མགོ་ལོག་འབྲུག་སྐྱབས་ཀྱི་པར་ལེན་བརྩམས་ཆོས་བདམས་བཀོད།

微信图片_20180624175448.jpg

        འབྲུག་སྐྱབས་ལགས་ནི་1970ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་དར་ལག་ཏུ་སྐྱེས་ཤིང་། ཉེ་བའི་ལོ་བཅུ་ཕྲག་གི་རིང་ཕ་ཡུལ་གྱི་རི་སྐྱེས་སྲོག་ཆགས་གང་མང་པར་མིག་བརྒྱུད་དེ་བརྙན་དང་པར་རིས་ཀྱི་གཟུགས་སུ་བླངས་ཤིང་། ཐེངས་མང་པོར་BBCཡི་དངོས་བཤུས་བརྙན་ལེན་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གིི་དངོས་བཤུས་བརྙན་ལེན་ཚན་ཆུང་སོགས་སུ་ཞུགས་ཤིང་རིན་བྲལ་གྱི་རྒྱུ་ཆ་མཁོ་འདོན་བྱས་མྱོང་། དེ་ཡང་ཁོང་གི་བརྩམས་ཆོས་མང་པོར་རྒྱལ་ཕྱི་ནང་གི་བྱ་དགའ་དང་གཟེགས་རྟགས་ཐོབ་ཡོད།

        2008ལོར། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་རྣམ་གྲངས་ཀྱི་རོགས་སྐྱོར་འོག འབྲུག་སྐྱབས་ཀྱིས་མཚོ་འཕགས་སྨི་3900ལྷག་གི་རི་ཁ་ནས་གུར་ཕུབ་ཏེ་ཉིན་46རིང་གཟི་བྱིའུ་ཡི་སྐྱེ་འཕེལ་བརྒྱུད་རིམ་ལ་རྟོག་ཞིབ་དང་བརྙན་པར་ཟིན་བྲིས་བཀོད་དེ། 《གཟི་བྱིའུ་ཡི་རྟོག་ཞིབ་ཟིན་བྲིས།》ཞེས་པའི་དེབ་པར་སྐྲུན་བྱས། 2013ལོར་པེ་ཅིན་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་དུས་དེབ་ཐོག་དཔྱད་རྩོམ་《གཟི་བྱིའུ་ཡི་རང་བྱུང་ལོ་རྒྱུས་དང་དེའི་ཉེན་ཁ་དང་སྲུང་སྐྱོབ།》ཞེས་པ་བཀོད།

