གློག་བརྙན་སྒྲ་ལེན་པ་ཀླུ་འབུམ་བཀྲ་ཤིས་ཀྱི་ཆེད་ལས་ལམ་བུ།

༡༡༡༡_副本.jpg

སྒྲ་ལ་རྒྱུས་པའི་མི་ཚེ།

           __གློག་བརྙན་སྒྲ་ལེན་པ་ཀླུ་འབུམ་བཀྲ་ཤིས་ལགས་ཀྱི་གནས་ཚུལ་བཀོད་པ།

        ལོ་རབས་བརྒྱད་ཅུའི་དུས་མགོ་ནས་བཟུང་། མདོ་དབུས་ཁམས་གསུམ་ཀུན་ཀྱི་བོད་མི་གཟིགས་མཁན་ཡོངས་ནས་རང་ཕ་སྐད་ཀྱི་ལམ་ནས། རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་སྒྱུ་རྩལ་དེ་མྱོང་རོལ་བྱེད་ཐུབ་པ་བྱུང་སོང་བ་དང་།  ངོ་མཚར་བའི་གཏམ་རྒྱུད་དེ་དག་གི་ཁྲོད་དུ་རྒྱལ་ཁོངས་མི་གཅིག་པ་དང་ལས་རིགས་མི་གཅིག་པ། ཐོབ་ཐང་མི་གཅིག་པ། ལོ་ཚོད་མི་གཅིག་པའི་མི་སྣ་ཕོ་མོ་དག་གིས་བོད་སྐད་ཤར་མར་བཤད་ཐུབ་པ་ལ་མི་རྣམས་ཧ་ལས་ཤིང་ངོ་མཚར་བར་གྱུར། དེ་ལས་ཀྱང་ལྷག་པར་དུ་ཉན་སྤྲོ་ཞིང་བརྗེད་དཀའ་བ་ཞིག་ནི་གློག་བརྙན་གྱི་མགོ་མཇུག་དུ་ངོ་སྦྱོར་བྱེད་པའི་གློག་བརྙན་སྒྱུར་སྐྲུན་མི་སྣ་དག་གི་མཚན་མིང་བརྗོད་པ་དེ་ཡིན། དེའི་ཁྲོད་དུ་ང་ཚོ་ཆེས་རྒྱུས་མངའ་བའི་མཚན་མིང་ཞིག་ད་དུང་ཐོས་འཛིན་ལམ་དུ་གསལ་ལྷང་ངེར་འདུག་པ་ནི་སྒྲ་ལེན་པ་ཀླུ་འབུམ་བཀྲ་ཤིས་ཡིན་ཟེར་བ་དེ་ཡིན།

      ཀླུ་འབུམ་བཀྲ་ཤིས་ལགས་ནི་མདོ་སྨད་ཁྲི་ཀའི་མི་ཡིན་ཞིང་། 1975 ལོར་བྱ་བར་ཞུགས་ཤིང་། དེང་ཐོག་མཚོ་སྔོན་ཞིང་ཆེན་མི་རིགས་པར་འདེབས་བཟོ་གྲྭ་རུ་བྱ་བར་ཞུགས་ཤིང་། སྐབས་དེའི་བོད་ཡིག་གི་དཔེ་དེབ་དང་ཚགས་པར། དུས་དེབ་སོགས་ཇུས་འགོད་པར་སྐྲུན་གྱི་ལས་སུ་ཞུགས་ནས་ཏང་དང་རྒྱལ་ཁབ་ཀྱི་ཡིག་ཆ་གལ་ཆེན་དང་བོད་ཀྱི་དཔེ་དེབ་སྣ་མང་དཔེ་སྐྲུན་པར་འདེབས་ཀྱི་ལས་ཀ་གཉེར། 1977ལོར་མཚོ་སྔོན་ཞིང་ཆེན་རིག་གནས་ཐིན་དུ་ལས་སྤོར་བྱས་ནས་གཞུང་ཞབས་པའི་བྱ་བ་གཉེར།

