བློས་གཏོང་དང་བློ་བསྐྱེད།

p643145661.jpg

          མེལ་གྷེ་བྷོ་སོན(梅尔·吉布森 Mel Gibson)གྱིས་འཁྲབ་པའི «དཔའ་བོའི་ཆོད་སེམས» (勇敢的心)ཀྱིས་མི་ཁྲི་མ་འབུམ་གྱི་ཡིད་སེམས་བློང་བློང་བར་བཏང་མྱོང་ཞིང་། དེའི་རྗེས་ནས་ཀྱང «ཡེ་ཤུས་དཀའ་སྡུག་མྱོང་བའི་ཟིན་ཐོ» (耶稣受难记)ཕབ་པ་ལ་བརྟེན་ནས་ཀུན་གྱིས་བསྟོད་པའི་མཐེ་བོང་བར་མེད་དུ་བསྒྲེངས། ༢༠༠༦ལོར་ཁོང་གིས «བློ་བསྐྱེད» (启示 Apocalypto (2006))བྱས་པའི་གློག་བརྙན་ཞིག་ཕབ་ཅིང་ལོ་དེའི་ཨོ་སི་ཁཱའི་གློག་བརྙན་བྱ་དགའི་འོས་མིང་ཁྲོད་ཐེངས་མང་ཚུད་མྱོང་། གུས་པོས་གློག་བརྙན་འདིར་བལྟས་རྗེས་ཅི་ཞིག་འབྲི་འདོད་ཀྱི་སྐོམ་པ་ཆུ་འདོད་ལྟར་འདུག་པས་འདིར་གློག་བརྙན་འདིའི་སྐོར་གྱི་མྱོང་བ་རགས་ཙམ་བཀོད་ན།

1628756835324932.jpg

    མུ་མཐའ་མེད་ཅིང་རྫོང་སྟུག་པའི་གདོད་མའི་ནགས་ཀློང་ཞིག་ན་གདོད་མའི་ཚོ་བ་ཞིག་གིས་རི་དྭགས་ཁ་ཟས་སུ་བྱེད་ཅིང་། རུ་སྤོར་སྐྱས་འདེགས་ལ་བརྟེན་ནས་བབ་ཆགས་པའི་འཚོ་བ་ཞིག་རོལ་བཞིན་མཆིས། གློག་བརྙན་གྱི་པར་མིག་དང་པོ་རུ་དེ་འདྲའི་ནགས་ཀློང་སྟུག་པོ་ཞིག་ཏུ་ཚོ་བའི་ཕོ་རྒོད་དར་མ་ཚོས་ཕག་རྒོད་ཅིག་རྔོན་བཞིན་ཡོད་ལ། ཕག་རྒོད་དང་རྔོན་པ་ཚོ་ནགས་གསེབ་ནས་སུ་མགྱོགས་གང་མགྱོགས་ལ་བལྟ་བཞིན་བདའ་རེས་བྱེད་བཞིན་ཡོད། མགྱོགས་པ་རླུང་གིས་ཀྱང་འགྲན་མི་ནུས་པའི་ཕག་རྒོད་དེ་མཐར་ཁོ་ཚོའི་རྙི་འོག་ནས་ཁོ་ཚོའི་ཁ་ཟས་སུ་གྱུར་སོང་། 〝ཁོས་ནགས་གསེང་འདིར་རྔོན་ལས་ལ་བརྟེན་ནས་ཁ་གསོ་བཞིན་ཡོད་ལ། ཁོ་ཆུང་དུས་ཁོའི་ཨ་ཕས་ཀྱང་ཁོ་ཁྲིད་དེ་ནགས་གསེང་འདི་ནས་རི་དྭགས་རྔོན་ཞིང་། དུས་ད་ལྟ་ཁོས་རང་གི་བུ་ཁྲིད་དེ་རྔོན་ལས་བྱེད་བཞིན་ཡོད། ཁོ་འདས་རྗེས་ཁོའི་བུས་རང་གི་ཚ་བོ་ཁྲིད་དེ་ནགས་གསེང་འདི་ནས་རྔོན་ལས་བྱེད་ངེས། འདི་ནི་ཁོ་ཚོ་ལ་དབང་བའི་ནགས་ཚལ་ཡིན།〞ཕ་རྒན་འདིས་བཤད་པ་འདི་ནི། ཁོ་ཚོའི་ལོ་ངོ་སྟོང་ཕྲག་ཁ་ཤས་སྔོན་གྱི་འཚོ་བ་རོལ་སྟངས་དེ་ཆགས་ཡོད་ལ། མ་ཟད་དེ་ནི་ད་ལྟའི་འཚོ་བ་རོལ་སྟངས་དེ་ཡིན་ལ་ད་དུང་མ་འོངས་འཚོ་བའི་འགྲོ་སྟངས་དེ་ཡིན། འོན་ཀྱང་ཡིད་ཀྱི་དགུ་ལའང་མི་དྲན་པ་ཞིག་ནི་འདི་འདྲའི་འཚོ་བ་དེ་མཇུག་རྫོགས་ལ་ཉེ་བྱུང་།

