པད་མ་ཚེ་བརྟན་གྱི་གློག་བརྙན «དབུགས་ལྒང»གླེང་པ།

2043426831.jpg

༡.ནང་དོན་གནད་བསྡུས།

        འདིར་སྤྱིར་བཏང་གི་བོད་མི་ཁྱིམ་ཚང་དཀྱུས་མ་ཞིག་གི་འཚོ་བའི་གནས་ཚུལ་བརྗོད་པ་བརྒྱུད་ནས༡༩༩༠ལོ་ཡས་མས་ཤིག་ལ་ཀྲུང་གོའི་སྲིད་ཇུས་ཏེ་འཆར་ལྡན་བུ་སྐྱེས་ལམ་ལུགས་ལག་བསྟར་བྱེད་པའི་སྐབས་སུ། གཙོ་འཁྲབ་མི་སྣ་དར་རྒྱས་ཀྱིས་རྩ་བའི་བླ་མའི་དད་པའི་གསུང་དང་དྲིན་ཆེན་ཕ་ལོས་གནང་བའི་བཀའ་དྲིན་བསམ་ནས་རང་གི་ཆུང་མ་སྒྲོལ་དཀར་གྱི་ཁོག་ཏུ་འཁོར་བའི་རྣམ་ཤེས་དེ་རང་གི་ཕའི་རྣམ་ཤེས་ཡིན་པར་ཡིད་ཆེས་ནས་བྱིས་པ་དེ་སྐྱེས་པར་རེ་བ་བྱེད་ཅིང་། ཆུང་མ་སྒྲོལ་དཀར་གྱིས་ཀྱང་རང་གི་འཚོ་བའི་དངོས་ཡོད་གནས་ཚུལ་དེ་བསམ་ནས་རང་གི་ཁོག་གི་བྱིས་པ་དེ་འདེད་རྩིས་བྱས་མོད། འོན་ཀྱང་རང་གི་ཁྱོ་ག་དང་བུ་ཆེ་བའི་རེ་བ་ལྟར་རེ་ཞིག་སྒྲོལ་དཀར་ལ་ཡང་ཐབས་མེད་པར་འཚོ་བའི་ཁྲོད་དུ་ལུས། འདི་ལྟར་མི་སྣ་སོ་སོས་འཚོ་བའི་མདུན་དུ་ལྷགས་པའི་གནད་དོན་དེ་དག་ལ་གདོང་གཏོད་སྟངས་དང་གདམ་ག་བྱེད་ཕྱོགས་མི་འདྲ་པས། མི་སྣ་སོ་སོའི་ལས་དབང་མ་འདྲ་བ་བརྗོད་ཡོད་པའི་གཏམ་རྒྱུད་གློག་བརྙན་ཞིག་ཡིན།

༢.གསར་རྩོམ་གྱི་རྒྱབ་ལྗོངས།

         གློག་བརྙན་འདིའི་བརྗོད་བྱ་ནི༡༩༩༠ལོ་ཡས་མས་ཤིག་ལ་ཀྲུང་གོའི་སྲིད་ཇུས་ཏེ་འཆར་ལྡན་བུ་སྐྱེས་ལམ་ལུགས་ལག་བསྟར་བྱས་ནས་ཅུང་འགོར་བའི་རྗེས་བོད་ཀྱི་འཚོ་བའི་ཁྲོད་ཀྱི་གནད་དོན་ག་གེ་མོ་གཞིར་བཟུང་ནས་བརྩམས་པ་ཞིག་ཡིན་ཞིང་། བོད་མི་དད་ལྡན་པ་མང་པོ་ཞིག་གིས་སྲིད་ཇུས་དེའི་འོག་ནས་རང་གི་འཚོ་བའི་ཁྲོད་ཀྱི་གདམ་ག་བྱེད་སྟངས་ཤིག་དང་། དེར་བསྟུན་ཐབས་བྱེད་པར་དཀའ་བའི་སེམས་ཀྱི་དཀའ་གནད་ཅིག་འཕྲད། དེ་ཡང་དད་མོས་དང་དངོས་ཡོད་ལས་གང་ཞིག་གདམ་ག་བྱེད་དམ་ཞེས་པའི་འདྲི་རྟགས་ཤིག་འཚོ་བའི་གསེང་དང་མི་སེམས་ཀྱི་གཏིང་རུམ་དུ་སླེབས། གནས་ཚུལ་དེ་འདྲ་ཞིག་གི་ཁོར་ཡུག་འོག་ནས་འཚར་ལོངས་བྱུང་བའི་རྩོམ་པ་པོ་པད་མ་ཚེ་བརྟན་གྱིས་སྐབས་དེའི་བོད་རིགས་མི་མང་གི་འཚོ་བའི་ཁྲོད་ཀྱི་གདམ་ག་བྱེད་ཐབས་མ་འདྲ་བ་དེ་དག་ལས་གཅིག་སྡུད་དང་བསྲེག་བཅད་བརྡར་གསུམ་གྱི་སྒོ་ནས་བོད་མིའི་འཚོ་བའི་ཟུར་ཅིག་མཚོན་པར་བྱས་ཡོད།

༣.མི་སྣ་ངོ་སྤྲོད།

1398951581.jpg

(1).ཨ་མྱེས།

         ཨ་མྱེས་ནི་གཙོ་འཁྲབ་པ་དར་རྒྱས་ཀྱི་ཨ་ཕ་ཡིན་ལ། ཁོ་ནི་བྱམས་བརྩེ་ཆེ་ཞིང་དད་པ་ཆེ་བའི་མི་སྣ་ཞིག་ཡིན་ལ། མི་རིགས་རང་གི་སྲོལ་རྒྱུན་རིག་གནས་དང་འཚོ་བ་ལ་དགའ་ཞིང་ཆོས་ལ་དད་ཞེན་ཆེ་བ་ཞིག་ཡིན། ཁོས་ཚེ་སྲོག་ནི་རང་བྱུང་གི་ཆོས་ཉིད་ཅིག་གམ་བླ་མ་དཀོན་མཆོག་གསུམ་པོའི་ཐུགས་རྗེ་ལས་གནང་བ་ཞིག་ཡིན་པར་ངོས་འཛིན་པ་ལས། མི་ཚོས་དེ་ལ་སྒྱུར་བཀོད་དང་ཚོད་འཛིན་བྱེད་ཐུབ་པ་ཞིག་ཡིན་པ་ཡིད་ལ་རྩ་བ་ནས་འཁོར་མྱོང་མེད།  དཔེར་ན། གློག་བརྙན་ནང་གི་བརྙན་འཕྲིན་ལས་ཚན་རིག་པས་བྱིས་པའམ་ཚེ་སྲོག་གི་འབྱུང་ཁུངས་ཐད་ཚན་རིག་ལག་རྩལ་གྱིས་ཚོད་འཛིན་བྱེད་ཐུབ་ཀྱིན་ཡོད་ཅེས་ཟེར་མ་ཐག་ཏུ་ཁོས་དེ་འདྲ་ལ་ཉན་ནས་ཡིད་ཆེས་རྒྱུ་མེད། ཕེ་ཕེ། མར་ར་གློག་བརྙན་གྱི་སྒོ་རྒྱོབས། བླ་མ་དཀོན་མཆོག་གསུམ་པོས་མཁྱེན། ཞེས་ལབ་པ་ལས་ཀྱང་གོང་གི་ཚེ་སྲོག་ལ་བཟུང་བའི་ལྟ་ཚུལ་དང་རིན་ཐང་དེ་དག་རྟོགས་ཡོང་ངེས། འདི་ལས་ཁོ་ནི་ལྟ་བ་མཁྲེགས་འཛིན་དང་རྙིང་ཞེན་ཅན་ཞིག་ཡིན་པ་མཚོན་ཐུབ། རིག་གནས་གསར་བ་ལ་དེ་འདྲའི་དང་དོད་བྱེད་མཁན་ཞིག་མིན། དཔེར་ན། སྲུང་ཤུབས་དང་དབུགས་ལྒང་ནི་རྩེད་ཆས་ཡིན་པ་མཚུངས་རྟགས་སུ་གྲུབ་པར་འདོད་པའི་སྐད་ཆ་བརྗོད་པ་དང་། རྟ་རྒན་གཡང་ལ(ལྷ)བོ་ལ་ཅུང་ཆག་རྒྱུ་དང་བྱུང་རྒྱུ་མེད་པས་འཕྲུལ་རྟ་ལས་དེ་བཟང་བ་སོགས་བརྗོད། མི་རིགས་གཞན་གྱིས་རྟ་ཞོན་ནས་འགྲོ་བའི་སྐབས་དེར་ད་དུང་ང་ཚོས་རྟ་ལ་ཞོན་ནས་འགྲོ་བཞིན་གདའ་ཞེས་པ་སོགས་ལས་ཤེས་ཐུབ།