11111_副本.jpg

       1980ལོར་མཚོ་སྔོན་མི་རིགས་གློག་བརྙན་སྒྱུར་སྐྲུན་ཁང་དུ་ལས་གནས་སྤར་ཞིང་། སྔ་རྗེས་སུ་ལོ་ཙྭ་དང་སྐད་སྦྱོར། སྒྲ་ལེན་སྒྲིག་སྦྱོར་སོགས་ཀྱི་ལས་ཀ་གཉེར། སྐབས་དེའི་གློག་བརྙན་སྒྱུར་སྐྲུན་ཁང་ནི་ལས་སྒྲུབ་མི་སྣ་དང་ཆེད་ལས་མི་སྣ་ཉུང་བ་སོགས་ཀྱི་དཀའ་ཚེགས་འོག གོང་རིམ་རྩ་འཛུགས་ཀྱིས་ཁོ་ཡིས་འཇོན་ཐང་ལ་དམིགས་ནས་ལས་གནས་གང་ཞིག་གི་འགན་འཁུར་སྤྲད་ཚེ། ཁོས་ཆ་རྐྱེན་ཅི་ཡང་མེད་པའི་ངང་དང་ལེན་བྱེད་པ་དང་ལས་གནས་གང་ཞིག་གི་སྟེང་དུའང་། སེམས་པ་ཞིབ་ཅིང་ནན་ཏན་རྩེ་གཅིག་ཡིན་པ། རང་གི་འགན་འཁྲི་དེ་དག་བདེ་ལེགས་ངང་ལེགས་འགྲུབ་བྱེད་ཐུབ་པས། ཁོའི་བྱ་བར་བརྩོན་པའི་སེམས་ཤུགས་དེར་ལས་གྲོགས་ཡོངས་ཀྱིས་བརྩི་མཐོང་ཐོབ་ཅིང་། གོང་རིམ་འགོ་ཁྲིད་ཀྱིས་ཀྱང་བླ་ལྷག་གིས་གདེང་འཇོག་བྱས། 

        1982ལོར་མཚོ་སྔོན་མི་རིགས་གློག་བརྙན་སྒྱུར་སྐྲུན་ཁང་གིས། ལས་འཇོན་མི་སྣ་རྩ་འཛུགས་བྱས་ཏེ་རང་རྒྱལ་གྱི་ནང་སོག་གློག་བརྙན་བཟོ་གྲྭ་རུ་ལྟ་སྐོར་སློབ་སྦྱོང་དུ་ཕྱིན་པ་དང་། ཁོ་ཡང་དེའི་གྲས་ཀྱི་མི་སྣར་བདམས་ཏེ་ཆེད་དམིགས་ཀྱིས་གློག་བརྙན་སྒྱུར་སྐྲུན་སྒྲ་ལེན་དང་སྐད་སྦྱོར་ལ་སློབ་སྦྱོང་བྱེད་པའི་སྐལ་བ་ཐོབ་པ་དང་། ཐེངས་འདིའི་སློབ་སྦྱོང་བརྒྱུད་ནས། ཁོའི་རྗེས་ཕྱོགས་ཀྱི་ལས་ཀ་བདེ་ལེགས་ངང་འགྲུབ་པར་ཆེད་ལས་རང་བཞིན་གྱི་རྨང་གཞི་བརྟན་པོ་བཏིང་སོང་བ་རེད།

       བོད་སྐད་ཀྱི་གློག་བརྙན་སྒྱུར་སྐྲུན་ལས་དོན་འཕེལ་རྒྱས་འགྲོ་བ་དང་བསྟུན། དེང་རབས་སྒྲིག་ཆས་ཀྱང་མང་པོ་ཐོན་པ་དང་། དེ་དང་འབྲེལ་ནས་ཆེད་ལས་ལག་རྩལ་མི་སྣའི་མི་འདང་བའི་ཁ་ཚ་དགོས་གཏུགས་ཀྱི་དོན་དངོས་ལ་གཞིགས་ནས་འབྲེལ་ཡོད་རྩ་འཛུགས་ཀྱི་གདམ་གསེས་བརྒྱུད་དེ། 1985ལོར་ཁོ་རང་རྒྱལ་ཁབ་རིག་གནས་པུའུ་གློག་བརྙན་ཅུ་ཡིས་གཙོ་སྒྲུབ་བྱས་པའི་གློག་བརྙན་སྒྲ་ལེན་ལག་རྩལ་སློབ་སྦྱོང་འཛིན་གྲྭར་མངགས་ནས་སློབ་སྦྱོང་བྱས།