1628757032384359.jpg

         རི་དྭགས་རྔོན་ནས་ཤ་སྐལ་དེ་བགོ་སྐབས། ཕོ་རྒོད་དར་མ་ཞིག་ལ་རླིག་འབྲས་དེ་བྱིན་ནས་བུ་རྒྱུད་འཕེལ་རབས་བཤད་དེ་ཀུ་རེ་ཁ་མཚར་རྩེད་ཅིང་། སླར་ཚོ་བའི་ནང་དུ་ལོག་སྐབས། ཐོག་གི་རྩྭ་ཁང་སྤྱིལ་བུ་དང་ཐང་གི་རྩྭ་གདན་བསླས་མ། ད་དུང་གོས་སུ་ཤིང་ལོ་དང་རས་ལྷེབ་གྱོན་པའི་གདོད་མིའི་མི་དག་མཐོང་ཡོང་ལ། ཁོ་ཚོ་གོས་ཀྱི་རྒྱན་དང་བྲལ་ཞིང་ཤ་ཁྲག་རྗེན་པར་ཟ་བ། བུ་རྒྱུད་སྤེལ་རྒྱུ་གལ་ཆེན་དུ་འཛིན་པ། ད་དུང་རིག་གནས་དང་ཤེས་རིག་མ་དར་བས་རང་ཚོའི་སེམས་ངོར་ནམ་ཡང་གདོད་མའི་དུས་སྐབས་ནི་དམུ་རྒོད་དང་ཤེས་དམན་གྱི་དུས་ཤིག་ལ་འདོད་ཀྱིན་ཡོད་མོད། དེ་ནི་ད་ལྟའི་གནས་བབ་གཞི་བྱས་ཏེ་སྔོན་རབས་པར་ཚད་འཇལ་པ་ལས་མ་འདས་པས་དེའང་གཟུར་གནས་ཀྱི་གཏམ་དུ་མ་མཐོང་། གང་ལྟར་ཁོ་ཚོའི་འཚོ་བ་ནི་བབ་ཆགས་ཤིང་རང་བྱུང་ཁམས་དང་ཞི་མཐུན་མཉམ་གནས་ངང་གནས་ཡོད་ལ། དགོང་ཕྱི་དྲོའི་གྲིབ་ཆེན་བཀུག་པ་དང་མཉམ་དུ། མེ་ཕུང་སྒོང་ཞིང་བྱིས་རྒན་གཞོན་མཐའ་དག་དེར་འདུས་ནས་ཚོ་བའི་ཉམས་མྱོང་རྒན་པོ་དེའི་གནའ་གཏམ་ལ་ཉན་ཞིང་། དེ་ལ་ཉན་ནས་སྔ་རབས་དང་ད་ལྟའི་གནས་སྟངས་དེ་རྟོགས་ཡོང་ལ། ཡོད་ཚད་ཀྱི་ཡོད་ཚད་ཀྱང་དེ་འདྲའི་ཞི་ཞིང་བག་ཕེབས་པ་རེད་ཨང་།