1205225472.jpg

(2).དར་རྒྱས།

         གཙོ་འཁྲབ་པ་དར་རྒྱས་ནི་གཟུགས་སྟོབས་ཆེ་ཞིང་བརྗིད་ཉམས་ལྡན་ལ་བོད་ཀྱི་སྟག་ཤར་རམ་ཕོ་རྒོད་ཅིག་གི་ཁྱད་ཆོས་དེ་མངའ་ཞིང་། རང་གི་འཚོ་བ་ལ་དགའ་ཞིང་ཁྱིམ་ཚང་གི་འགན་འཁྲི་ལེགས་པོར་སྲུང་བའི་སྐྱེས་པ་ཞིག་ཡིན་པས། བོད་ཀྱི་ཨ་ཕ་དགའ་ཞིག་ཀྱང་ཡིན། རང་གི་བྱིས་པ་རྣམས་ལ་སྙིང་ཉེ་ཞིང་བརྩེ་བ་སྤྱིན་ལ་ཁོ་ཚོའི་དོན་དུ་དཀའ་ལས་རྒྱག་མཁན་ཞིག་ཡིན་པས། མདོར་ན། རྒན་ལ་བཀུར་ཞིང་ཆུང་ལ་བྱམས་པའི་ཁྱད་ཆོས་དེ་མངའ་འོ།། ཁོ་ཡང་རང་གི་ཨ་ཕ་ནང་བཞིན་རང་གི་ཆོས་དང་བླ་མ་ལ་དད་པ་ཆེ་ཞིང་། དཀོན་མཆོག་གསུམ་ལ་དད་ཞེན་ཆེ་པས་ཁོས་རང་གི་ཕ་འདས་པོའི་རྣམ་ཤེས་དང་མ་འདས་མོའི་རྣམ་ཤེས་སོགས་རང་གི་ཁྱིམ་དུ་སྐྱེས་ཡོད་པར་ཡིད་ཆེས་བྱེད་པ་ལས་དེ་ལ་ཐེ་ཚོམ་དང་དོགས་པ་གང་ཡང་མེད་མཁན་ཞིག་ཡིན། དོན་འདི་འདྲ་ཞིག་ལ་མཚོན་ན་སྔོན་གྱི་བོད་མི་ཡིན་དགོས་པ་ག་ལ་ཡོད། ད་ལྟའི་བོད་མི་དག་ལ་འཕྲད་ན་ཡང་དེ་ལྟར་གདམ་ག་མི་བྱེད་པའི་ངེས་པ་ག་ལ་ཡོད། འདི་ནི་མི་རིགས་ཤིག་གི་ཤ་གསེང་རུས་རྐང་ལ་བརྒྱུས་་པའི་དད་འདུན་དང་རེ་སྨོན་ཡིན་པས། དེ་ནི་མི་རིགས་ཤིག་གི་ཚེ་སྲོག་གི་རིན་ཐང་ལྟ་ཚུལ་དང་འཇིག་རྟེན་གྱི་ལྟ་ཚུལ་ཞིག་ཡིན། དར་རྒྱས་ཀྱིས་ལྟ་ཚུལ་དེ་རིགས་རྒྱུན་འཁྱོངས་བྱས་ནས་འཚོ་བའི་ཁྲོད་དུའང་དེར་བསྟུན་གྱིས་གདམ་ག་བྱས་ནས་འགྲོ་མཁན་ཞིག་ཡིན་ཀྱང་། དར་རྒྱས་ནི་རང་གི་ཕ་ལོ་བཞིན་དེང་སང་གི་དངོས་པོ་གསར་པ་དག་དང་ལེན་མི་བྱེད་མཁན་དེ་འདྲ་ཞིག་རྩ་བ་ནས་མིན། དཔེར་ན། སྲུང་ཤུབས་ལྟ་བུ། འཕྲུལ་རྟ་ལྟ་བུ། དེ་ལས་ཁོ་ནི་རྙིང་ཞེན་དང་ལྟ་བ་མཁྲེགས་འཛིན་ཁོ་ན་བྱེད་མཁན་ཞིག་མིན་པ་ཤེས་ཡོང་སྙམ། འདི་ནི་དེང་གི་དུས་སུ་བོད་མི་རྣམས་སྲོལ་རྒྱུན་ཁོ་ནར་ཞེན་མི་འདུག་པར་གནའ་བཟང་དེང་སྤྱོད་དང་། དུས་བསྟུན་ཡར་རྒྱས་ཀྱི་ལམ་ཁར་ཞུགས་དགོས་པའི་འབོད་བརྡའི་མཚོན་རྟགས་ཤིག་ཀྱང་ཡིན་ངེས། འདི་ནི་དུས་རབས་ཀྱི་འཕོ་འགྱུར་ཅིག་ཡིན་ལ་འགྱུར་ལྡོག་མེད་པར་སྔར་གནས་སུ་སྡོད་པའི་རྒྱལ་ཁབ་དང་མི་རིགས་ཤིག་འཛམ་གླིང་གི་ཡུལ་གྲུ་གང་ན་ཡང་མཐོང་རྒྱུ་དཀོན་མོ་ཡིན་པས། འགྱུར་འགྲོ་བར་དོགས་ནས་དེ་ལ་ཉེན་འཚབ་དང་དངངས་སྐྲག་སྐྱེས་པ་ནི་དོན་མེད་ཀྱི་སེམས་ཁྲལ་ལགས། ང་ཚོ་ཡང་དུས་རབས་ཀྱི་གཡོ་སྐྱོམས་ཁྲོད་ནས་མི་འགྱུར་བར་སྡོད་པའི་སྐབས་ཤིག་མེད་དོ།། དེ་ཡང་འགྱུར་འགྲོ་པ་ཞིག་ཡིན་པས་སྔོན་གྱི་ལོ་རྒྱུས་ལ་གཟིགས་དང་། ད་ལྟའི་ང་ཚོའི་འཚོ་བ་རོལ་ཕྱོགས་འདི་ཡང་མ་འོངས་པའི་མི་ཚོའི་འཚོ་བ་རོལ་ཕྱོགས་དང་གཅིག་པ་དེ་ཡིན་པ་སུས་ཀྱང་གཏན་ཁེལ་བྱེད་ཐབས་བྲལ། དེ་བས་དུས་རབས་ཀྱི་འགྲོས་དང་བསྟུན་པའི་བསམ་བློ་ཞིག་ཅིས་ཀྱང་རྒྱུད་དུ་འཁྲུངས་ན་སྔོན་རྗེས་གང་ཞིག་ཡིན་རུང་ཕན་བདེ་མི་འབྱུང་བའི་ངེས་པ་མེད།

