདུལ་གྱིས་ཁྱིམ་ལས་སྣ་ཚོགས་དང་ཞིང་རྨོ་འདེབས་ཀྱི་འགན་གཙོ་བོ་ཁུར་ནས་ནང་ལ་འདུག་པ་དང་ཅོང་བརྡ་མཚམས་རེར་ཕྱི་རུ་སོང་དེ་ལས་གླ་སོགས་བྱས་ནས་སྒོར་མོ་འགའ་འཚོལ་གྱིན་ཡོད། འོན་ཀྱང་ཕྱི་རུ་སོང་བའི་ཅོང་བརྡས་འུར་འུར་ཟིང་ཟིང་གི་གྲོང་ཁྱེར་དུ་གླ་བྱས་ནས་བསགས་པའི་སྒོར་མོ་དག་དགོང་མོ་ཆང་ཁང་དང་གཞང་ཁང་སོགས་འགྲིམ་ནས་ཆང་གྲོགས་དང་སྨད་འཚོང་སོགས་ཀྱི་སྟེང་ལ་སྤྱད་ནས་ཉིན་མཚན་གཉིས་སུ་ཁོ་རང་ལ་སེམས་ཁྲལ་བྱེད་ཀྱིན་པའི་ློག་བརཕ་ཡུལ་གྱི་ལོ་ན་རྒས་པའི་དྲིན་ཆེན་ཕ་དང་ཕུ་བོ། རང་གི་བུ་སྦྲུམ་ཡོད་པའི་རྒྱུད་འཇམ་གྱི་མནའ་མ་དག་ཡིད་ཙམ་ལའང་འཁོར་གི་མེད་པར་དུས་འདའ་བར་བྱེད་ཀྱིན་འདུག   

65793470.jpg

    དེ་ལྟར་བག་མེད་དུ་སྨད་འཚོང་མ་སོགས་ལ་སྤྱད་པས་ཁོ་རང་ལ་ཨེ་ཙིའི་ནད་འགོས་ཡོད་ཀྱང་མ་ཚོར་བར་ཕ་ཡུལ་དུ་ལོག ཁྱིམ་མི་རྣམས་ཀྱིས་དགའ་བཞིན་སྤྲོ་བཞིན་ཁོ་ལ་བསུ་བ་བྱས་ཤིང་ཁོ་དང་མཉམ་དུ་བཟའ་མི་དག་ཕ་རྒན་པོའི་དགུང་ལོ་བརྒྱད་ཅུའི་གྱ་སྟོན་ལ་རོལ། ཅོང་བརྡ་ལ་ཨེ་ཙི་སྔོན་འགོག་གི་འདུ་ཤེས་མེད་པས་ཨེ་ཙི་འགོས་འདུག་པ་ཤེས་རྟོགས་བྱུང་སྐབས་དུས་ཚོད་ཧ་ཅང་འཕྱི་འདུག་པ་དང་མིག་སྔར་ནད་དེ་གསོ་བྱེད་ཀྱི་སྨན་མེད་པས་ཅོང་བརྡ་མི་རིང་བར་ཚེ་ལས་འདས། 

409517136.jpg

      འོན་ཀྱང་ཀུན་གྱིས་བསམ་དཀའ་ཞིག་ནི་ཅོང་བརྡའི་ནད་དེ་མནའ་མ་དང་ཕུ་བོ་དགྲ་འདུལ་ལ་ཡང་འགོས་འདུག་པར་མ་ཟད། མནའ་མ་ཕུར་སྒྲོན་གྱི་ཁོག་གི་བུ་ལའང་ཕལ་ཆེར་འགོས་ཡོད་སྲིད་པ་རེད། དེ་ལྟར་སྔོན་ཆད་བདེ་སྐྱིད་ཀྱིས་ཁེངས་པའི་ཁྱིམ་ཚང་ཞིག་ཨེ་ཙི་ནད་དེས་སྡུག་བསྔལ་གྱི་རྒྱ་མཚོ་རུ་བསྐྱལ་བའི་གནས་ཚུལ་ཞིག་བརྗོད་འདུག

 ཤེས་རབ།

976340184.jpg

 «ཅོང་བརྡ»འམ་«ཚེ་སྲོག་གི་འབོད་པ»ཡི་འཁྲབ་ཁྲིད་པ།  ༢༠༡༤ལོ་སློབ་གྲྭ་མཐར་ཕྱིན་པ་ནས་རྩོམ་རིག་དང་སློབ་གསོ་ལས་རིགས་བརྒྱུད་སྒྲོག་སོགས་ཀྱི་སྐོར་ལ་ཕྱག་ལས་གནང་ཞིང་བོད་ལྗོངས་དབྱངས་གསལ་སྒྲ་སྙན་རིག་རྩལ་སྤྱི་གཉེར་ཁང་གི་འགན་འཛིན་པ་ཡིན། སྔ་རྗེས་སུ་བརྙན་འཕྲིན་ཁང་དང་ཚགས་ཤོག་སོགས་ཀྱིས་བཅར་འདྲི་དང་ལེན་དང་རྩོམ་ཡིག་སོགས་མང་པོ་སྤེལ། ཁོང་གིས་འཁྲབ་ཁྲིད་བྱས་པའི་བརྩམས་ཆོས་ལ«སློབ་ཆེན་གྱི་ང་»དང་«ཚེ་སྲོག་གི་འབོད་པ»སོགས་ཡོད།

ཉི་མ་ཚེ་རིང་།

1397411420.jpg

      གློག་བརྙན«ཅོང་བརྡ»ཡི་གཙོ་འཁྲབ་པ་དང་འཁྲབ་ཁྲིད་པ་གཞོན་པ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མཛེས་པའི་ཁ་ཆས་ཁོར་ཡུག་སྲུང་སྐྱོབ་སྤྱི་ཕན་རྩ་འཛུགས་བོད་ལྗོངས་ས་ཁུལ་གྱི་འགན་ཁུར་བ། དད་ལྡན་དབང་བོར་ཞལ་འདེབས་འབུལ་མཁན། བོད་ལྗོངས་གཙང་བཟང་ནུས་ཁུངས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་འགན་ཁུར་བ། ལྗོངས་རིམ་པའི་རྐང་འཛིན་སྒྲོག་འགྲེལ་བ།



གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།