1628757232284310.jpg

          ང་ཚོའི་མི་སྣ་གཙོ་བོ་ཁོ་ལ་མཚོན་ནའང་སྙིང་སྟོབས་དང་བློ་གྲོས་ལྡན་ཞིང་ཁ་མཚར་ཀུ་རེ་རྩེ་རྒྱུར་དགའ་ལ། ཁོ་ལ་གཅེས་སུ་འོས་པའི་བུ་ཕྲུག་ཅིག་དང་མངལ་སྦྲུམ་ཡོད་པའི་ཆུང་མ་བཅས་ཡོད་ཅིང་འཚོ་བའང་མ་གཞི་ནས་དེ་ལྟ་དེ་ལྟར་སོས་དལ་བག་ཕེགས་ངང་རོལ་བཞིན་ཡོད། འོན་ཏེ། ཡོད་ཚད་ཀྱི་ཡོད་ཚད་ཕྱི་ཉིན་སྔ་མོར་འགྱུར་སོང་། གཏུམ་དྲག་རྩུབ་སྤྱོད་ཆེ་བའི་དྲག་འདུལ་མཁན་དེ་ཚོས་རྩྭ་ཁང་ལ་མེ་བཏང་ཞིང་། ཚོ་བའི་ནང་གི་སྐྱེས་པ་དང་བུད་མེད་མཐའ་དག་འཛིན་བཟུང་བྱེད་པའི་འཁྲུག་ལོང་གི་བར་དེར། ཁོས་རང་གི་བུ་དང་མངལ་སྦྲུམ་པའི་ཆུང་མ་ཚོ་ཁྲིད་དེ་ས་དོང་ཆེན་མོ་ཞིག་ཡོད་པ་དེར་སྦེད་སྐུང་བྱེད་དུ་བཅུག་རྗེས། འགྲོ་ཁར་ང་ཕྱིར་ཡོང་ཞེས་བུད་སོང་ལ། ཕྱིར་ལོག་ནས་འཛིང་རེས་བྱས་ནའང་མཐའ་མར་བཟུང་དམག་དུ་གྱུར། ཤི་རྒྱུ་ཤི། བཟུང་རྒྱུ་བཟུང་། བྱིས་པ་དག་རྗེས་སུ་བསྐྱུར་ཏེ་ཁོ་ཚོ་ས་ཕྱོགས་གཞན་པ་ཞིག་ཏུ་ཁྲིད་སོང་།

