གློག་བརྙན་ཟིན་ཐོ།

གློག་བརྙན་ཟིན་ཐོ།

电影记


༼  ༢༠༢༡ལོའི་ཟླ༧པའི་ནང་གི་གློག་བརྙན་རྩོམ་རིག་གི་འགྲུལ་བཞུད ༽

990848057.jpg

        བརྩམས་ཆོས་གང་ཞིག་བྱུང་བ་ལ་གཞིགས་ནས་དུས་ཀྱི་བགྲོད་སྟངས་དང་མི་རབས་གསར་བའི་འཁོར་ལམ་ཞིག་དགོས་པ་ནི་བརྩམས་ཆོས་ཀྱི་འཚོ་གནས་དང་བརྩམས་ཆོས་ཀྱི་འགན་འཁྲི་འཁུར་སྟངས་ཤིག་ཡིན་པས།  ཐེངས་འདིར་ཁོ་བོའི༼  གློག་བརྙན་དང་རྒྱང་ལྟ ༽ ཅེས་པ་རང་ཡུལ་ལུང་པའི་ས་ཆ་སོ་སོར་འགྲིམས་པ་དེ་ནི་རྩོམ་པ་པོའི་ནང་སེམས་ཀྱི་དམིགས་ཚད་དང་ས་ཚིགས་མི་འདྲ་བའི་ཡུལ་ལུང་གི་ཆགས་སྡང་གི་བསྡུས་གཟུགས་མཐོང་ཐུབ་པའི་སླད་དུ་བསྐྱོད་པ་ཡིན།    རྒྱུ་མཚན་གྱི་ཆེད་དུ་རྒྱུ་མཚན་བཙལ་བ་མ་ཡིན་པར།   རྒྱུ་མཚན་གང་ཞིག་ཆགས་སྡང་གིས་བསླངས་པའི་གསང་དེབ་ཀྱི་རི་བོ་བརྟོལ་ཆེད་དུ་འགྲིམས་པ་ཡིན།   

         སྤྱིར་ན་དཔེ་རྟགས་ནི་ཚོང་རའི་འཁོར་ལམ་གྱི་རང་དབང་དང་ཁྲིམས་མཐུན་འགན་བབས་ཀྱི་ཁེ་དབང་ཡོད་པས།   དཔེ་རྟགས་ནི་དཔེ་ཆ་འབྲི་མཁན་གྱི་ངོས་ནས་གཙོ་གནད་ཡིན་ཡང་།    དཔེ་རྟགས་ཁོ་ན་ལ་དམིགས་ནས་བརྩམས་ཆོས་ལ་གསར་རྩོམ་དང་གསར་གཏོད།    གསར་ལམ་གྱི་མཁའ་དབུགས་མེད་ན།    དཔེ་རྟགས་ཀྱི་མཛེས་སྡུག་དང་བསླུ་བྲིད་ཁོ་ནའི་བརྩམས་ཆོས་གང་ཞིག་དུས་སྐབས་དང་རབས་རྒྱུན་གསར་བའི་འཇིག་རྟེན་ལ་འཚམ་ཐུབ་མིན་དེ་ནི་དོན་དག་གཞན་ཞིག་གི་ངོ་བོ་ཡིན་ལ།   བརྩམས་ཆོས་ཀྱི་བླ་དང་རྣམ་ཤེས་བོར་བའི་གནས་ཀྱང་ཡོད་སྲིད།      གཙོ་བོ་བརྩམས་ཆོས་ཀྱི་ལྟ་སྤྱོད་སྙིང་བོ་དང་བདེན་པའི་གསར་གཏོད།    དངོས་ཡོད་བབ་བསྟུན།    ལོ་རྒྱུས་ཁུངས་སྣེ་ལ་འཇུག་གྱུར་ན་ནི་བརྩམས་ཆོས་ཀྱི་ཚད་གཞི་དང་མཛེས་སྡུག་གི་ཡང་སྙིང་དེ་ཉིད་དུས་ཚོད་ཀྱི་དཔང་རྟགས་སུ་བཞེངས་ངེས་ཡིན་ལ།   བརྩམས་ཆོས་ཀྱི་མིག་རྒྱང་ནི་དེ་བས་ཀྱང་གལ།  