640 (4)_副本.jpg

        ལོ་རབས་དགུ་བཅུ་ནས་བཟུང་སྔར་གྱི་མཚོ་སྔོན་གློག་བརྙན་སྒྱུར་སྐྲུན་ཁང་གི་རྨང་གཞིའི་སྟེང་མཚོ་སྔོན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཙུགས་ཏེ། གློག་བརྙན་སྒྱུར་སྐྲུན་ནས་བརྙན་འཕྲིན་བརྩམས་ཆོས་བོད་སྐད་དུ་སྒྱུར་བའི་མགོ་བརྩམས་ཤིང་། སྐབས་དེའི་གནས་བབས་དང་དམིགས་ནས1998 ལོར་ཁོ་རང་བོད་ལྗོངས་བརྙན་འཕྲིན་ཁང་དུ་བརྙན་འཕྲིན་སྒྲ་ལེན་གྱི་ལག་རྩལ་སློབ་སྦྱོང་བྱེད་དུ་མངགས་པ་དང་། 2002ལོར་ནང་སོག་གློག་བརྙན་བཟོ་གྲྭར་ཡང་བསྐྱར་སོང་ནས་གློག་བརྙན་སྒྲ་ལེན་ལག་རྩལ་ལ་ཆེས་གཏིང་ཟབ་མོས་ངང་སློབ་སྦྱོང་བྱས། 2006 ལོར་པེ་ཅིན་ཁྲང་ཁྲིན་རིག་གནས་ཀུང་ཟི་རུ་གདན་ཞུ་བྱས་ནས། གློག་བརྙན་དང་བརྙན་འཕྲིན་ཟློས་གར་གང་མང་སྒྲ་ལེན་སྒྲིག་སྦྱོར་གྱི་ལས་ཀར་ཞུགས་པ།  2009ལོར་རྒྱལ་ཁབ་བཟོ་ལས་བརྡ་འཕྲིན་པུའུ་ལ་སོང་སྟེ་ཨང་རྩིས་རིག་པའི་གློག་བརྙན་སྒྲ་ལེན་ལག་རྩལ་གསར་བར་ཟབ་ཞུགས་སློབ་སྦྱོང་བྱས་པ། 2012ལོར་མཚོ་སྔོན་ཞིང་ཆེན་ཏང་གི་ལས་བྱེད་པའི་མཐོ་རིམ་འཛིན་གྲྭར་ཞུགས་ནས་རང་ཉིད་ཀྱི་ཆབ་སྲིད་གོ་རྟོགས་ཇེ་མཐོར་གཏོང་བར་ཆབ་སྲིད་རང་བཞིན་ལྡན་པའི་སློབ་སྦྱོང་གནད་སྨིན་བྱས་པ། 2014ལོར་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཅུའུ་དང་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་མཉམ་སྒྲུབ་བྱས་པའི་གྲངས་ཉུང་མི་རིགས་སྐད་ཀྱི་གློག་བརྙན་སྒྱུར་སྐྲུན་གྱི་ལག་རྩལ་སློབ་སྦྱོང་འཛིན་གྲྭར་ཞུགས་ཏེ་རང་རྒྱལ་མི་རིགས་གཞན་གྱི་གློག་བརྙན་འཕྲིན་སྒྱུར་སྐྲུན་གྱི་ལག་རྩལ་ཐད་བླངས་པའི་གྲུབ་འབྲས་དང་སྟོང་ཆ་སོགས་ལ་བསམ་བློ་བརྗེས་རེས་བྱས།