1662364352.jpg

(3).སྟག་འབུམ་རྒྱལ།

        སྟག་འབུམ་རྒྱལ་ནི་བོད་ཀྱི་སློབ་འབྲིང་གི་བོད་ཡིག་དགེ་རྒན་དང་བོད་ཀྱི་རྩོམ་པ་པོ་ཞིག་ཡིན། གཙོ་འཁྲབ་བཙུན་མ་བྱང་ཆུབ་སྒྲོལ་མ་སློབ་མ་ཡིན་དུས་སྟག་འབུམ་རྒྱལ་ནི་མོའི་སློབ་གྲོགས་དང་མཛའ་གྲོགས་ཡིན། སྟག་འབུམ་རྒྱལ་ཁོ་ནི་བཟའ་ཐོར་བྱུང་བའི་མི་སྐྱ་ཞིག་ཡིན། འོན་ཀྱང་། ཁོའི་བརྩམས་ཆོས་དེ་བཟའ་འཐོར་མ་བྱུང་བའི་སྔ་རོལ་དུ་བྲིས་པའམ་རྗེས་ནས་བྲིས་པ་གང་ཞིག་ཡིན་རུང་། «དབུགས་ལྒང་»ཞེས་པའི་བརྩམས་ཆོས་དེ་ཁོ་ན་ལ་མཚོན་ན་ཧ་ཅང་རིན་ལྡན་པ་ཞིག་ཏུ་འདོད། གང་ལྟར་ཁོས་སྦ་གསང་མེད་པར་སྙིང་སྟོབས་ཆེན་པོས་རང་གི་མཛའ་གྲོགས་བྱང་ཆུབ་སྒྲོལ་མ་དང་རང་གཉིས་ཀྱི་གཏམ་རྒྱུད་འབྲི་བ་ལ་ཅི་འདྲའི་སྙིང་སྟོབས་ཆེན་པོ་ཞིག་དང་རྟུལ་ཕོད་ཀྱི་སེམས་ཤིག་དགོས་པ་ཞིག་རེད་ཨང་། འདི་ནི་མི་སྐྱའི་འཚོ་བའི་ཁྲོད་དུ་མི་སྐྱས་རང་ཉིད་ཀྱི་འཚོ་བ་བརྗོད་ཐབས་ཀྱི་གདམ་ག་ཞིག་ཡིན་པ་མ་ཟད། འདིས་ད་དུང་མི་རིགས་ཤིག་གི་རིག་གནས་རྒྱུན་འཛིན་དང་དེ་ཉིད་གོང་འཕེལ་དུ་གཏོང་བའི་ཐབས་ཤིག་མིན་པའི་ངེས་པ་ག་ལ་ཡོད། མདོར་ན་མི་རིགས་རང་གི་སེམས་ཁམས་དང་ཚེ་སྲོག་གི་གསེང་ལ་བརྒྱུས་པའི་གཏམ་རྒྱུད་མང་པོ་ཞིག་རང་གི་སྐད་དང་ཡི་གེ་ལམ་ནས་བཤད་ཅིང་མཚོན་པར་བྱེད་པ་ནི་མི་རིགས་དེའི་གཞི་རྩའི་ཁེ་དབང་ཞིག་ལོས་ཡིན། དེ་བས་ད་སྐབས་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་རང་གི་སྐད་ཡིག་གི་སྐྱེ་འཆི་ཞེས་བརྗོད་པ་སྣ་ཚོགས་བུད་ཀྱང་། མདོར་ན་རང་གི་སྐད་ཆ་རང་གིས་བཤད་དེ་རང་གི་སྐད་ཡིག་བེད་སྤྱོད་པ་ནི་མི་རིགས་འདིའི་ལས་དོན་རྒྱ་ཆེན་པོ་ཞིག་ལོས་ཡིན། ང་ཚོའི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་སྟག་འབུམ་རྒྱལ་ལྟ་བུའི་རང་གི་སྐད་ཆ་བཤད། རང་གི་ཡི་གེ་བཀོལ། རང་གི་རིག་གནས་ཀྱི་འཚོ་བ་རོལ་ནས་འགྲོ་མཁན་འདི་དག་ནི་ང་ཚོའི་མི་རིགས་འདིའི་འཚོ་བའི་ཁྲོད་དུ་དད་དོད་དེ་འདྲ་མི་བྱེད་ཅིང་། ཁོ་ཚོའི་གནས་བབ་ནི་ཧ་ཅང་འཁོས་ཞན་ལྟ་བུ་ཞིག་ཏུ་གྱུར་ཡོད། འདི་ལྟ་བུའི་མི་སྣ་ང་ཚོའི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཡོད་ན་ཡང་ཉུང་དུ་འགྲོ་བར་སེམས་ཁུར་བྱེད་དམ། མང་དུ་འགྲོ་བར་རེ་བ་བྱེད་དམ། འདི་ནི་ང་ཚོའི་མི་རིགས་འདིིའི་སྐད་ཡིག་སྐྱེ་འཆི་ཐད་ནས་ཆེས་བསྒྲུབ་དགོས་པའི་བྱ་བ་ཞིག་རེད། ང་ཚོའི་བོད་ཀྱི་ཡི་གེ་ནི་སངས་རྒྱས་ཀྱི་དགོངས་པ་སྒྲོག་བྱེད་ཁོ་ན་མ་གཏོགས་མི་སྐྱའི་འཚོ་བ་བརྗོད་པའི་གྲོགས་སུ་ཅིའི་ཕྱིར་འགྱུར་ན་མ་ཆོག་པ་ཡིན། དེ་བས་མི་སྐྱའི་འཚོ་བ་ལ་མི་སྐྱའི་སེམས་ཁམས་དང་ཁོར་ཡུག་ངེས་ཅན་ཞིག་གི་ཤུགས་རྐྱེན་ཡོད་པས་ང་ཚོས་ཅིས་ཀྱང་སྐྱ་བོའི་རིག་གནས་ལ་དང་དོད་དང་བརྩི་བཀུར་བྱེས་དགོས་པ་ལས། དེ་ལ་སྣང་ཆུང་དང་རྡོག་རྫིས་གཏན་ནས་གཏོང་མི་རུང་སྙམ། དེ་བས་མི་སྐྱ་ནི་རིག་གནས་ཀྱི་ཁུངས་སྟུག་པོ་ཞིག་ཡིན་ལ། རིག་གནས་ཀྱི་རྩ་བའི་སྲོག་ཤིང་ཞིག་ཀྱང་ཡིན་པས། འདི་ལས་རྟོགས་དགོས་པ་ཞིག་ནི་ང་ཚོའི་མི་སྐྱའི་བརྩམས་ཆོས་ལ་མི་སྐྱས་གདེང་འཇོག་བྱེད་དགོས་པ་ལས་དེ་དང་འབྲེལ་བ་མེད་པའི་ཆོས་ཕྱོགས་ནས་སྐད་ཆ་ཤོད་མཁན་དང་ལག་བསྲིང་མཁན་དེ་འདྲ་མེད་ན་ལེགས་པོ་འདུག མདོར་ན་ཡོད་ཚད་མི་རིགས་དང་མི་བུ་སྒེར་གྱི་འཚོ་བ་རོལ་སྟངས་ཤིག་རེད། བོད་ཀྱི་རིག་གནས་རྒྱུད་འཛིན་པ་ལེགས་པོ་ཞིག་ཏུ་འདོད། བོད་ཀྱི་དགེ་རྒན་ཡག་པོ་ཞིག་རེད།