1954668635.jpg

༼  གློག་བརྙན་དང་རྒྱང་ལྟ ༽ དེབ་གསར།

          ཁོ་བོའི་གློག་བརྙན་ཆེད་དེབ༼  གློག་བརྙན་དང་རྒྱང་ལྟ ༽ ལའང་དམིགས་བསལ་གྱི་དཔེ་རྟགས་ཙམ་གྱི་ཐོབ་ཐང་ལས་ཚད་གཞི་མཇལ་བའི་དཔེ་རྟགས་ཀྱི་གྲས་སུ་ཐེ་དཀའ་ཡང་།    ཚོང་རའི་ཁྱབ་ཁོངས་ནས་བལྟས་ན།    དཔེ་ཆའི་བྲིན་ཚད་ཀྱང་ཡག་ཤོས་སུ་འདུག     དེ་ནི་གློག་བརྙན་རྩོམ་རིག་གི་ཀློག་པ་པོ་དག་གིས་གནང་བའི་བར་སྟོང་གི་མཛེས་སྡུག་དང་དགོས་གལ་གང་ཞིག་གི་རང་དབང་ཁོངས་གཏོགས་ཡིན་ངེས།    འོན་ཀྱང་།   དཔེ་ཆ་སྒྲིག་མཁན་དང་དཔེ་ཆ་འབྲི་མཁན་གྱི་ངོས་ནས་དཔེ་ཆའི་དཔར་གྲངས་དང་ཚོང་རའི་བར་ཐག   ཀློག་མཁན་གྱི་དགོས་མཁོ་དང་རིན་ཐང་གི་ཚད་གཞི་བཅས་ཀྱི་དཔེ་ཆ་གང་ཞིག་གི་འཚོ་གནས་ཐག་བཅད་པ་ཡིན་མོད།    སྐབས་རེར་དཔེ་ཆ་འབྲི་མཁན་ངོས་ནས་དཔེ་ཆ་ཆོས་བརྩིགས་བཞིན་དུ་དཔར་ཡང་ལུང་རྡིབ་པའི་གནས་ཚུལ་ཡང་མང་པོ་མཐོང་སྲིད།     འདི་ལས་ཕལ་ཆེར་དཔེ་ཆ་གང་ཞིག་དཔར་གྱུར་ན་དཔེ་རྟགས་ཁོ་ནའི་འཁོར་ལམ་མིན་པར།  གཙོ་བོ་དཔེ་ཆའི་ནང་དོན་དང་འབྲི་ཐབས།    ལྟ་སྤྱོད་དག་གིས་ཀློག་པ་པོ་མང་པོ་ཞིག་ནང་སེམས་ལ་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་བྱུང་བ་ཡིན་ངེས།

1473087590.jpg

ས་ཚིགས་དང་པོ༼  སམ་སཱ་ར ༽ དང་གློག་བརྙན་རྩོམ་རིག་འགྲེམས་སྤེལ།

1801779713.jpg

ས་ཚིགས་གཉིས་པ༼  དབྲ་ཁྱུང་རིག་གནས་སྤྱི་གཉེར་ཁང ༽ དང་གློག་བརྙན་རྩོམ་རིག་འགྲེམས་སྤེལ།