640 (3)_副本.jpg

         འདི་ལྟར་ལོ་ཟླ་རིང་མོའི་དུས་ཡུན་ཁྲོད། ཁོས་རང་ཉིད་ཀྱི་བྱ་བ་དེ་རང་གི་འཚོ་བ་ལྟ་བུ་ཞིག་དང་། རང་ཉིད་ཀྱི་ལས་གནས་དེ་རང་གི་མི་ཚེ་ཡི་ཁྱིམ་གཞིས་ལྟ་བུ་ཞིག་ལ་རྩིས་ནས་ངལ་བ་ལྷུར་ལེན་གྱིས་འབད་འབུངས་བྱས་པ་ལས་གྲུབ་འབྲས་ཀྱང་བླ་ལྷག་གིས་བླངས། ཁོ་རང་ལས་ཀར་ཞུགས་ནས་ལས་འཁྱུར་ངལ་གསོ་བྱས་པའི་བར་དུ། གློག་བརྙན་དང་བརྙན་འཕྲིན་ཟློས་གར། སྒྲ་ཐག་འོད་སྡེར་སོགས་ལེའུ་ཁྲི་ལྔ་ལྷག་ལ་སྒྲ་ལེན་དང་སྒྲིག་སྦྱོར་བྱས་མྱོང་ཞིང་། དེ་དག་ལས་ཁོ་རང་ཉིད་ཀྱིས་དངོས་སུ་སྒྲ་ལེན་སྒྲིག་སྦྱོར་བྱས་པའི《ཆུ་ངོགས་གཏམ་རྒྱུད》དང《ལྷ་ལ་བསྐོས་པའི་སྒྲུང་།》《ལྷ་སྲིན་སྡེ་བརྒྱད།》《ཧྲོ་ལིན་གསར་མ།》《ཇིང་གར་རྒྱལ་པོ།》《ཐང་སིན་བླ་མའི་རྣམ་ཐར།》《རྒྱལ་ཁབ་གསུམ་གྱི་སྒྲུང་།》《ཐོག་ཁང་དམར་པོའི་རྨི་ལམ།》《ཕུན་དམག་སྤྱི་ཆེན་མོ།》《ལོའི་ཧྲིན་གཡུལ་འགྱེད།》《ཕིན་ཅིན་གཡུལ་འགྱེད།》《མཚན་གུང་།》《ཏང་བཙུགས་བྱ་བཞག》《བཅིངས་འགྲོལ།》《ཞིང་པའི་གཏམ་རྒྱུད།》《ལུང་གཞུང་དམར་པོ།》《ཏང་བཙུགས་བྱ་བཞག》《ལུག་ཡང་ཡང་དང་སྤྱང་སྐྱ་ལྡང་།》《བོད་ཀྱི་གཉེན་སྟོན།》《ཚེ་སྲོག་ལ་གཅེས་འཛིན་བྱས་ནས་ཉལ་ཐ་དང་རྒྱང་དུ་གྱེས་པ།》《ཚེ་སྲོག་ནི་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན།》《ཏང་གི་དར་ཆ་རླུང་གིས་བསྐྱོད》སོགས་གློག་བརྙན་དང་བརྙན་འཕྲིན་ཟློས་གར། དངོས་བཤུས་གློག་བརྙན་སོགས་བརྩམས་ཆོས་ཉི་ཤུ་ལྷག་ལ་རྒྱལ་ཁབ་གྲངས་ཉུང་མི་རིགས་བརྗོད་བྱའི་གློག་བརྙན་གྱི་རྟ་མཆོག་བྱ་དགའ་དང་། གྲངས་ཉུང་མི་རིགས་གློག་བརྙན་གཡུ་འབྲུག་བྱ་དགའ། ཞིང་ཆེན་རིམ་པའི་རྒྱལ་སྤྱིའི་རིང་ལུགས་ཀྱི་གློག་བརྙན་བརྒྱ་ཐམ་པའི་སྒྱུར་སྐྲུན་བརྩམས་ཆོས་བྱ་དགའ་སོགས་གཟེངས་རྟགས་མང་པོ་ཐོབ་མྱོང་པ་མ་ཟད། ཁོ་རང་ཉིད་ཀྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཐུང་ངུ《འགྱོད་གདུང》ཞིང་ཆེན་རིམ་པའི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། ཞིང་ཆེན་རིག་གནས་ཐིན་གྱིས་སྒྲུབ་པའི་མཚོ་སྔོན་ཞིང་ཆེན་གྱི་ལས་བཟོ་བའི་པར་ལེན་བརྩམས་ཆོས་འགྲན་བསྡུར་ཁྲོད《ང་དང་ངའི་ལས་གྲོགས》ལ་ཕུལ་བྱུང་བྱ་དགའ་ཐོབ།