890377383.jpg

(4).སྒྲོལ་དཀར།

      གཙོ་འཁྲབ་སྐྱེས་མ་སྒྲོལ་དཀར་ནི་བུད་མེད་ཁྲེལ་ཡོད་དང་ངོ་ཚ་ཆེ་ཞིང་། བོད་ཀྱི་བུད་མེད་རྣལ་མ་ཞིག་གི་རང་གཤིས་དེ་མངོན་པར་མཚོན་ཞིང་། དེ་ཡང་རང་གི་འཚོ་བ་ལ་དགའ་ཞིང་ཁྱིམ་ཚང་ལ་འགན་ཁུར་བའི་བུད་མེད་མཛངས་མ་ཞིག་རེད། སྒྲོལ་དཀར་ནི་ཁྱོ་ག་ལ་དགའ་ཞིང་རང་གི་བྱིས་པ་ལ་སྙིང་ཉེ་བའི་ཨ་མ་བཟང་བོ་ཞིག་ཡིན་ལ། ནམ་རྒྱུན་རང་གི་ཁྱིམ་ལས་ཀྱི་ཁྲོད་ན་ཁོམ་གྱིན་མི་འདུག སྒྲོལ་དཀར་མོས་ཀྱང་མཚམས་རེར་རང་གི་ཁྱིམ་ཚང་འདི་བསམ་ནས་དངོས་ཡོད་ཀྱི་གདམ་དེ་བྱེད་དགོས་སྙམ་ལ། ཡང་རང་གི་ཁྱོ་ག་དང་བུའི་རེ་བ་ལྟར་དད་མོས་ཀྱི་གདམ་གའི་ཁྲོད་ནས་ཡང་དེ་གཉིས་གང་ཞིག་གདམ་དགོས་པ་མི་ཤེས་པའི་དཀའ་ཁག་ཅིག་ལ་འཕྲད། འདི་ནི་བུད་མེད་ཅིག་གི་རྒྱུད་ཀྱི་བརྩེ་བ་དང་རེ་བ་ལས་འཁྲུངས་བའི་སྙིང་སྟོབས་ཤིག་རེད་འདོད། དེ་འདྲ་མིན་ཚེ་རང་དབང་ནི་རང་དབང་རང་ཡིན་ལ། ཁྱིམ་ཚང་ལ་བདེ་སྐྱིད་སྩོལ་མི་ཐུབ་པའི་རང་དབང་ནི་མི་སུས་ཀྱང་རེ་བ་བྱེད་ས་དེ་ཡིན་ག་ལ་སྲིད། ཁྱིམ་གཅིག་ན་དབང་ཆེན་མང་བ་དེ། ཁྱིམ་བཟའ་ཚང་འཐོར་བའི་སྔ་ལྟས་ཡིན། ཞེས་པ་ལྟར་གཉེན་སྒྲིག་གི་རང་དབང་ཅི་ལྟར་ཆེ་ན་བདེ་སྐྱིད་ཀྱང་དེ་ལྟར་ཐོབ་པའི་ངེས་པ་ག་ལ་ཡོད། ང་ཚོས་ཟུར་ལྟ་བྱ་འོས་པ་ཞིག་ནི་ཨ་རིའི་གློག་བརྙན་ཞིག་སྟེགཉེན་སྒྲིག་གི་གཏམ་རྒྱུད»(婚姻的事)ཅེས་པ་ལས་ཅི་ཞིག་ལ་གཉེན་སྒྲིག་ཟེར། བརྩེ་བའི་གནས་མལ་རེད་དམ་གཟེབ་རེད་ཅེས་དྲི་བ་འདོན། ཀློག་པ་པོ་སྟོང་ཞིག་གི་མིག་ནང་ན་ཧྭ་མི་ལེ་ཐི་སྟོང་གཅིག་ཡོད་ཟེར་བ་བཞིན། བཟའ་ཚང་སྟོང་གཅིག་ལའང་གཉེན་སྒྲིག་གི་གོ་བ་ལེན་སྟངས་སྟོང་གཅིག་ཡོད་སྲིད་པ་རེད། ཡང་སྐད་ཆ་ཕྱིར་འཁོར་ནས་བཤད་ན། ཧྭ་མི་ལེ་ཐི་ནི་ཧྭ་མི་ལེ་ཐི་རང་ཡིན་པས་ན། གཉེན་སྒྲིག་ཀྱང་གཉེན་སྒྲིག་རང་རེད་དེ། དེ་ལ་ཟུར་མང་པོ་ཞིག་ནས་མི་འདྲ་བའི་ཆ་ཡོད་ཀྱང་། མཐར་གཏུགས་ན་འཇིག་རྟེན་མི་སྐྱའི་མཐུན་འཇུག་གི་འཚོ་བ་ཡིན་པས་སྤྱིའི་ཆ་ནས་འདྲ་བའི་ཆ་ཆེན་པོ་ཡོད་པ་ཞིག་རེད་ཨང་།  གློག་བརྙན་གྱི་བྱུང་རིམ་ཟུར་ཙམ་གླེང་ན། ཁྲར་ལེ་དང་ནེས་ཁི་གཉིས་གཉེན་འཐོར་གྱི་ལས་ཀ་དང་། ཁྲིམས་རྩོད་པའི་རྩོད་གླེང་གི་མནར་གཅོད་ཀྱིས་སྡུག་ལ་སྦྱར་ཀྱང་། རང་གི་བུ་ཕྲུག་གི་ཆེད་དུ་སྒེར་ནས་གྲོས་འཆམ་གྱིས་དོན་ཐོག་ལ་ཡོང་ཅི་ཐུབ་བྱས། ཡིན་ཡང་། མཐར་སོ་སོའི་ཚིག་རྩུབ་ཀྱི་མདའ་མོས་ལོ་དུ་མའི་རིང་ཕན་ཚུན་ལ་བཞག་པའི་སྣང་བརྙན་ཡག་པོ་སྐད་ཅིག་ཉིད་ལ་རྨེག་མེད་དུ་བཏང་། ལོ་མང་པོའི་རིང་གི་བཟའ་ཚང་གི་དུང་ཞེན་ནི་ཚིག་རྩུབ་ཙམ་གྱིས་སོ་སོའི་སེམས་ནས་གཏན་དུ་གསུབ་ག་ལ་སྲིད་དེ། གལ་སྲིད་དེ་ལྟར་གསུབ་འགྲོ་བའི་དཔེ་རུ་བཞག་ཚེ་གློག་བརྙན་འདིའི་འགུག་ཤུགས་གལ་ཆེན་ཞིག་མེད་སོང་བ་ཨེ་ཡིན་ནམ།  སྤྱིར་ན་འདི་འདྲའི་བཟའ་འཁོན་ཞིག་གི་རྗེས་དཔག་ནི་ད་ནི་ཁྱོད་ཤི་སོང་ཡང་ང་ལ་འབྲེལ་བ་མེད་ཅེས་སྒོ་ཁྲོག་གེར་བརྒྱབ་ནས་སོ་སོའི་གནས་སུ་ལོག་ཨེ་འགྲོ་བསམ་མོད། ཁྲར་ལེ་དང་ནེས་ཁི་གཉིས་ཀྱིས་མཇུག་མཐར་ཕན་ཚུན་ལ་སེམས་གསོ་དང་དགོངས་དག་ཞུས། བར་འདིར་ཐོན་དུས་ང་ཚོའི་ཤའི་གསེང་དང་བ་སྤུའི་བུ་ག་རེ་རེ་ནས་བཟོད་སྒམ་དང་བཀུར་སྟིའི་དབུགས་རྒྱུ་ཕྲ་མོ་ཞིག་དབང་མེད་དུ་ལྡིང་ནས་ལུས་སེམས་སྦྲིད་པར་བྱས་མི་འགྲོའམ། ད་ནི་ང་ཚོས་ཁྱོད་ཡོད་ན་མི་ཆོག་ལ། ཁྱོད་མེད་ནའང་མི་ཆོག་ཅེས་པའི་འཁྲབ་ཚིག་ཅིག་གཡར་འདོད་ལ། ང་རང་ཁྲར་ལེར་དགའ་རྒྱུ་གཏན་ནས་མཚམས་འཇོག་མི་སྲིད། དེ་ནི་སྙིང་བོ་མེད་པའི་དམ་བཅའ་ཞིག་ཡིན་ཀྱང་ཆོག སྐད་ཆ་འདི་ནི་གློག་བརྙན་མཇུག་སྒྲིལ་ལ་ཉེ་བའི་སྐབས་སུ་བུ་ཆུང་ཧེ་ལིས་རྙེད་པའི་ནེས་ཁིའི་ཟིན་བྲིས་ཤིག་ཏུ་བཀོད་འདུག ཁྲར་ལེས་རང་གི་སྙིང་ཉེ་བའི་སྔོན་གྱི་ཆུང་མ་ནེས་ཁིས་རང་ལ་བཅངས་པའི་བརྩེ་བའི་ཁ་དོག་མཚོན་བྱེད་ཀྱི་ཡིག་འབྲི་དག་སེམས་ཀྱིས་རོལ་ཞོར་མགྲིན་པ་མཆི་མས་མརྣངས་ཏེ་ཡོད་ཚད་སྔར་ལྟར་འགྱུར་བ་ཅི་ཡང་བྱུང་མེད་པའི་ཚོར་བ་ཞིག་བྱུང་ཡོད་པ་མིན་ནམ། སྐད་ཅིག་གི་དགའ་ཚོར་དེས་ཁྲ་ལེས་དང་ནེས་ཁིའི་བརྩེ་དུང་ལ་མཇུག་འབྲས་ཅི་ཡང་སྤྲོད་མི་སྲིད་ལ། འཚོ་བ་ནི་སྔར་བཞིན་དགའ་སྡུག་གཉིས་ཀྱིས་སྐྱ་འཐབ་ནས་འགྲོ་སྲིད་པ་ཞིག་རེད་ཨང་། དེ་བས་ང་ཚོ་སུ་ཞིག་རུང་མ་འོངས་པའི་ལམ་ནས་འདིའི་ཕྱོགས་ནས་ནོར་འཁྲུལ་ཅི་འདྲ་བྱུང་རུང་། ཀུན་གྱིས་དྲན་དགོས་པ་ཞིག་ནི་འཇིག་རྟེན་འདིར་རང་གིས་ཕ་མའི་བརྩེ་བ་ཐོབ་འདོད་པ་ཇི་བཞིན་བུ་ཕྲུག་དག་གིས་ཀྱང་ཕ་མའི་བརྩེ་བ་ཆ་ཚང་ཞིག་ཐོབ་རྒྱུའི་རེ་བ་ཡོད། དེ་བས་བཟའ་ཐོར་བྱུང་ན་ཡང་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་ལ་ཕན་ཚུན་གཉིས་ནས་བརྩེ་བ་ཆ་ཚང་ཞིག་གནང་ཐུབ་པར་འབད་པ་བྱེད་དགོས། དེ་ནི་ཁྱིམ་ཚང་གི་བདེ་སྐྱིད་དང་སྤྱི་ཚོགས་འཆམ་མཐུན། འཛམ་གླིང་ཞི་བདེ་ཡོང་བའི་རྒྱུ་རྐྱེན་ཞིག་མིན་པའི་ངེས་པ་ག་ལ་ཡོད། གཙོ་བོ་མི་སེམས་རེ་རེར་ཞི་བ་ཐོབ་རྒྱུ་ནི་འཛམ་གླིང་ཞི་བདེ་ཡོང་བའི་གཞི་མ་རེད། དེ་འདྲའི་བུད་མེད་ཅིག་ཡོད་ཚེ་དེ་ནི་ཨ་མ་སྒྲོལ་མ་མིན་པའི་ངེས་པ་མེད།