          ཐེངས་འདིར་ཁོ་བོའི༼   གློག་བརྙན་དང་རྒྱང་ལྟ ༽ ཅེས་པ་བརྒྱུད་ལམ་གསུམ་གྱི་ལམ་ནས་དཔེ་ཆ་འགྲེམས་སྤེལ་བྱས་པ་ཡིན།  གཅིག་ནི་ཁོར་ཡུག་ཆུང་ས་དང་དུས་ཚོད་ཐུང་ངུའི་ཚད་ཐིག་བཟུང་ནས།  བོད་ཁུལ་གྱི་ཞིང་ཆེན་གསུམ་བརྒལ་ནས་དངོས་སུ་དཔེ་ཆ་འགྲེམས་སྤེལ་དང་འབྲེལ་ནས་དཔེ་ཆའི་ཐད་ཀྱི་གླེང་མོལ་དང་ཁ་བརྡ།  བརྗེ་རེས།   འགྲེམས་ཚོང་བཅས་ཀྱི་བྱེད་སྒོ་སྣ་འདུས་ཅན།  མུ་འབྲེལ་ཅན་གྱི་སྒོ་ནས་སྤེལ་བ་ཡིན།   བྱེད་སྒོ་འདི་ནི་བརྩམས་ཆོས་ལ་ཚད་གཞི་དང་མཐོ་ཚད་ལ་གཞིགས་ནས་སྤེལ་བའི་བློ་མིག་ཙམ་ནི་མ་ཡིན།     གཙོ་བོ་ཡུལ་ལུང་མང་པོ་རུ་གློག་བརྙན་རྩོམ་རིག་དང་གློག་བརྙན་གནས་སྟངས་ལ་རྒྱུས་ལོན་གང་འཚམ་དང་བག་ལ་ཉལ་བའི་ན་གཞོན་གྱི་སྡེ་ཡི་སྣང་ཚུལ་གང་ཅི་ལ་ཞར་བྱུང་དུ་ཤེས་རྟོགས་གསལ་བའི་ཆེད་དུ་ཡིན།   དེ་ནི་རྩོམ་པ་པོ་ཞིག་གི་མ་མཐའི་སྒྲུབ་སྟངས་གསར་ལམ་ཞིག་ཏུ་གོ་ན་འགྲིག་པས།  དེ་ལྟར་དུས་ཚོད་དང་བར་སྟོང་གང་ཞིག་བཙལ་སྟངས་ཤིག་ཡིན།    ཅིག་ཤོས་ནི་བོད་ཁུལ་གྱི་དཔེ་ཁང་ཁ་ཤས་སུ་བརྒྱུད་བཙོང་དང་སྡེབ་བཙོང་གི་ཐབས་ལམ་སྤྱད་དེ་དཔེ་ཆའི་ཁོར་ཡུག་གི་མངའ་ཁོངས་ཤུགས་ཆེར་བསྐྱེད་པ་ཡིན།     དེ་ནི་རྩོམ་པ་པོ་ཞིག་གི་སྲོལ་རྒྱུན་གྱི་རྣམ་པ་དང་ཁེངས་སྐྱུང་གི་འགྲོ་ལུགས་སྒྲུབ་སྟངས་ཡིན་ཤས་ཆེ།   གང་ལྟར།   དཔེ་ཆ་ནི་བརྩམས་ཆོས་ཤིག་ཡིན་ལ།  བརྩམས་ཆོས་ལ་ཤི་གསོན་གྱི་ཚེ་ཡོད་མེད་ནི་ཐད་ཀར་སྤྱི་ཚོགས་ཀྱི་ཟུར་ངོས་སོ་སོར་བཀྲམ་ནས་ཀློག་པ་པོ་མང་པོ་ཞིག་གི་ནང་སེམས་འཇིག་རྟེན་ལ་འཚམ་ཐུབ་མིན་ལ་རག་ལས་འདུག    