         2008ལོར་ཁོ་བོ་ནི་རི་ཁར་གུར་ཕུབ་ནས་ཉིན་46རིང་བྱིའུ་འདིའི་སྐྱེ་འཕེལ་བརྒྱུད་རིམ་རྟོག་ཞིབ་དང་བརྙན་པར་ཟིན་བྲིས་བཀོད་མྱངས། དེས་ཕྱིར་གཟི་བྱིའུ་ཡི་ཚང་འཇོག་གནས་སོགས་ཅུང་ཟད་ཙམ་བརྗོད་ན། གཟི་བྱིའུ་ཡི་ཚང་འཇོག་གནས་མཚོ་སྨི་4000ཡས་མས་དང་རྐན་གཟར་མང་བའི་རི་ངོར་ཚང་འཇོག་སྟངས་བྱིའུ་ཅོ་ཀ་དང་འདྲ་བོ་འདུག གཟི་བྱིའུ་ཡིས་ཚང་འཇོག་དུས་ནང་གསེས་སྔ་ཕྱིའི་བར་ཁྱད་ཆེན་པོ་ཡོད་པས་དུས་ཚིགས་གཏན་འཁེལ་ཅན་ཞིག་མ་རེད། དཔེར་ན་གཟི་བྱིའུ་ལ་ལ་སྤྱི་ཟླ་བརྒྱད་པའི་ནང་སྒོ་ང་བརྡོལ་ཟིན་ཀྱང་། གཟི་བྱིའུ་འགའ་རེས་སྤྱི་ཟླ་དགུ་བའི་ནང་ཚང་གསར་དུ་བཟོ་བཞིན་ཡོད་པ་ལྟ་བུ་རེད། དེ་ཡང་ཚང་གསར་དུ་བཟོ་སྐབས་ཐོག་མར་ཉིན་སྲིབ་གཉིས་ཀྱི་ཉིན་ཕྱོགས་ཀྱི་རི་རྩིབས་དང་། འཕྲེད་ལམ་ཀྱག་ཀྱོག་དང་ཡང་ན་གད་ཁའི་སྟེང་ན་རྩི་ཤིང་གི་ཕོན་པོ་ཆུང་ཆུང་གི་གཡོར་ཡོད་པ་དེར་འཇོག་སྲིད། དེའི་ཞབས་སུ་གཟི་བྱིའུ་ཕོ་མོ་གཉིས་བབས་གྲངས་མང་ན་མི་འགྱང་བར་ཚང་འཇོག་ངེས། དེའི་དུས་ཉིན་དང་པོ་ཞིབ་ཏུ་བལྟས་ན་ཕོ་བྱིའུ་ཡིས་གཤོག་སྣེ་འདར་བཞིན་ཟུར་དུ་བསྡད་པ། མོ་བྱིའུ་དེས་མཆུ་ཡིས་ས་རྡོག་ཆུང་ངུ་ཕར་ཚུར་འཕེན་པ་མཐོང་ཐུབ། རིམ་བཞིན་མོ་བྱིའུ་ཡིས་ས་ཀོང་ནང་ནས་སྟེང་གི་རྩྭ་ཤིང་མཆུས་གཅོད་པ་གཡས་འཁོར་དང་གཡོན་འཁོར་སོགས་བྱེད་སྲིད། ཕོ་བྱིའུ་ཡིས་རྩྭ་རྐང་ཁ་ཤས་བཟུང་སྟེ་གློ་བུར་དུ་འཕུར་ནས་ཐོན་པ་ན་རྩྭ་རྐང་རྣམས་མོ་བྱིའུ་ཡི་ཟུར་ན་བཞག་སྟེ་གཉིས་ཀ་རྒྱང་རིང་དུ་འཕུར་བ་དང་། མཉམ་དུ་ཕྱིར་ཐོན་པ་ན་ཕོ་བྱིའུ་དེ་གནས་མཐོན་པོའི་སྟེང་ནས་སྐད་སྙན་མོ་སྒྲོག་ཏེ་སྒྲོ་ལས་བྱེད་པ་དང་། མོ་བྱིའུ་ཡིས་རྩྭ་གསེབ་ནས་རྒུམ་འབུ་འཐུ་བ་སོགས་བྱེད་ངེས། ཉིན་ཁ་ཤས་བར་ཚང་སྟོང་བ་རུ་འཇོག་པ་དང་། ཕོ་བྱིའུ་ཡིས་ཚང་གི་མཐའ་འཁོར་གྱི་བྱིའུ་གཞན་པ་དག་རྒྱང་རིང་དུ་འདེད་པ་སོགས་རྒྱང་མཐོང་གིས་བལྟས་ན་གསལ་པོར་མཐོང་ཐུབ། ཡང་གཟི་བྱིའུ་ཕོ་དང་མཉམ་དུ་མོ་བྱིའུ་མེད་པ་ཕོ་བྱིའུ་ཡིས་སྐད་སྙན་མོ་སྒྲོག་དུས་མོ་བྱིའུ་གློ་བུར་དུ་འཕུར་ནས་ཐོན་པ་དང་། མོ་བྱིའུ་ཡིས་སྒོ་ང་རུམ་བཞིན་ཡོད་པ་ཐེ་ཚོམ་མེད་དོ། སྒོ་ང་མ་བརྡོལ་བའི་སྐབས་སུ་ཚང་ནང་དུ་བསྡད་ཡུན་རིང་བ་དེ་མོ་བྱིའུ་རེད། འོན་ཀྱང་མཚན་མོར་སྒོ་ང་རུམ་མཁན་དེ་ཕོ་མོ་གང་ཡིན་དང་། དྲག་ཆར་བབས་དུས་ཅི་འདྲ་རུམ་བཞིན་ཡོད་པ་གསལ་པོ་མ་མཐོང་བས་རྟོག་ཞིབ་པ་དག་གིས་དཔྱད་ན་ལེགས། ཡང་དྲག་ཆར་བབས་རྗེས་གཟི་བྱིའུ་ཕོ་མོ་གཉིས་ཀ་རྡོ་དང་ཤིང་གི་མཐོ་སར་གྲགས་འགུལ་མེད་པར་བསྡད་ཡོད་ན་བྱིའུ་ཚང་ངམ་ཕྲུ་གུ་གནོད་སྐྱོན་ཐེབས་ཡོད་པ་འདྲ་བས་དཔྱད་འཚལ། གཟི་བྱིའུ་ཕོ་མོ་གཉིས་ཚང་དང་ཐག་ཉེ་སར་བབས་གྲགས་མང་བ་དང་སྐབས་རེ་ཕོ་མོ་གང་རུང་གི་ཁ་ནང་མདོག་དཀར་པོ་བཟུང་ནས་རྒྱང་རིང་དུ་འཕུར་བ་དང་། ཕྱེ་ལེབ་རིགས་བཟུང་ནས་ཕྱིར་ཚང་གི་ཉེ་འདབས་སུ་ཐོན་པ་སོགས་མཐོང་ན་གཟི་བྱིའུ་ཡི་སྒོ་ང་བརྡོལ་ཡོད་པའི་རྟགས་སུ་ཤེས་པར་བྱེད། ཡང་སྐབས་རེར་ཆར་པ་སིམ་སིམ་བབས་རྗེས་ཉི་མ་ཤར་ན་གཟི་བྱིའུ་ཡི་ཕྲུ་གུ་རྣམས་ལ་ཁ་ཟས་རྙེད་སླ། ཕྱེ་ལེབ་དང་སྲིན་བུ་གཤོག་ལྡན་དག་གཤོག་པ་བརླན་ནས་འཕུར་མི་ཐུབ་པར་རྩི་ཤིང་ངོར་འཐམ་ཡོད་པ་རྣམས་གཟི་བྱིའུ་ཕོ་མོ་ཡིས་དེ་དག་འཛིན་ནས་ཕྲུ་གུ་གསོ་བ་དང་དེ་ནི་རང་བྱུང་རྒྱལ་མོས་བཀོད་སྒྲིག་རེད། གཟི་བྱིའུ་ཡི་ཕྲུ་གུ་རྣམས་ཚང་དང་ཁ་བྲལ་ཞིང་གཤོག་རྩལ་མ་རྫོགས་པའི་དུས་འབུ་ཆ་ག་བ་དང་གྲོ་གཉེར་དག་གསོན་པོར་བཟུང་ནས་བྱིའུ་ཕྲུག་རྣམས་གསོ་སྦྱིན་ཡོད་ལ། གཟི་བྱིའུ་ཕོ་མོ་གང་གིས་ཟས་སྟེར་ས་དེ་གཏན་འཁེལ་ཅན་ཡིན་པར་སེམས་ཏེ། དཔེར་ན་ཕོ་བྱིའུ་ཡིས་ཟས་སྟེར་སའི་ཕྲུ་གུ་ལ་མོ་བྱིའུ་ཡིས་དེ་ལ་ཟས་མི་སྦྱིན་པ། དེ་བཞིན་མོ་བྱིའུ་ཡིས་ཟས་སྦྱིན་སའི་ཕྲུ་གུ་ལ་ཕོ་བྱིའུ་ཡིས་དེ་ལས་ཟས་མི་སྟེར་བ་དེ་འདྲའི་ཚོར་བ་ཞིག་ཁོ་བོར་སྟེར་སོང་བས་དོན་མེད་དུ་མི་སེམས་པར་ཅུང་ཙམ་མ་དཔྱད་ན་སུ་ཞིག་གིས་ཡིད་ཆེས་པར་ནུས། དེ་ལྟར་ཚང་དང་ཁ་བྲལ་རྗེས་མཚན་མོ་བྱིའུ་ཕྲུག་རྣམས་ཕྱིར་ཚང་ནང་མི་འོང་པར་མཐའ་འཁོར་གྱི་རྩྭ་ཤིང་གི་གསེབ་དག་ན་གནས། དེ་ནས་བྱིའུ་ཕྲུག་རྣམས་འཕུར་རྩལ་རྫོགས་པ་དང་སྟོན་རླུང་ཅུང་ཟད་ལྡང་ན་སྲིབ་ཀྱི་ཤིང་ཕྲན་མང་ས་དང་། ལུང་གཞུང་རྣམས་སུ་འཕུར་ནས་ཟུག་རྩྭའམ་རྩྭ་ཡི་ཡུག་པོ་སོགས་ཟ། བྱིའུ་ཕྲུག་རྣམས་ཀྱིས་ཟས་སློང་ཡང་བྱིའུ་མས་ཟས་སྟེར་བ་ཉུང་། དེ་ནས་བཟུང་མ་བུ་རྣམས་ཁྱུ་བྱས་ཏེ་ས་ཆ་སོ་སོར་འཕུར་ཞིང་། དེ་དུས་བྱིའུ་ཕྲུག་རྣམས་མ་ཡིས་བསྐྱངས་ཚར་བ་ཡིན་པར་འདོད། རྟོག་ཞིབ་ཁྲོད་ནས་ཤེས་གསལ་ལྟར་ན་གཟི་བྱིའུ་ཕོ་ལ་སྐད་གྲགས་སྟངས་མི་འདྲ་བ་བཞི་ཡོད་པར་འདོད།