268633762.jpg

 (5).བྱང་ཆུབ་སྒྲོལ་མ།

          གཙོ་འཁྲབ་བཙུན་མ་བྱང་ཆུབ་སྒྲོལ་མ་ནི་གཙོ་འཁྲབ་སྐྱེས་མ་སྒྲོལ་དཀར་གྱི་ནུ་མོ་ཡིན་ལ། སློབ་འབྲིང་གི་བོད་ཡིག་དགེ་རྒན་ནམ་བོད་ཀྱི་རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་སློབ་གྲོགས་དང་མཛའ་གྲོགས་ཡིན། མོ་ནི་དཀོན་མཆོག་གསུམ་ལ་དད་གུས་ཆེ་ཞིང་། རང་གི་ལས་ངན་པ་མཐའ་དག་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ནས་འགྱོད་གཤགས་བྱས་ན་དག་འགྲོ་པའི་ཡིད་ཆེས་ཀྱིས་རང་གི་ལུས་རྟེན་ཀྱང་བརྗེ་ནས་བཙུན་མ་བྱས། དཔེར་ན། མི་ལུས་རིན་པོ་ཆེ་ཐོབ་རྒྱུ་དཀའ་ནི་རེད་ཅེས་རང་གི་ཨ་ཅེར་བརྗོད་པ་ལས་ཀྱང་མོས་ཚེ་སྲོག་གི་རིན་ཐང་ལ་བཟུང་བའི་ལྟ་ཚུལ་དེ་ཅི་ཞིག་ཡིན་པ་ཧ་གོ་ཡོང་ངེས། ལས་རྒྱུ་འབྲས་ཀྱི་ལྟ་ཚུལ་ཞིག་གིས་སྔར་བྱས་ཟིན་པའི་སྡིག་སྒྲིབ་མཐའ་དག་འཇོམས་པའི་ཡིད་ཆེས་དང་རེ་བས་ཆོས་བསྒྲུབ་པའི་ལམ་དུ་ཞུགས། འདི་ནི་མོ་ལ་མཚོན་ན་མི་ཚེ་འདིའི་ཚེ་སྲོག་གི་རིན་ཐང་འཚོལ་སྟངས་གཞན་ཞིག་དང་ཕུགས་བསམ་འཚོལ་སྟངས་ཤིག་ཏུ་རྩིས་ཡོད།  དེ་བས་ང་ཚོའི་བོད་ཀྱི་གྲྭ་བ་དང་བཙུན་མ་དག་ལ་ཡང་རང་རང་གི་ཕུགས་བསམ་རེ་ཡོད་ལ། དེ་ནི་ང་ཚོའི་མི་སྐྱ་ལྟ་བུའི་ཕུགས་བསམ་ཞིག་ག་ལ་ཡིན། འོན་ཀྱང་དེ་ནི་ཁོ་ཚོའི་མི་ཚེ་འདིའི་འཚོ་བ་ལ་ངོས་འཛིན་ཚུལ་དང་རང་གི་བསམ་བྱ་དེ་འགྲུབ་པར་བྱེད་པའི་རེ་སྙེག་བྱེད་སྟངས་ཤིག་ཡིན།

1929047434.jpg

(6).འཇམ་དབྱངས།

        འཇམ་དབྱངས་ནི་བོད་ཀྱི་སློབ་འབྲིང་གི་སློབ་མ་དང་དགེ་རྒན་སྟག་འབུམ་རྒྱལ་གྱི་སློབ་མ་ཡིན་པ་མ་ཟད། རང་གི་ཨ་མྱེས་ཀྱི་ཆུང་མའི་རྣམ་ཤེས་དང་འཇམ་དབྱངས་རང་གི་རྨོ་མོ་ཡང་ཡིན། གཙོ་འཁྲབ་པ་དར་རྒྱས་ཀྱི་ཨ་མའི་རྣམ་ཤེས་དང་རང་གི་བུ་ཆེ་བ་ཡིན། གཙོ་འཁྲབ་སྐྱེས་མ་སྒྲོལ་དཀར་གྱི་ཨ་ནེའི་རྣམ་ཤེས་དང་བུ་ཆེ་བ་ཡིན། འཇམ་དབྱངས་ནི་མི་གཞུང་དྲང་ཞིག་ཡིན་པ་དང་། ཁ་ལེན་ཚིག་བརྩི་བྱེད་པའི་བྱིས་པ་ཡ་རབས་ཤིག་དང་བྱིས་པ་བསམ་ཤེས་ཤིག་རེད། ཁོས་རང་གི་སྐད་དང་ཡི་གེ་ཤེས་པ་མ་ཟད། ད་དུང་མི་རིགས་གཞན་གྱི་སྐད་དང་ཡི་གེ་ཡང་ཤེས། འདི་ལས་ང་ཚོའི་དེང་རབས་ཀྱི་ན་གཞོན་མང་པོ་ཞིག་གིས་བསམ་བློ་གཏོང་དགོས་པའི་བརྡ་རྟགས་ཤིག་ཡིན་སྙམ། ང་ཚོ་རང་གི་སྐད་ཡིག་ལ་བྱང་ཆུབ་པ་དང་བེད་སྤྱོད་གཏོང་ཤེས་བ་དང་མཉམ་དུ་མི་རིགས་གཞན་གྱི་སྐད་རིགས་ལ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་ནི་ང་ཚོའི་མི་ཚེ་ཁྲོད་ཀྱི་སློབ་སྦྱོང་བྱེད་ཐབས་དང་རང་གི་རིག་གནས་རྒྱུད་འཛིན་བྱེད་ཐབས་ཤིག་ཀྱང་ཡིན། དེ་བས་རང་གི་སྐད་དང་ཡི་གེ་མི་ཤེས་བའི་ཆ་རྐྱེན་འོག་ནས་རང་གི་རིག་གནས་གླེང་བ་ནི་གཏིང་ཟབ་མིན་དང་རྒྱ་ཆེ་མིན་གང་ཞིག་ཡིན་རུང་། མདོར་ན་རང་གི་སྐད་དང་ཡི་གེ་བེད་སྤྱོད་གཏོང་ཐུབ་རྒྱུའི་འོས་འགན་ནི་སྔོན་ཆད་ང་ཚོའི་བོད་མིའི་ཤེས་ཡོན་སྡེ་ཁག་དག་གིས་བསམ་བློ་གཏོང་དགོས་པའི་གནད་ཅིག་དང་ད་ལྟ་ང་ཚོས་ལག་ལེན་དུ་འཁྱོངས་དགོས་མིན་ལ་བསམ་བློ་ཞིག་ཅིས་ཀྱང་གཏོང་དགོས་པའི་གནད་དོན་ཅིག་ཀྱང་ཡིན། ཡིན་ན་ཡང་འཇམ་དབྱངས་ཁོ་ནི་རང་གི་ཆོས་དང་རྩ་བའི་བླ་མའི་གསུང་ལ་དད་པའི་ན་གཞོན་ཞིག་ཡིན། འཇམ་དབྱངས་ཀྱིས་རང་གི་ཁྱིམ་ཚང་གི་དཀའ་སྡུག་བསམ་ནས་རང་གི་ཨ་མྱེས་ཀྱི་རྣམ་ཤེས་འཁོར་བའི་ཨ་མའི་ཁོག་གི་བྱིས་པ་དེ་སྐྱེས་པར་རེ་ཞིང་མཇུག་མཐར་སློབ་གྲྭར་མི་འགྲོ་བའི་བསམ་པ་ཡང་སྐྱེས་ལ། ཁོས་ནམ་ཡང་བརྩེ་བ་དང་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དེར་རེ་ཞིང་ངང་སྒུག་བྱས་ཡོད་པས། མཐར་རང་ཉིད་ཀྱི་སློབ་གཉེར་བྱེད་པའི་སྐལ་བ་དེ་ཡང་ཁྱིམ་ཚང་གི་བཟའ་མི་ལྷན་འཛོམས་དང་བརྩེ་ཞིང་སྤྲོ་སྐྱིད་ཀྱིས་ཕྱུག་པའི་རང་ཁྱིམ་ལ་ཡོད་ཚད་འབུལ་ཐུབ་པའི་སྙིང་སྟོབས་དེ་ལྡན། རང་ཉིད་ཀྱི་རིག་གནས་དང་ཁྱིམ་ཚང་ལ་དུང་ཞེན་ཆེ་བའི་བོད་ཀྱི་སློབ་མ་ཞིག་རེད།