1418285889.jpg

ས་ཚིགས་གསུམ་པ༼  དམུ་དགེ་ཁ་ཚུབ་དཔེ་ཤག ༽ དང་གློག་བརྙན་རྩོམ་རིག་འགྲེམས་སྤེལ།

954274929.jpg

ས་ཚིགས་བཞི་བ།    ༼  མི་ལ་ཙི་ཙི་ལས་སྒྲུབ་ཁང ༽ དང་གློག་བརྙན་རྩོམ་རིག་འགྲེམས་སྤེལ།

        ཚོང་བའི་སེམས་སྟོབས་དང་ཐབས་ཤེས་མེད་ནའང་།   འོན་ཀྱང་།   དེ་རིང་གི་དུས་བབ་དང་གནས་བབ་ལ་དབྱེ་ཞིབ་བྱས་ན།    དཔེ་ཆ་བ་ནི་ལུང་ཀྱོག་དང་ལྷིང་འཇགས་ལ་རོལ་ནས་རང་སྣང་རྣམ་པར་དག་པའི་གཤིས་ནི་ཡོད་ན་ཀླད་པ་ཀོ་བའི་བཏུམས་པ་དང་འདྲ་ངེས།     དཔེ་ཀློག་དང་དཔེ་ཆ་བ་ནི་ཤེས་རབ་དང་རྣམ་དཔྱོད་ཀྱི་སྣེ་ཁྲིད་དེ་འཇིག་རྟེན་པའི་འགྱུར་བ་དང་ཕྱི་ནང་གི་་འཚོ་གནས་དང་དཔལ་འབྱོར་གྱི་ཚད་གཞི་བཟོས་ན་འོས་སུ་སྦྱོར།    བརྩམས་ཆོས་དང་ཚོང་རའི་བར་ན་ཀློག་པ་པོ་མང་པོ་ཞིག་གི་ནང་སེམས་ཀྱི་དགོས་མཁོ་དང་དངོས་ཡོད་ཀྱི་་ཤུགས་རྐྱེན་ཐེབས་སྲིད་པས།   ཐེངས་འདིར་ཁོ་བོའི་རིག་གནས་འགྲུལ་བཞུད་ཀྱི་ལམ་ཐིག་འཚོལ་སྟངས་ནི་ན་གཞོན་གསར་བའི་སྡེ་ལ་འབོད་བརྡ་ཡིན་ལ།   རྒྱང་མིག་གི་གསང་བརྡའང་ཡིན།     བརྩམས་ཆོས་གང་ཞིག་འགྲུབ་ན་ཁུ་སིམ་མར་སྒྲོམ་སྒམ་དང་དཀར་ཆ་རུ་བརྩིགས་པའི་དུས་ནི་ཡོལ་ཚར་བ་རེད།     ད་ནི་རང་གི་རྣམ་དཔྱོད་དང་སྙིང་རུས་ལས་བསྐྱེད་པའི་བརྩམས་ཆོས་ཀྱི་དཔང་རྟགས་ཆུང་ངུ་ནི་དུས་དང་གནས་ལ་ཕན་པའི་རྒྱུ་རུ་སྨིན་རྒྱུ་དེ་ནི་བརྩམས་ཆོས་ཀྱི་ཚེ་སྲོག་ངོ་མ་ཡིན།  

478280259.jpg

ས་ཚིགས་ལྔ་བ༼   ཁྲ་མོ་གླིང་གློག་བརྙན་འཕྲིན་རིག་གནས་སྤྱི་གཉེར་ཁང ༽ དང་གློག་བརྙན་རྩོམ་རིག་འགྲེམས་སྤེལ།

259738630.jpg

ས་ཚིགས་དྲུག་པ།    ༼   རྣོ་སྦྲེང་གློག་བརྙན་ཁང ༽ དང་གློག་བརྙན་རྩོམ་རིག་འགྲེམས་སྤེལ། 

      གློག་བརྙན་རྩོམ་རིག་གི་འགྲུལ་བཞུད་ལ་ས་ཚིགས་ལྔ་དང་དྲུག་ལྷག་གི་དུས་རིམ་དང་ས་ཁོངས་རེ་རེ་ནི་གློག་བརྙན་རྩོམ་རིག་གི་མཐོང་སྣེ་ནས་དེང་དུས་ན་གཞོན་དག་གི་རིག་གནས་འཚོ་སྟངས་དང་བསམ་བློའི་ཁ་དོག་ལ་དབྱེ་ཞིབ་དང་ཐོ་ཡིག་ཏུ་བཀོད་ཐུབ་ལ།      བོད་ཁུལ་གྱི་ཞིང་ཆེན་གསུམ་བརྒལ་ནས་གྲོང་ཁྱེར་དང་ཁུལ་རིམ་པ།  རྫོང་རིམ་པ།   འབྲོག་སྡེ།  ཡུལ་ཚོ་བཅས་སུ་ས་ཚིགས་མི་འདྲ་བ་མུ་འབྲེལ་བྱེད་སྒོ་སྤེལ་བ་ཡིན།   དཔེར་ན།  ས་ཚིགས་དང་པོ༼  སམ་ས་ར ༽ དང་ས་ཚིགས་གཉིས་པ། ༼  དབྲ་ཁྱུང་རིག་གནས་སྤྱི་གཉེར་ཁང ༽  ས་ཚིགས་གསུམ་པ།   ༼  དམུ་དགེ་ཁ་ཚུབ་དཔེ་ཤག ༽  ས་ཚིགས་བཞི་བ།   ༼  མི་ལ་ཙི་ཙི ༽  ས་ཚིགས་ལྔ་བ།   ༼  ཁྲ་མོ་གླིང་གློག་བརྙན་འཕྲིན་རིག་གནས་སྤྱི་གཉེར་ཁང ༽    ས་ཚིགས་དྲུག་པ ༼  རྣོ་སྦྲེང་གློག་བརྙན་ཁང ༽ སོགས་ཀྱི་གནས་དང་ཟུར་བརྒྱུད་དེ།  གློག་བརྙན་རྩོམ་རིག་གི་མཐོང་སྣེ་ནས་གློག་བརྙན་གྱི་བརྗོད་གཞི་དང་གློག་བརྙན་རྩོམ་རིག་གི་ཕྱི་ནང་རྐྱེན་འགྱུར།   གློག་བརྙན་གྱི་གནས་སྟངས་དངོས་ཀྱི་ལམ་ནས༼གློག་བརྙན་དང་རྒྱང་ལྟ༽ དང་འབྲེལ་ནས་མུ་འབྲེལ་གྱི་བྱེད་སྒོ་དེ་ཉིད་ཡོངས་འགྲུབ་ཅི་ལྕོགས་བྱས་པ་ཡིན།     གློག་བརྙན་རྩོམ་རིག་གི་བྱེད་སྒོ་འདི་ནི་ཏག་ཏག་དུས་ཡུན་གཟའ་འཁོར་གཅིག་ལྷག་གི་དུས་ཚོད་སྤྱད་དེ་བོད་ཡུལ་ལུང་བར་གློག་བརྙན་རྩོམ་རིག་གི་འགྲུལ་བཞུད་བྱས་པ་ཡིན། 