p1527248221.jpg

          ཁོ་ཚོ་གང་དུ་ཁྲིད་ནས་ཅི་བྱའམ། ཁོ་ཚོའི་མ་འོངས་པའི་ལས་དབང་དེ་ཅི་འདྲ་ཞིག་ཡིན་ནམ། བཤད་སྲོལ་ལ་ཁོ་ཚོ་རྡོ་ཡིས་བརྩིགས་པའི་ས་ཆ་ཞིག་ཏུ་ཁྲིད་ནས་འགྲོ་རྒྱུ་ཡིན་ཚུལ་བཤད། ལམ་བར་དུ་ནད་ཡམས་ཀྱིས་མ་ཤི་དྭ་ཕྲུག་དུ་གྱུར་བའི་བུ་ཆུང་འགོས་ནད་ཅན་ཞིག་མཐོང་ཞིང་། མུ་གེ་དང་ཐན་པས་མནར་བའི་མི་ཚོགས་མཐོང་ཞིང་། ཁོ་ཚོས་རང་ཉིད་ཀྱི་ཕ་ཡུལ་ནང་བཞིན་ས་ཆ་གཞན་དག་ཀྱང་དམྱལ་བའི་ཡུལ་ཁམས་ཤིག་ཏུ་གྱུར་པ་མཐོང་། འོན་ཏེ་ཁོ་ཚོ་སྔར་བཞིན་མདུན་དུ་ཁྲིད་ཅིང་མཐར་རི་བོ་བསློགས་ཤིང་ཤིང་ནགས་བཅད། རྡོ་བས་བརྩིགས་པའི་ཡུལ་ལུང་ཤིག་ཏུ་ཐོན་ཞིང་། དེ་རུ་བུད་མེད་དག་དངོས་པོ་བཞིན་དུ་ཉོ་འཚོང་བྱས་ཤིང་། སྐྱེས་པ་དག་སྐེ་ལ་ཐག་པས་བསྡམས་ནས་རིམ་བཞིན་གཏོར་གཟུགས་མཆོད་རྟེན་གྱི་ཡང་རྩེར་བསྐྱལ། དེ་རུ་ཉི་མའི་དར་ཆའི་འོག་གི་དབང་བསྒྱུར་པ་དག་གནས་ཤིང་མཆོད་སྦྱིན་བྱེད་མཁན་གྱིས་ཁོ་ཚོའི་གྲས་ཀྱི་མི་གཅིག་མདུན་གྱི་མཆོད་སྟེགས་སུ་བསྐྱལ་ནས། རལ་གྲི་རྣོན་པོས་བྲང་ཁོག་གཤགས་ཤིང་སྙིང་ཁྲག་དམར་པོ་བཏོན་དེ་ཉི་མའི་ལྷ་ལ་མཆོད་སྦྱིན་དང་། དེའི་རྗེས་མགོ་བོ་དུམ་སེར་བཅད་དེ་མགོ་ལུས་ཁ་ཁར་བྲལ་ནས་གཏོར་གཟུགས་མཆོད་རྟེན་རྩེ་ནས་མར་ལ་འགྲིལ་དུ་འཇུག་ཅིང་། གཏོར་གཟུགས་མཆོད་རྟེན་ཀྱི་སྐས་རིམ་རེ་རེ་ཁྲག་དང་རྣག