          ཁོས་རང་ཉིད་ཀྱི་ཆེད་ལས་ལས་གནས་སྟེང་གྲུབ་འབྲས་དང་གཟེངས་རྟགས་ཁྱད་དུ་འཕགས་པ་བླངས་པ་ལས་གཞན། ད་དུང་ཆེད་ལས་ལག་རྩལ་ལ་ཞིབ་འཇུག་བྱས་པའི་མྱོང་ཚོར་《བོད་སྐད་ཀྱི་གློག་བརྙན་དང་བོད་སྐད་བར་གྱི་འབྲེལ་བ་གླེང་པ》དང《གློག་བརྙན་སྒྲ་ལེན་ལག་རྩལ་ལ་འཇུག་པའི་མྱོང་ཚོར》སོགས་ཆེད་རྩོམ་ཞིང་ཆེན་ཕྱི་ནང་གི་ཆེད་ལས་དུས་དེབ་སྟེང་བཀོད་ནས་འབྲེལ་ཡོད་ཆེད་མཁས་པས་གདེངས་འཇོག་གནང་མྱོང་།

640 (1)_副本.jpg

    ཁ་དཔེར་གསེར་ས་ན་ཡོད་ཀྱང་འོད་གནམ་ན་ཡོད་ཟེར་བའི་དཔེ་ལྟར། ཁོའི་དཀའ་སྤྱད་སྡུག་རུས་ཀྱི་རྔུལ་ཆུ་ལས་ཐོན་པའི་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་འདི་དག་ལ། རང་ལས་ཁུངས་གཙོ་བྱས་པའི་གོང་རིམ་འབྲེལ་ཡོད་ལས་ཁུངས་ཀྱིས་ཀྱང་ཁས་ལེན་གདེང་འཇོག་ཚད་མེད་ཐོབ་སྟེ། 2008ལོར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྒྲ་ལེན་མཁན་པོའི་ཆེད་ལས་ལས་རིམ་གྱི་མཚན་རྟགས་ཐོབ། མཚན་སྙན་འདི་དག་ནི་ཐོབ་འོས་ལ་ཐོབ་ཀྱང་ཆོག་པ་ཞིག་ཡིན་ལ། ཁོ་ལ་མཚོན་ན་མཚན་སྙན་ཞིག་གིས་ཡིད་ཚིམས་པ་དང་དེ་ལས་ཐོན་པའི་ངའོ་སྙམ་པའི་བསམ་ཚུལ་ཞིག་གཏན་ནས་མེད་པར། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་མུ་མཐུད་དུ་བླངས་བྱ་ནན་མོ་འདོན་པ་ལས་གཞན། ད་དུང་མི་རབས་རྗེས་མ་གསོ་སྐྱོང་བྱེད་པར་ཡང་མ་སྐུལ་དང་བླངས་བྱས་ནས། བོད་རིགས་ཀྱི་གློག་བརྙན་སྒྲ་ལེན་ལག་རྩལ་གཞོན་སྐྱེས་གསོ་སྐྱོང་བྱེད་པར་སེམས་ཤུགས་གང་མང་བཏོན་མྱོང་། འདས་ཟིན་པའི་བྱ་བཞག་ཁྲོད་ཕྱིར་དྲན་ཞིག་བྱས་ཚེ་ཁོས་ལས་ཁུངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་སྔོན་ཐོན་མི་སྒེར་གྱི་བྱ་དགའ་ནི་ཐེངས་ཉི་ཤུར་བླངས་མྱོང་ཞིང་། ཆབ་སྲིད་ཀྱི་གོ་རྟོགས་དང་ལས་རིགས་ཀུན་སྤྱོད་ཐད་ནས། ལས་གྲོགས་ཡོངས་ཀྱི་མིག་དཔེ་ལྟ་བུར་གྱུར་ཡོད་པ་དང་། གཞན་རང་རྒྱལ་གྱི་སོག་པོ་དང་ཧོར། ཟ་ལར་སོགས་མི་རིགས་ཀྱི་ལྟ་མཁན་དག་དང་གློག་བརྙན་སྒྱུར་སྐྲུན་ཆེད་ལས་པ་དག་གིས་ཀྱང་ཁོ་ལ་བརྩི་མཐོང་ཆེན་པོ་བྱེད་པ་རེད། དེ་ཅི་ལ་ཞེ་ན་ཁོས་དེ་སྔོན་སོག་པོ་དང་ཧོར་རིགས། ཟ་ལར་རིགས་སོགས་སྐད་ཀྱི་གློག་བརྙན་སྒྱུར་སྐྲུན་བརྩམས་ཆོས་ལ་སྒྲ་ལེན་དང་མཛུབ་ཁྲིད་བྱེད་མྱོང་ཞིང་། དེ་དག་གི་ཁྲོད་དུ་ཁོས་ཤུགས་རྐྱེན་ཟབ་མོ་བཞག་ཡོད་པ་རེད།