1296213876.jpg

       ༼  གློག་བརྙན་དང་རྒྱང་ལྟའི ༽ གློག་བརྙན་རྩོམ་རིག་གི་བྱེད་སྒོ་རེ་རེར་ཆེས་ཉུང་ན་མི་བཅུ་ཁ་ལྷག་དང་ཆེས་མང་ན་སུམ་ཅུ་ཡས་མས་སུ་ཕེབས་པའི་ཉན་མཁན་འོས་འཚམ་རེ་འདུག  གཙོ་བོ་སློབ་ཆེན་པ་དང་ཤེས་ཡོན་པ།     ཁེ་ལས་བ།  དགེ་རྒན།   ཁོར་སྲུང་བ།   ལས་བྱེད་མི་སྣ།  བརྙན་ལས་བ།   སློབ་མ།   གྲྭ་བ་བཅས་ཀྱིས་གྲུབ་འདུག་ལ།  ས་ཚིགས་རེ་རེ་ཡི་མིའི་ཁ་གྲངས་དང་གླེང་མོལ་གྱི་མཁའ་དབུགས།  དྲི་བ་སྣ་འདུས་ཀྱི་ཚད་རིམ།     དཔེ་ཆ་མངགས་ཉོ་ཡི་གནས་སྟངས་སོགས་ཟུར་མི་འདྲ་བ་དང་གནས་མི་འདྲ་བའི་ཁྱད་ཆོས་ཡག་པོ་རེ་འདུག     འདི་ལས་བྱེ་བྲག་ཏུ་ས་ཚིགས་ལས་བྱུང་བའི་བཤད་གླེང་གི་བརྗོད་དོན་དང་འབྲེལ་ནས་དྲི་བ་འདོན་ཚད་ནི་པད་མ་ཚེ་བརྟན་གྱི་གློག་བརྙན་དང་འབྲེལ་བའི་དྲི་བ་མང་ཤོས་ཡིན་ལ།    གློག་བརྙན་ལོ་རྒྱུས་དང་གནས་བབ་ཐད་ཀྱི་དྲི་བའི་ཁྱད་གཞིའང་ཡོད།     འོན་ཀྱང་།   གློག་བརྙན་གྱི་ཁྱབ་ཁོངས་ནས་བརྒལ་ཏེ་རྩོམ་རིག་གི་ཁྱབ་ཁོངས་དང་ཡང་ན་འབྲེལ་མེད་ཀྱི་བཤད་ཡམས་ཀྱང་ཞ་ཞོར་དུ་ཐོན་ཡོང་།   དེ་ནི་ངས་བསམ་ན་རིག་གནས་འགྲུལ་བཞུད་ཁྲོད་ཀྱི་རྒྱུན་ལྡན་གྱི་སྣང་ཚུལ་ཡིན་སྲིད་ལ་རྒྱུན་ལྡན་མ་ཡིན་པའི་སྒྲ་སྟོང་གི་སྒྲའང་ཡིན་ངེས།     ས་ཚིགས་མི་འདྲ་བའི་ལྟག་རྒྱབ་ན་རིག་གནས་ཀྱི་འཛིན་སྟངས་དང་གློག་བརྙན་གྱི་ལྟ་སྤྱོད།    བསམ་བློ་ཡི་དཔག་ཚད།     ན་གཞོན་གྱི་འཆར་སྒོ་དང་འཆར་ཡན་གྱི་བདེན་པའི་མཛེས་སྡུག་མཐོང་ཐུབ་ལ།    ཉམ་ང་བའི་གནས་སྟངས་མངོན་ལྐོག་ཅན་ཡང་མཐོང་སྲིད་པས།   གློག་བརྙན་རྩོམ་རིག་འགྲུལ་བཞུད་དེ་ནི་གཟི་བརྗིད་དང་བག་ཉལ།     སྨྱོ་ཧམ་དང་ར་རོ།     དཔའ་རྟུལ་དང་ཚུལ་འཆོས་ཀྱི་ཕྱི་ནང་རྐྱེན་འགྱུར་སྣ་ཚོགས་ཀྱིས་གྲུབ་པ་ཞིག་ཡིན།      