1146668331.jpg

(7).བུད་མེད་སྨན་པ།

          བོད་ཀྱི་གཞི་རིམ་གྱི་སྨན་ཁང་དུ་བྱ་བ་བསྒྲུབ་བཞིན་པའི་སྨན་པ་ཞིག་ཡིན། གཙོ་འཁྲབ་སྐྱེས་མ་སྒྲོལ་དཀར་གྱི་འཕྲོད་བསྟེན་གྱི་ཕྱོགས་ནས་བློ་འདྲི་སའི་སྨན་པ་ཁོ་ན་དེ་ཡིན། མོ་ལ་དེང་རབས་ཀྱི་ཤུགས་རྐྱེན་ཐེབས་ཆེ་ཞིང་སྟབས་བདེའི་འཚོ་བ་ལ་རེ་སྙེག་བྱེད་མཁན་གྱི་བུད་མེད་ཅིག་ཡིན་ཞིང་། བུད་མེད་ནི་བྱིས་པ་སྐྱེད་བྱེད་ཀྱི་ལག་ཆ་མིན་པའི་འདུ་ཤེས་དང་། བུད་མེད་ནི་འཇིག་རྟེན་འདིར་བྱིས་པ་སྐྱེ་རུ་ཡོང་བ་ག་ལ་ཡིན་ཞེས་ཟེར་བ་ལས་མོའི་རང་ཉིད་ཀྱི་ཚེ་སྲོག་གི་རིན་ཐང་ལྟ་ཚུལ་དང་འཚོ་བར་བཟུང་བའི་རྣམ་འགྱུར་དེ་མངོན་པར་མཚོན་ཞིང་། སྲོལ་རྒྱུན་ལས་དེང་རབས་ལ་གཞོལ་ཆེ་བའི་བུད་མེད་ཅིག་ཡིན།

1961198308.jpg

(8).ཞི་བདེ་ཉི་མ།

          འབྲོག་མི་དཀྱུས་མི་ཞིག་ཡིན་ལ། སྲོལ་རྒྱུན་གྱི་ལྟ་ཚུལ་མཁྲེགས་པོ་ཞིག་ལྡན་ཞིང་། ཁྱིམ་ཚང་གི་བྱིས་པའི་སློབ་གསོ་ལ་དད་དོད་བྱེད་ཅིང་ངོ་ཚ་ནི་ཁྱིམ་ཚང་ཞིག་ལ་མཚོན་ན་མེད་དུ་མི་རུང་བ་ཞིག་ཡིན་པར་འདོད་ནས་ཁོས་ངོ་ཚ་མི་འཛེམ་པའི་ཁྱིམ་བདག་ལ་ཁ་རྡུང་དྲག་པོ་བཏང་ནས་རྒྱག་རེས་ཀྱང་བྱས། འདི་ལས་བོད་མི་རིགས་ནི་ངོ་ཚ་ཁྲེལ་ཡོད་ཅིག་ཡིན་པ་གསལ་བཤད་བྱས་ཡོད་ཅིང་། འདི་ལྟ་བུའི་སྣང་ཚུལ་ཡང་བོད་མིའི་འཚོ་བའི་ཁྲོད་སྔར་བཞིན་གནས་མོད། ད་ལྟ་རིམ་གྱིས་ཉམས་རྒུད་དུ་འགྱུར་གྱིན་འདུག དེ་བས་བོད་མི་ནི་ངོ་ཚ་ཁྲེལ་ཡོད་ཅིག་དང་རང་གི་ཁྱིམ་ཚང་གི་བྱིས་པའི་སློབ་གསོ་ལ་དང་དོད་བྱེད་ཅིང་། དེང་རབས་ཀྱི་དངོས་པོ་གསར་བས་སྲོལ་རྒྱུན་ལ་གཏོར་བརླག་དང་རྡོག་རྫིས་སུ་གཏོང་བར་སེམས་ཁུར་དང་བསམ་བློ་གཏོང་མཁན་གྱི་རྒན་པོ་ཞིག་ཡིན།

༤.བརྩམས་ཆོས་རོལ་མྱོང་།

བསམ་བློ་ནང་དོན།

         གློག་བརྙན་འདིར་སྲུང་ཤུབས་ཀྱི་མདུན་དུ་བོད་མི་རིགས་ཀྱི་སྐྱེས་མ་ཚོས་དོན་དངོས་འཚོ་བའི་ཁྲོད་ཀྱི་གདམ་གསེས་ག་འདྲ་བྱས་སོང་བ(འདས་བ། སློབ་གྲྭ་འགྲིམས་མྱོང་བའི་བུ་མོ་བྱང་ཆུབ་སྒྲོལ་མ།)དང་ག་འདྲ་བྱེད་བཞིན་པ(ད་ལྟ། ཞི་བདེ་ཉི་མ་ཚང་གི་བུ་མོ་ཆུང་ཆུང། བུད་མེད་སྨན་པ།)ག་འདྲ་བྱེད་རྒྱུ་ཡིན་པ(མ་འོངས་པ། སྒྲོལ་དཀར།)སོགས་འཚོ་བའི་ཞིབ་ཕྲའི་གནད་དོན་དག་བསྲེགས་བཅད་བརྡར་གསུམ་བྱས་པའི་ཟུར་མི་འདྲ་བ་དང་། བོད་ཀྱི་སྐྱེས་པ་ཚོས་དོན་དངོས་འཚོ་བའི་ཁྲོད་ཀྱི་གདམ་གསེས་ག་འདྲ་བྱས་སོང་བ(འདས་བ། སྟག་འབུམ་རྒྱལ།)དང་ག་འདྲ་ཞིག་བྱེད་བཞིན་པ(ད་ལྟ། ཞི་བདེ་ཉི་མ། དར་རྒྱས།)ག་འདྲ་ཞིག་བྱེད་རྒྱུ་ཡིན་པ(མ་འོངས་པ། དར་རྒྱས།)སོགས་གཏམ་རྒྱུད་གཅིག་སྡུད་ཆེ་ཞིང་དང་འཚོ་བར་ཟབ་ཞུགས་བྱེད་པའི་མཐོང་སྣེ་མི་འདྲ་བ་འགའ་ལས་གཏམ་རྒྱུད་ཀྱི་སྒྲིག་གཞིའི་སྤྱི་ཁོག་ནི་མུ་ཏིག་གི་ཕྲེང་བ་བསྟར་ལ་བརྒྱུས་བ་བཞིན་གོ་བདེ་ལ་འབྲེལ་ཆགས་པའི་ངང་ནས་མི་སྣ་སོ་སོའི་འབྲེལ་བ་ཞིབ་བརྗོད་དང་སེམས་ཁམས་ཀྱི་འགྱུར་བ་གསལ་བར་མཚོན་པར་བྱས་ཡོད།