       ཉེ་བའི་ལོ་འགའི་རིང་། ཁོ་རང་ལས་གནས་དང་བྲལ་ནས་ལས་འཁྱེར་ངལ་གསོ་བྱས་ཡོད་ནའང་། ཁོས་རང་ཉིད་ཀྱི་ཆེད་ལས་དང་འཇོན་ཐང་དེ་གཏན་ནས་མ་དོར་བར། མཚོ་སྔོན་ཚངས་དབྱངས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་ཟེར་བ་ཞིག་གསར་འཛུགས་བྱས་ཏེ། ཁོས་སྤྱི་གཉེར་བའི་འགན་འཁུར་དེ་སྔ་རྗེས་སུ་བོད་རིགས་ས་ཁུལ་ལ་ཤས་ཀྱི་ས་རྩོད་ཆུ་རྩོད་ཀྱི་ཤུལ་བཞག་གནད་དོན་རྙིང་བར་ཆེད་དམིགས་ནས། ཆེད་དུ་རང་ཉིད་ཀྱིས་འཁྲབ་གཞུང་བྲིས་ཤིང་འཁྲབ་ཁྲིད་བྱས་པའི་གློག་བརྙན་《ང་ཡི་ལྷིང་འཇགས་ང་ལ་ཕྱིར་སྤྲོད་རོགས》《འགྱོད་གདུང》སོགས་ཕབ་སྐྲུན་བྱས་ནས་ས་གནས་ས་སོའི་སྲིད་གཞུང་དང་དམངས་ཁྲོད་ཀྱི་རིག་གནས་བྱ་བཞག་སྤྱི་ལ་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་མ་ཟད། བོད་རིགས་ན་གཞོན་སློབ་ཆེན་བཅུ་ལྷག་གི་ལས་གནས་ཀྱི་གནད་དོན་ཡང་ཐག་གཅོད་བྱས་ཡོད་པ་རེད།

        ད་ལྟ་ཁོས་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་གི་ཁེ་ལས་འཕེལ་རྒྱས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་ཀྱིས་འཁུར་ཡོད་ལ། ད་དུང་སྔར་བཞིན་ས་གནས་ཀྱི་ཚོང་ལས་དཔལ་འབྱོར་ཐད་ལ་ནུས་པ་འདོན་དང་འདོན་གྱིན་ཡོད་པ་རེད།

       རེད་དེ། ཁོའི་གླེང་རིན་ཡོད་པའི་མི་ཚེ་ཡི་རིན་ཐང་དེ་སྤྱི་ཚོགས་སྟེང་བརྩི་མཐོང་དང་དང་ལེན་བྱས་ནས། ལོ་འདི་དག་ལ་ཞིང་ཆེན་རིམ་པའི་བརྙན་འཕྲིན་རྒྱང་སྒྲོག ཚགས་པར། དྲ་ཚིགས་སོགས་སུ་ཁོའི་མཛད་རྗེས་ལ་བཅར་འདྲི་དང་དྲིལ་སྒྲོག་བྱེད་པ་རྒྱུན་ཆད་ཀྱིན་མེད་ལ། འདི་ལས་ཀྱང་མི་ལ་བརྩོན་འགྲུས་ལྡན་པ་ན། འཇིག་རྟེན་འདི་རུ་དཀའ་བ་མེད་ཅེས་པའི་ལེགས་བཤད་དེ། ཁོའི་སྟེང་ནས་མངོན་འགྱུར་བྱུང་བ་ར་སྤྲོད་ཐོབ་ཡོད་པ་རེད།

                                                          2021/9/9

དཔྱད་མཆན་ཡོད།