1962969499.jpg 

༼  གློག་བརྙན་དང་རྒྱང་ལྟའི ༽ མིང་རྟགས་དང་འགྲེམས་ཚོང་ཡུལ་དངོས།

        འདིར་དམིགས་སུ་ན་གཞོན་སྙན་ངག་པ་ལྕེའུ་ལགས་ཀྱིས་ཁོ་བོའི་གློག་བརྙན་རྩོམ་རིག༼ གློག་བརྙན་དང་རྒྱང་ལྟ ༽ཞེས་པའི་བརྩམས་ཆོས་དེའི་ས་ཚིགས་མི་འདྲ་བའི་ཟུར་ནས་མཐུན་སྦྱོར་གང་ལེགས་དང་ཐོག་མཐའ་བར་གསུམ་དུ་རོགས་འདེགས་ཅི་ལྕོགས་བརྒྱུད་དེ་འགྲེམ་སྤེལ་དང་འགྲེམས་ཚོང་གནང་བ་ཐུགས་རྗེ་མི་དམན་པ་ཞུས་པ་དང་ཆབས་ཅིག   འདས་པོ་སྙན་ངག་པ་འཕྱན་བྷང་ལགས་དང་ཇུས་འགོད་པ་ཨ་མགོན།       ས་ཚིགས་སོ་སོའི་སྣེ་ལེན་པ་བཅས་ལ་སེམས་པའི་གཏིང་རིམ་ནས་བཀའ་དྲིན་གྱི་ཡིག་འབྲུ་རེ་རེ་ནི་གློག་བརྙན་ཐོ་ཡིག་འདི་ལས་གསལ་ཡོད།     དུས་མཚུངས་སུ་གློག་བརྙན་མི་སྣ་མང་པོ་ཞིག་གི་རྒྱབ་སྐྱོར་དང་རོགས་འདེགས།    རྟེན་འབྲེལ་བཅས་ལའང་ཐུགས་རྗེ་ཆེ་ཞུས་པ་ཡིན།   

1408036529.jpg

༼  གློག་བརྙན་དང་རྒྱང་ལྟའི ༽ འགྲེམས་ཤོག་གསར་བ། 

     གློག་བརྙན་དཔེ་ཆ་ལས་བྱུང་བའི་ཆོད་སེམས་ཚིག་འབྲུ་ཞིག་གིས་གློག་བརྙན་རྩོམ་རིག་གི་ཡུལ་སྐོར་ཟིན་ཐོ་འདི་ཉིད་མཇུག་བསྡུ་བར་བྱ།    དེར༼ གློག་བརྙན་རྩོམ་རིག་ནི་ཚེར་མ་ལམ་ཆེན་ཞིག་ཡིན་པས་ན།   སྡུར་མ་རྣམས་ཀྱིས་མཐོང་ཚེ་གོམ་མཚམས་འཇོག་ངེས།   ངས་རྦད་དེ་གོམ་མཚམས་འཇོག་མི་སྲིད ༽  ཞེས་༢༠༢༢ལོའི་ལོ་སྟོད་ལ་ཟླ་ཚང་དཔལ་མཁར་རྒྱལ་ནས་གུས་འདུད་དང་བཅས་གློག་བརྙན་རྩོམ་རིག་གི་ཀློག་པ་པོ་ཡོངས་ལ་ཕུལ།  

དཔྱད་མཆན་ཡོད།