         མིའི་རིགས་ཀྱི་འཚོ་བ་སྔར་ལས་འཕེལ་རྒྱས་བྱུང་འདུག་ཅེས་སྨྲས་ཡོང་དུས་བདག་གི་སེམས་སུ་མིའི་ཧམ་སེམས་ཇེ་ཆེར་ཡོང་འདུག་ཅེས་སྨྲས་ན་འདོད། བོད་ཀྱི་ལུང་པ་དོག་མོ་འདིའི་མི་རྣམས་ལ་ཐུན་མོང་གི་ཁྱད་ཆོས་ཤིག་མངའ་སྙམ་པ་ནི་བསམ་བློ་གུ་དོག་པོ་ཡིན་པ་དེ་རེད། དུས་རྒྱུན་མི་ཆེ་གེ་མོ(ཤེས་ཡོན་པའི་སྡེ་ཁག)ཞིག་གིས་གནད་དོན་ནམ་དོན་ཆུང་ངུ་རེ་དོན་དུ་རྩོད་གླེང་བརྒྱབ་ནས་ཉི་མ་ཕུད་ཅིང་མི་ཚེ་གཏོང་གི་ཡོད་ཅེས་བཤད་ན་ཐལ་མི་དྲག  དེ་འདྲ་ཡིན་ན་ཡང་དེ་དག་གི་ཁྲོད་ནས་ང་ཚོས་སྔ་མའི་ལོ་རྒྱུས་ལ་བལྟས་ནས་སྙིགས་དོར་བཅུད་ལེན་བྱེད་ཤེས་རྒྱུ་ནི་རང་གི་འཚོ་གནས་ཀྱི་ཆེད་དང་མ་འོངས་པའི་འཕེལ་རྒྱས་ཀྱི་ཆེད་དུ་ཡིན་དགོས་པ་ཞོར་ནས་ཅིས་ཀྱང་བསམ་བློ་གཏོང་དགོས་བའི་གནད་ཅིག་ཡིན། དཔེར་ན། བོད་ཀྱི་མི་གྲངས་སྐོར་ནས་བརྗོད་མཁན་ག་གེ་མོ་ཞིག་གིས་དགོན་སྡེ་ཁྲོད་ཀྱི་གྲྭ་བ་དང་ཇོ་མོ་ནི་མི་རིགས་འདིའི་མི་གྲངས་འཕར་བར་ཚོད་འཛིན་ཆེན་པོ་བྱེད་ཡོད་ཅེས་བརྗོད་མཁན་དང་། ཉེ་བའི་ལོ་འགའི་སྔོན་དུ་གྲངས་ཉུང་མི་རིགས་ཀྱི་ས་ཆར་འཆར་ལྡན་བུ་སྐྱེས་ལམ་ལུགས་ཀྱི་སྲིད་ཇུས་སྤེལ་དོན་མེད་པའི་བསམ་འཆར་བུད་ནས་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བའི་ས་ཁུལ་ལ་མི་རིགས་ཆེན་པོ་དེ་དག་དང་འདྲ་བར་སྲིད་ཇུས་དེ་འདྲ་གྲངས་ཉུང་མི་རིགས་ཀྱི་སར་སྤེལ་དོན་མེད་པའི་བསམ་ཚུལ་བརྗོད་པ་དང་། ཆོས་དང་སྲིད་གཉིས་ཁ་ཁ་ཡིན་དང་མིན་སོགས་དེའི་སྐོར་ནས་སྔོན་གྱི་སྐྱེས་བུ་དམ་པ་རྗེ་བཙུན་མི་ལ་རས་པ་དང་རྗེ་ཙོང་ཁ་པ་སོགས་ནས་ཆོས་དང་འཇིག་རྟེན་ཁ་ཁ་ཡིན་པར་བརྗོད་ཅིང་། སྔོན་ཀྱང་ས་པཎ་དང་ཉེ་དུས་ཀྱི་མཁས་དབང་ཨ་ལགས་དུང་དཀར་སོགས་ནས་ཁ་ཁ་མ་ཡིན་པར་གཅིག་གྲོགས་གཅིག་ཏུ་འགྲོ་པར་གསུངས་བའི་ལུང་ལ་བརྟེན་ནས་སྐད་ཆ་བཤད་མཁན་མང་པོ་ཞིག་བྱུང་། འདི་དག་ནི་ཉེ་བའི་ལོ་འདི་དག་གི་རིང་ལ་བོད་ཁུལ་དུ་ཆེས་རྙོག་འཛིང་ཅན་དུ་གྱུར་བའི་གནད་དོན་དག་རེད། ཁོར་ཡུག་འདི་འདྲ་ཞིག་གི་འོག་ནས་རྩོམ་པ་པོ་ཉིད་ནས་ཀྱང་དེ་དག་གི་ཤུགས་རྐྱེན་གཙོ་བྱས་ནས་དེ་བསྟུན་གྱི་གླེང་ཕྱོགས་བཟོས་ནས་མི་ཚང་མར་ཕྱིར་རྟོག་ཅིག་བྱེད་པའི་རེ་བ་ཞིག་བཟུང་ཡོད་པ་འདྲ། དེ་བཞིན་དུ་དད་མོས་ཁྲོད་ཀྱི་འཚོ་བ་དང་དངོས་ཡོད་ཀྱི་འཚོ་བ་ཟེར་རུང་མ་ཟེར་རུང་གཙོ་བོ་ཚེ་སྲོག་གི་ལྟ་སྟངས་ཤིག་དང་འཚོ་གནས་ཤིག་བརྗོད་ཀྱིན་ཡོད།

1836035299.jpg

       ང་ཚོའི་བོད་ལ་མཚོན་ན་མི་གྲངས་ཉུང་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་ལ་ས་རྒྱ་ཆེ་བས། མི་གྲངས་འཕར་དགོས་འདོད་པའི་ལྟ་ཚུལ་འཛིན་མཁན་དག་ལ་དེ་བསྟུན་གྱི་བྱེད་ཐབས་དང་དམིགས་ཡུལ་རེ་འདུག་ཅིང་། གཞན་དེ་ལས་ལྡོག་པ་ལ་ཡང་དེ་བཞིན་དུ་བྱེད་ཐབས་དང་དམིགས་ཡུལ་རེ་འདུག ཡང་སྙིང་ང་ཚོས་ཚེ་སྲོག་ཉིད་འཇིག་རྟེན་དུ་འཁྲུངས་བར་གདམ་ག་ག་འདྲ་ཞིག་བྱེད་རྒྱུ་བྱུང་ན་ཡང་། བོད་ལ་མཚོན་ན་ཡང་སྔར་བཞིན་ལམ་གཉིས་སྟེ་དད་མོས་དང་དངོས་ཡོད་ཀྱི་ཁྲོད་ནས་གདམ་ག་བྱེད་ཅིང་། དེ་ཡང་རང་ཉིད་ཀྱི་འཚོ་སྡོད་དང་དངོས་ཡོད་ཀྱི་འཚོ་བས་འགྱུར་ལྡོག་གཏོང་བ་ཞིག་ཡིན། མདོར་ན་བོད་ཀྱི་ཁྱིམ་ཚང་ཞིག་ནས་བྱིས་པ་གཅིག་ཇེ་ཉུང་དུ་སོང་བ་ནི་མི་རིགས་ཤིག་གི་མི་གྲངས་མང་པོ་ཞིག་ཉུང་དུ་སོང་བ་དང་། འཛམ་གླིང་གི་མི་གྲངས་ཀྱང་དེ་བཞིན་དུ་ཇེ་ཉུང་ལ་སོང་བ་རེད། འཛམ་གླིང་གི་མི་གྲངས་འཕར་བར་ཚོད་འཛིན་མ་བྱས་ཚེ་གནད་དོན་ག་འདྲ་འབུད་སྲིད་དམ། ང་ཚོ་ལ་དེ་ལྟ་བུའི་ལོ་རྒྱུས་ཀྱི་འགན་འཁྲི་དང་མ་འོངས་པར་བསམ་གཞིགས་གཏོང་དགོས་པའི་འགན་འཁྲི་ཞིག་དགོས་སམ་མི་དགོས། དེ་ཡང་དད་མོས་དང་དངོས་ཡོད་གང་གིས་ཐག་གཅོད་ཀྱང་རུང་། གཙོ་བོ་ཕྱི་ནང་འཆམ་མཐུན་ཡོང་བར་འབད་པ་བྱེད་དགོས་པ་ལས་ཐབས་གཞན་ཡོད་དམ། མདོར་ན་དེ་ནི་མིའི་རིགས་ཀྱི་འཚོ་བའི་ཁྲོད་ཀྱི་དཀའ་གནད་ཅིག་ལོས་ཡིན། སྔོན་ཆད་ནས་གོ་ལ་གཞན་དུ་སྤོ་བའི་འཆར་གཞི་དང་སེམས་ཁམས་ཤིག་འཛམ་གླིང་གི་མི་མང་པོའི་འདུ་ཤེས་ཀྱི་ཁྲོད་དུ་བྱུང་མྱོང་བ་རེད། ང་ཚོའི་སྔོན་ཆད་ཀྱི་མེས་པོའམ་མིའི་རིགས་ཀྱི་མདུན་ལམ་ལ་ཐུགས་ཁུར་ཟབ་བཞེས་གནང་བའི་རྒྱལ་ཕྱི་ནང་གི་དབྱེ་བ་མེད་པར་གཟིགས་རྒྱང་རིང་ཞིང་མིའི་རིགས་ཀྱི་བདེ་སྡུག་ལ་བསམ་གཞིགས་གཏོང་མྱོང་མཁན་དང་ལག་ལེན་བྱེད་མྱོང་མཁན་གང་ཞིག་ཡིན་རུང་། སྐྱེས་ཆེན་དེ་ཚོའི་བཀའ་དྲིན་ལས་ད་ལྟའི་ང་ཚོ་བདེ་བའི་དུས་སྐབས་འདི་བསྐྲུན་པ་དང་དེ་ཉིད་ལོངས་སུ་སྤྱོད་ཐུབ་པ་བྱུང་བ་ཞིག་ཡིན་པ་རྟོགས་དགོས་ཏེ། ང་ཚོས་ཀྱང་མ་འོངས་པའི་དོན་ལ་བསམ་གཞིགས་བྱེད་པའི་བསམ་བློ་དེ་ཅིས་ཀྱང་འཁྲུངས་དགོས་སྙམ། འདི་ནི་ང་ཚོ་རང་གི་རིགས་དང་རྗེས་རབས་པ་དག་ལ་ཁ་མིན་ནས་དོན་གྱིས་ཤ་ཚ་བ་དང་སྙིང་ཉེ་བའི་ལག་ལེན་བྱེད་ཐབས་དང་། མིའི་རིགས་ཀྱི་ལོ་རྒྱུས་ལ་འགན་ཁུར་པའི་འཇིག་རྟེན་གྱི་བདེ་སྐྱིད་དང་མི་ཡུལ་གྱི་མཛེས་སྡུག་ཅིག་རེད་འདོད། དེ་མིན་ང་ཚོ་ལོ་རྒྱུས་ཀྱི་ཉེས་ཅན་དུ་མི་འགྱུར་བའི་ངེས་པ་ག་ལ་ཡོད། རྒྱུ་མཚན་དང་གནས་ལུགས་གང་གིས་ཀྱང་གསལ་བཤད་བྱེད་མི་དགོས་པའི་ཆོས་ཉིད་ཅིག་ནི་མི་ཀུན་གྱིས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་ཅིང་། ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པ་དེའོ།། འཇིག་རྟེན་གཞན་དུ་སྤོ་དགོས་བྱུང་ན་ཡང་དེ་ནི་མ་འོངས་པའི་དོན་དག་ཅིག་རེད་སྙམ་ནས་ཅི་ཡང་མི་བསམ་པར་རང་ཉིད་དང་འབྲེལ་མེད་ཅིག་ཏུ་འདོད་པ་ནི་ང་ཚོས་རྗེས་རབས་པ་དག་ལ་བསམ་གཞིགས་མ་བཏང་བའི་སྐད་ཆ་ཞིག་ཅི་ལ་མིན། དེ་བས་ང་ཚོས་ནམ་ཡང་རང་གི་མདུན་གྱི་མི་ཡུལ་ནི་སྐྱོ་གར་ཅིག་ཡིན་ཆོག་ཆོག་དང་དེ་ན་རྗེས་ཀྱི་འཚོ་བ་ནི་སྤྲོ་གར་ཡིན་དགོས་པར་ངེས་ཤེས་ཤིག་ང་ཚོ་ལ་སྐྱེས་ན་ལེགས་པོ་མི་འདུག་གམ། ཚེ་སྲོག་ཅིག་འཁྲུངས་བར་གདམ་ག་ཅི་ལྟར་བྱེད་ཀྱང་། ཚེ་སྲོག་དེ་ཉིད་གནས་པའི་རིན་ཐང་ལ་ཡང་བསམ་བློ་གཏོང་དགོས།