ཚིལ་གྱིས་འགོས་ནས་ཡོད་པ་མཐོང་རྗེས། ཁོ་ཚོས་ད་གཟོད་རང་ཉིད་ནི་ཉི་མའི་ལྷ་ལ་མཆོད་སྦྱིན་བྱེད་སྤྱད་ཡིན་པ་ཤེས། སྐབས་དེར་ངའི་སྣ་ལམ་དུའང་ཞེ་མེར་བའི་དམར་དྲི་དང་ཁྲག་དྲི། ཚིལ་དྲི་བྲོ་ཡོང་། མི་སྣ་གཙོ་བོ་ཁོ་མཆོད་སྟེགས་སུ་བསྐྱལ་ཞིང་རིམ་གྲོ་མཁན་གྱིས་རལ་གྲི་དགུང་དུ་འཕྱར་ནས་བྲང་ཁོག་གཤགས་ལ་ཉེ་སྐབས། གློ་བུར་བྱུང་བའི་ཉི་འཛིན་དེས་ཉིན་མོ་མཚན་མོ་རུ་སྒྱུར་ཅིང་མི་རྣམས་ཀྱི་མགོ་ཐོག་ལ་སྔར་བྱུང་མ་མྱོང་བའི་འཇིགས་སྐྲག་ཅིག་བསྐྱལ་ཡོང་ཞིང་། སླར་ཡང་ཉི་མ་གཟའ་ལས་གྲོལ་བས་ཀུན་ཀྱང་དགའ་བའི་ཡོ་ལང་རྒྱས་ཤིང་མཆོད་སྦྱིན་བྱེད་རྒྱུའང་དེ་དང་བསྟུན་ནས་མཚམས་བཞག་སོང་། ཁོ་རང་འཆི་ལ་ཉེ་ཁར་ཡང་འཇིགས་སྐྲག་གིས་གནོན་པ་མ་ཡིན་པར་སྔར་བཞིན་ཞེ་ལ་ཐོགས་པ་ནི་ཆུང་མ་བུ་ཕྲུག་གི་བདེ་སྡུག་ཡིན། འོན་ཏེ་ཡུལ་ལ་ལོག་པའི་ལམ་བུ་ནི་མདའ་གྲི་མདུང་གསུམ་གྱི་མཚོན་ཆས་ཁེངས་ཤིང་འདེད་གསོད་ལའང་རྫོགས་མཐའ་མེད་པས་དོན་དངོས་སུ་ཁོ་རང་ཐར་རྒྱུ་ནི་ཧ་ཅང་དཀའ། དང་ཐོག་སྲོག་ཉེན་ལས་ཐར་ཐབས་ཁོ་ན་ལས་རིམ་བཞིན་ཞུམ་པ་མེད་པའི་ངང་ནགས་གསེང་ནས་རང་གི་བློ་དང་ཐབས་བཀོལ་ནས་ཕྱིར་རྒོལ་བྱེད་པའི་འགོ་བརྩམས་ཤིང་། ལེ་ཚན་དེའི་མཐའ་མར་སྔར་གྱི་ཕག་རྒོད་གསོད་ས་དེ་ནས་ཉེས་ཅན་གཏེ་བོ་དེ་ཕག་རྒོད་གསོད་གསོད་བྱས། ད་གཟོད་ཡར་སྔོན་ཆུང་མ་བུ་ཕྲུག་དང་བཅས་པ་སྦས་ཡོད་ས་དེར་ཐོན་ཞིང་། དོང་ཁ་ནས་གཅིག་བལྟ་དུས་དྲག་ཆར་བབས་པ་ལ་བརྟེན་ནས་དོང་ནང་ཆུས་ཁེངས་ཤིང་མ་སྨད་ཚོ་སྲོག་གི་ཉེན་ཁ་ཆེན་པོར་འཕྲད་འདུག་ལ། བཙས་མ་ཐག་པའི་བུ་ཆུང་མགོ་ལ་འཁུར་ནས་མིག་ཟུང་ལྷོད་པ་མེད་པར་དོང་ཁར་ཅེར་བའི་ཆུང་མ་དང་འཕྲད་བྱུང་།

p1527245697.jpg

               གློག་བརྙན་འདི་ལས་ང་ཚོས་གཉུག་མར་གནས་པའི་ཚོ་བ་ཞིག་གི་ཆགས་འཇིག་བརྒྱུད། བཙན་པོས་བཙན་པོ་དབང་ཡོད་ཀྱིས་གཉོམ་ཆུང་ལ་ཐུབ་ཚོད་དང་བརྙས་བཅོས་ཚད་མེད་བྱེད་པ་དང་། དབུལ་ཕྱུག་དང་བཙན་གཉོམ་ལ་བརྟེན་ནས་ད་གཟོད་གཅིག་འོག་གཅིག་ལ་བསྡུས་ཏེ་དབང་ཆ་བྱུང་ཞིང་། དབང་ཆ་འདི་འཛུགས་ཆེད་རིམ་གྲལ་དང་ལམ་ལུགས་ཆགས་འགོ་བརྩམས་ཤིང་།   རིམ་གྲལ་དང་ལམ་ལུགས་ཀྱི་འོག་ན་ཚེ་སྲོག་དང་རྒྱུ་ནོར་ལ་གོ་ཐོབ་མེད་ཅིང་། མི་ཞིག་གསོད་པ་ནི་འབུ་ཞིག་གཅིར་བ་དང་ཁྱད་མེད་དུ་གྲུབ་པ་མ་ཟད། དབང་སྒྱུར་པ་ཉུང་ཤོས་ཤིག་གི་སྐྱིད་འདོད་བདེ་འདོད་ཆེད་མི་མང་གི་བདེ་སྡུག་མ་གཞི་ནས་རིན་ཐང་ཅི་ཡང་མེད་པས་ཡལ་བར་དོར། ཚེ་སྲོག་དང་བརྩེ་དུང་གལ་ཆེ་ནའང་། རང་དབང་དེ་ལས་ཀྱང་རྩ་ཆེ། ཞེས་དམ་པ་ཚོས་གསུངས་མོད་ཀྱང་། དེ་དུས་སུ་མིའི་ཚེ་སྲོག་ནི་དུད་འགྲོ་དང་ཁྱད་མེད་ཅིང་། ལྷག་པར་དུ་རང་དབང་དང་བྲལ་ནས་གཞན་དབང་དུ་གྱུར་ཡོད་པས་འདི་ལས་སྐྱི་གཡའ་ཞིག་གང་ན་ཡོད། མིའི་རིགས་འཕེལ་བའི་བཤུལ་ལམ་ལ་བལྟ་དུས། མིའི་རིགས་ཀྱིས་བློས་གཏོང་ཅི་ཙམ་བྱས་ཡོད་དམ། གློག་བརྙན་ནང་ལྟར། ཤི་བོ་ཤི་མོ་དག་གི་བེམ་རོས་ས་སྟེང་ཁྱབ་ཅིང་མི་ཁྲག་གི་ལྟེང་ག་འཁྱིལ། འབུ་ནག་རོ་ལ་འཁོར། སྙིང་དམར་ཁོག་ནས་འདོན། སྙིང་ཁྲག་གང་སར་མཆོད། ནད་ཡམས་དང་མུ་གེས་སྡུག ཚེ་སྲོག་ལ་རྩིས་ཐང་ཆུང་། དམུ་རྒོད་དང་ཤེས་རྨོངས་ཀྱིས་མྱོས་ཤིང་བླུན་རྨོངས་དང་ཁྲག་བཞུར་བའི་ལོ་ཟླ་ག་ཚོད་ཙམ་ལ་རིན་དོད་ཅི་ཙམ་ཕུལ་ཞིང་བློས་གཏོང་ག་ཙམ་བྱས་རྗེས་ད་གཟོད་ད་ལྟའི་རང་རེའི་དཔལ་ཡོན་དུ་གྲགས་པའི་སྤྱི་ཚོགས་འདིར་ཐོན་པ་ཡིན་ནམ། ལྷག་ཏུ་ད་ལྟའི་དཔལ་ཡོན་སྤྱི་ཚོགས་འདིར་ད་དུང་ཡང་ཁྱོད་ཤི་ང་གསོན་དང་མི་གསོད་ཁྲག་སྦྱོར་གྱི་འདྲ་མཉམ་མིན་པའི་སྦྱོར་བ་མུ་མཐུད་དུ་མང་དུ་སྤེལ་གྱིན་པ་མ་ཡིན་ནམ། འདི་འདྲའི་སྦྱོར་བ་མང་དུ་རྩོམ་བཞིན་ཡོད་པས་ད་གཟོད་མུན་ནག་གི་ལོ་ཟླས་གཙེས་དྲགས་པའི་རྐྱེན་བདེན་པའི་བུ་ཆུང་ནམ་ཡང་གསོན་དཀའ་བ་མ་ཡིན་ནམ། དེ་ནི་གློག་བརྙན་ཁྲོད་ཀྱི་ཚོ་བ་དེའི་སྐྱེས་པ་གཅིག་པུས་ཐབས་བརྒྱ་ཇུས་སྟོང་གིས་དཀའ་ངལ་ཁྱད་བསད་ངང་ཕྱིར་རང་ཁྱིམ་དུ་ལོག་པ་དེ་དང་འདྲ་ཞིང་། ཁོའི་ཆུང་མ་དང་བུ་ཕྲུག་གཉིས་ཀྱིས་ཉིན་གྲངས་མང་པོར་ས་དོང་དེའི་ནང་ནས་དཀའ་སྡུག་གིས་གསོན་ཐབས་བྱས་ཤིང་། རེ་བ་ཉག་གཅིག་གི་རྒྱུན་ལ་བརྟེན་ཆུས་བསྣུབ་པའི་ཉེན་ཁའི་ཁྲོད་ནས་ཨམ་གཙིགས་བསྡམས་ཤིང་། དེ་འདྲའི་གཉན་འཕྲང་གི་སྐབས་དེར་བུ་ཕྲུག་གཉའ་བར་འཁུར་ཞིང་ཆུ་ནང་ནས་བྱིས་པ་བཙས་ཏེ་རིགས་རྒྱུད་ཅིག་གི་རྒྱུན་བསྲིངས་པ་དེ་དང་ཇི་འདྲའི་མཚུངས་ཨང་། མིའི་རིགས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟ་དུས་དེ་ནི་ནམ་ཡང་བློས་གཏོང་གི་གོ་རིམ་ཞིག་ཡིན་ལ། བློས་ཅི་ཙམ་བཏང་བ་དེ་ཙམ་གྱིས་ཐོབ་པའི་ངེས་པ་གཏན་ནས་མེད་པས་བློས་གཏོང་ལ་མཐའ་མེད་ཅིང་། བློས་བཏང་བ་མང་དྲགས་མེད་ན་ཉུང་དྲགས་གཏན་ནས་མེད་པའི་ཚོད་དུ་ཡོད་པསས། ང་ཚོས་དོན་དམ་པས་བློས་གཏོང་ཅི་ཙམ་བྱས་ན་ད་གཟོད་བློ་བསྐྱེད་ཅིག་འཐོབ་ཐུབ་བམ།