        གཅིག ཆར་བབས་རྗེས་ཀྱི་ཉི་འོད་དང་ལྷན་དུའམ་ཡང་ན་ལྟོ་བ་ཟས་ཀྱིས་འགྲངས་རྗེས་རྡོ་དང་ཤིང་ཕྲན་རྩེར་བབས་ཏེ་ཁ་ཕྱོགས་གཅིག་ལ་འཁོར་ནས་ལྷོད་ལྷོད་ངང་། བཅིས། བཅིས། བཅིས་ཞེས་མཇུག་རིང་ཆ་ཅན་ལྟ་བུ་སྐད་སྙན་མོ་ཞིག་ཡུན་རིང་སྒྲོག་བཞིན་ཡོད་པ་དེ་གཟི་བྱིའུ་ཡི་ཆེས་སྐད་སྙན་ཤོས་ཏེ། ཐོས་མ་ཐག་ཉན་འདོད་པ་ཅུང་ཉན་ན་སེམས་པ་རང་བྱུང་རྒྱལ་མོའི་དབྱིངས་སུ་འདྲེས་པར་བྱེད།

        གཉིས། ཉེན་ཁ་འཕྲད་ལ་ཉེ་བའམ་ཡང་ན་དགྲ་བོ་སོགས་མཐོང་དུས་རྣམ་རིག་སྒྲིམ་པོའི་ངང་ཙིད་ཙིད་ཙིད་ལྟ་བུ་གྲགས། སྐད་འདི་ལ་གོམ་ཆ་སོང་ན་གཟི་བྱིའུ་ལ་དགྲ་ཡོད་མེད་དང་གཟི་བྱིའུ་འཚོལ་སྐབས་ངལ་བ་དེ་ཙམ་མི་དགོས་པས་དགའ་ཕྱོགས་སུ་སོང་བ་དག་གིས་གནད་འདི་ཤེས་པར་བྱ།

        གསུམ། ཕོ་བྱིའུ་ཡིས་མོ་བྱིའུ་ལ་རྒྱུན་པར་བརྡ་མང་པོ་གཏོང་བཞིན་ཡོད་པས་རྟོག་ཞིབ་པ་ཞིག་ལ་མཚོན་ན་ཕོ་བྱིའུ་གྲགས་སྟངས་རེ་རེ་ལ་དམིགས་བསལ་གྱི་རིན་ཐང་ཡོད་པ་ལས་རྒྱུ་མཚན་ཅུང་ཟད་ཀྱང་རྟོགས་རྒྱུ་མེད་པ་མ་ཡིན་ནོ། ཕོ་བྱིའུ་ཡི་རྒུམ་འབུ་འཐུ་སའི་གནས་སྤོར་འདོད་པའམ་ཡང་ན་ཉི་མའི་གྲིབ་སོ་རི་སྐེད་བསླེབས་དུས་ཕོ་བྱིའུ་ཡི་མོ་བྱིའུ་མཐོང་མེད་ན་ཤིང་བྲག་གི་མཐོ་སར་བབས་ཏེ་བཅིས་བཅིས་བཅིས་ཞེས་གྲགས་སྟངས་དང་པོ་དང་ཧ་ཅང་འདྲ། ཞིབ་མོར་ཉན་ན་མཇུག་གི་རིང་ཆ་དེ་སྐབས་རེར་རྡུམ་འགྲོ་བའི་ཚོར་བ་དང་། ལྷོད་ལྷོད་ཀྱི་རྣམ་པ་མེད་པ་གནམ་གཤིས་ལ་ངེས་པ་མེད་པར་ཁ་ཕྱོགས་ངེས་མེད་འཁོར་ཏེ་མོ་བྱིའུ་འཚོལ་འབོད་ལྟ་བུ་སྒྲོག་བཞིན་འདུག

        བཞི། གཟི་བྱིའུ་ཡི་ཕྲུ་གུ་ཚང་དང་ཁ་བྲལ་རྗེས་དོགས་ཟོན་གྱི་ཆེད་ཡིན་ནམ་རྩྭ་གསེབ་ཏུ་ཡིབ་ནས་བསྡད་པ་མང་། བྱིའུ་ཕོ་མོ་གཉིས་ཀས་གསོ་ཟས་མང་པོ་ཁ་ནང་དུ་བཟུང་སྟེ་བྱིའུ་ཕྲུག་རྩྭ་གསེབ་ན་འཚོལ་དུས། ཚིད་ཚིད་ཚིད་ཅེས་པའི་སྐད་སྒྲོག་བཞིན་འདུག ཕྲུ་གུས་སྐད་དེ་ཐོས་རྗེས་རྩྭ་གསེབ་ནས་ཕྱིར་བུད་དེ་མའི་ཁ་ཟས་ལེན་བཞིན་ཡོད། སྐབས་རེར་སྒྲིར་ལྟ་བུའི་རིང་ཆ་ཅན་གྱི་སྒྲ་སྒྲོག་པ་ཐོས། འོན་ཀྱང་དེ་ནི་མ་བུ་གང་གི་སྒྲ་ཡིན་པ་མ་གསལ་བས་དཔྱད་འཚལ་ལོ། །


དཔྱད་མཆན་ཡོད།