489833809.jpg

༥.བརྩམས་ཆོས་ཀྱི་བྱ་དགའི་རྣམ་གྲངས།

       ཕྱི་རྒྱལ་ནས་རྒྱལ་ནང་ཁག་གི་གློག་བརྙན་དུས་ཆེན་བསྡོམས་པས་བདུན་ཅུ་ལ་ཞུགས་ནས་བྱ་དགའ་ཉེར་གཅིག་ཐོབ་ཅིང་། གློག་བརྙན་དང་། འཁྲབ་གཞུང་། འཁྲབ་ཁྲིད་པ། བརྙན་ལེན་པ། གསར་གཏོད་རོལ་དབྱངས། སྐྱེས་མའི་རམ་འདེགས་འཁྲབ་སྟོན་པ། སྐྱེས་པའི་རམ་འདེགས་འཁྲབ་སྟོན་པ་རྩེ་གྲ་བཅས་ཡིན་པའི་བྱ་དགའ་ཆེན་མོའི་རྣམ་གྲངས་འོས་མིང་སོགས་མང་པོ་ཚུད་འདུག

(1).ཨེ་ཤ་ཡའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་ཆེན་མོ་སྐབས་བཅུ་བཞི་བས་བྱ་དགའ་ཆེན་མོ་རྣམ་གྲངས་བཅུ་དྲུག་གི་ནང་དུ་ཚུད་པའི་མིང་ཐོ་སྤྱི་བསྒྲགས་བྱས།

རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཝེ་ཉི་སི(威尼斯电影节)གློག་བརྙན་དུས་ཆེན་སྟེང་ཐོག་མའི་གཟིགས་འབུལ་གནང་ཐུབ་པ་བྱུང་།

(2).ཕིན་ཡའོ(平遥)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གློག་བརྙན་རྩེ་གྲ་འགྲེམས་སྟོན་སྡེ་ཚན་ཞེས་པའི་འོས་མིང་དུ་ཚུད།

(3).སྐབས་ཉེར་གསུམ་པའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་སྨྱན་སྦྱོར་དོ་འཁུར་ཆེ་ཤོས་ཀྱི་འཁྲབ་གཞུང་དང་། སྨྱན་སྦྱོར་དོ་འཁུར་ཆེ་ཤོས་ཀྱི་འཁྲབ་ཁྲིད་པའི་གཟེངས་རྟགས་ཆེན་མོ་གཉིས་ཐོབ།

(4).བརྙན་ལེན་པ་གྲགས་ཅན་ལུའི་སུང་ཡེ(吕松野)ལའང་ཐེངས་འདིའི་དུས་སྟོན་སྟེང་བརྙན་ལེན་པ་རྩེ་གྲའི་འོས་མིང་དུ་ཚུད། ཐའེ་ཝན་གྱི་གསེར་རྟ་རྟགས་མའི་བརྙན་ལེན་པ་རྩེ་གྲའི་འོས་མིང་དུ་ཚུད། ཨོ་སི་ཁྲུ་ལི་ཡའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གློག་བརྙན་དུས་སྟོན་སྐབས་ང་གཉིས་པའི་སྟེང་བརྙན་ལེན་པ་རྩེ་གྲའི་དམིགས་བསལ་བྱ་དགའ་བཅས་ཐོབ་མྱོང་།

(5).ཀྲི་ཅ་ཀོ(芝加哥)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ང་ལྔ་བའི་སྟེང་དུ་འཁྲབ་གཞུང་རྩེ་གྲའི་བྱ་དགའ་ཐོབ།

(6).ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ཉེར་གསུམ་པའི་སྟེང་དུའང་གློག་བརྙན་འཕྲིན་ལམ་གྱི་སྨྱན་སྦྱོར་སྡེ་ཚན་ལས་སྨྱན་སྦྱོར་དོ་ཁུར་ཆེ་ཤོས་ཀྱི་འཁྲབ་གཞུང་གསར་རྩོམ་དུ་བདམས།

(7).ཐེངས་འདིའི་ཨེ་ཤེ་ཡའི་གློག་བརྙན་བྱ་དགའ་ཆེན་མོའི་ནང་དུའང་ཡང་བསྐྱར་འཁྲབ་གཞུང་རྩེ་གྲའི་བྱ་དགའི་འོས་མིང་དུ་ཚུད།


  • «དབུགས་ལྒང»སྐོར་གྱི་བརྙན་དཔྱད་གཞན་དག

      དབུགས་ལྒང་གཅིག་དང་དབུགས་ལྒང་གཉིས། http://www.filmtbt.com/remark/story/2020-11-19/1099.html

        བླ་དང་སྲོག ཡང་ན་དཀར་པོ་དང་དམར་པོ། http://www.filmtbt.com/remark/custom/2020-11-26/1102.html

        གློག་བརྙན«དབུགས་ལྒང»སྐོར་གྱི་ལབ་རྡོལ། http://www.filmtbt.com/remark/story/2020-12-24/1117.html

        བསྐྱར་དུ་པད་ཚེའི་དབུགས་ལྒང་ལ་ཟུར་དྲུག་ནས་བལྟས་ན།http://www.filmtbt.com/remark/custom/2020-12-25/1120.html

གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས།

དཔྱད་མཆན་ཡོད།