p1527248996.jpg

         གློག་བརྙན་འགོ་ཡི་གདོད་མའི་སོས་དལ་བག་ཕེབས་ཀྱི་འཚོ་བ་རོལ་སྟངས་ཤིག་ནས་རིམ་བཞིན་མི་ཤ་ཟ་བའི་བྲན་གཡོག་གི་སྤྱི་ཚོགས་བར་དང་། དེ་ནས་མཐའ་མར་ཕྱིའི་མི་སེར་སྤེལ་བའི་བཙན་འཛུལ་བ་ཐོན་པའི་བར་དུ་དུས་ཀྱི་ཆ་ནས་བར་བརྒལ་ཆེ་ཞིང་། རིག་གནས་ཀྱི་ཆ་ནས་གསང་བ་ལྐོག་གྱུར་དུ་ཡོད་པའི་མཱ་ཡའི་རིག་གནས་དང་ཨ་ཚི་ཁའི་རིག་གནས་ཀྱི་ཉམས་རྒུད་དེ་ནང་ཁུལ་དུ་བྱུང་བ་ཡིན་ནམ། ཡང་ན་ཕྱིའི་བཙན་འཛུལ་བའི་བྱས་ཉེས་ཡིན་ནམ། ཡང་ན་ཕྱི་རྒྱལ་བ་ནི་དོན་དངོས་སུ་བཙན་འཛུལ་མཁན་ཡིན་ནམ་ཡང་ན་ཤེས་རིག་བསྐྱལ་ཡོང་མཁན་ཡིན་པའི་ངོས་ཐད་ནས་སླར་ཡང་བསམ་གཞིག་གཏོང་འོས་ལ། ང་ཚོའི་མིའི་རིགས་ཀྱིས་ས་ཡི་གོ་ལ་འདིར་ནག་ཉེས་ཅི་ཙམ་བཟོས་ཤིང་རྔུལ་ཁྲག་ཅི་ཙམ་བཞུར་རྗེས་ད་གཟོད་མ་རིག་པའི་མུན་པ་ཡོངས་སུ་བསལ་ནས་བདེན་པའི་འོད་སྣང་སྤྲོས་སུ་འཇུག་ནུས་སམ། སྔོན་ཆད་བརྒྱུད་ཟིན་པའི་དཀའ་སྡུག་གི་ལམ་བུ་ཅི་ཙམ་ང་ཚོས་ད་དུང་བསྐྱར་དུ་བརྒྱུད་དགོས་སམ། གློག་བརྙན་འདིས་ང་ཚོ་བསམ་གཞིག་གི་ཕུགས་པ་རིང་མོ་ཞིག་བརྒྱུད་དུ་འཇུག་ངེས་ལ་ང་ཚོའི་འདས་མ་ད་གསུམ་གྱི་ལོ་རྒྱུས་ལ་ཕྱིར་རྟོག་ཅིག་བྱེད་དུ་འཇུག་ངེས།

         མདང་དགོང་རྨི་ལམ་འཇིགས་སུ་རུང་བ་ཞིག་གིས་གཉིད་ཡུར་གཏན་ནས་མ་བདེ། རྨི་ལམ་ནང་དུ་རང་དང་གཞན་ཞིག་གིས་མགོ་བོ་དུམ་སེར་གཅོད་རེས་བྱེད་ཀྱིན་འདུག་ལ། ཁྲག་དམར་ཙ་ར་ར་དང་དམར་ཆིལ་ལེར་བཞུར་གྱིན་པའི་རྣམ་པ་དེ་ད་དུང་ཡང་དྲན་ངོགས་སུ་ཡལ་རྒྱུ་མི་འདུག བསམ་ན་ཡང་ཅི་ཞིག་ལ་མཆོད་སྦྱིན་བྱེད་བཞིན་འདུག་ལ་དེའང་གློག་བརྙན་འདི་དང་འབྲེལ་ཡོད་པ་སྨྲས་ཅི་ལ་དགོས།    

༢༠༢༠ལོའི་ཟླ༡༠པའི་ཚེས༢༥ཉིན་གྱི་དུས་ཚོད༢༠:༥༥


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།