ཁྱིམ་སྐྱོང་མཁན།

2138185841.jpg

«ཁྱིམ་སྐྱོང་མཁན།»

                                                                                                                               ལོ་ཙཱ་བ། འཇིགས་བྱེད་འཚོ། 

         སྒེར་ཚུགས་འགུལ་རིས་གློག་བརྙན་བརྩམས་ཆོས་འདི་ནི་ཏེ་སི་ནི་དང་ཕེ་ཁི་སི་སོགས་གློག་བརྙན་ཀུང་སི་ཆེན་པོས་བཟོ་སྐྲུན་བྱས་པ་མིན་ལ། དྲིལ་སྒྲོག་བྱ་འགུལ་ཆེན་པོའང་ཡེ་ནས་མེད། ཡིན་ནའང་། 2018ལོར་ «ཁོ་ཁོ་»(寻梦环游记)དང་དུས་མཉམ་དུ་“ཨཱན་ནི་(Annie Awards)”གཟེངས་རྟགས་ལེན་ཐུབ་པ་བྱུང་། དེ་ནི་འཛམ་གླིང་ཡོངས་ཀྱི་འགུལ་རིས་གློག་བརྙན་ཁྱབ་ཁོངས་ཀྱི་ཆེས་མཐོ་བའི་གཟེངས་རྟགས་རེད།

            གློག་བརྙན་འདི་དར་མ་དང་བྱིས་པས་མཉམ་དུ་བལྟ་ཐུབ་པ་བྱ་ཆེད། གདུག་རྩུབ་ཀྱི་ནང་དོན་མང་པོ་ཞིག་ཐབས་མཁས་དང་ཞི་འཇམ་གྱི་སྒོ་ནས་སྒྲིག་བཟོ་བྱས་འདུག་པས།  གློག་བརྙན་ནང་དུ་ལྟ་བས་མི་གཟོད་པའི་ཁྲག་སྦྱོར་གྱི་བརྙན་མིག་མཐོང་རྒྱུ་མེད་པ་རེད།

          ཡིན་ཡང་། གློག་བརྙན་འདི་ཧ་ཅང་ལྗིད་ཏིག་གེ་བ་ཞིག་སྟེ། དེ་ནི་དོན་དངོས་རང་སྟེང་ནས་འོང་བ་ཞིག་རེད།

930317511.jpg

       ཨབ་གྷན་སི་ཐན་ཡ་གླིང་གི་དཀྱིལ་དབུས་སུ་གནས་ཡོད་པའི་རྐྱེན་གྱིས། གནའ་ནས་བཟུང་ཕྱི་དགྲ་འགོག་རྒོལ་དང་ནང་ཁུལ་ཞོད་འཇགས་ཀྱི་འཐབ་འཁྲུག་རྒྱུན་མི་ཆད་པ་རེད། 

      དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་དང་བདུན་ཅུའི་ནང་དུ། ཨབ་གྷན་སི་ཐན་གྱི་རྒྱལ་ཁམས་རེ་ཞིག་རང་དབང་དང་ལྷོད་ཡངས་ཡིན་ལ། ཕོ་མོ་རྒན་གཞོན་ཚང་མས་གང་འདོད་ཀྱི་འཚོ་བར་རོལ་ཆོག  1979ལོའི་ལོ་མཇུག་ཏུ་སུའུ་ལེན་གྱིས་ཨབ་གྷན་ལ་བཙལ་འཛུལ་བྱས་ཤིང་།  དེིའི་རྗེས་ཀྱི་ལོ་བཅུའི་ནང་ཨབ་གྷན་སི་ཐན་དུ་དམག་འཁྲུག་གི་མེ་ལྕེ་གང་སར་ཁྱབ། མི་དམངས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་ཡོད་ནའང་། སྡུག་བསྔལ་གྱི་འོབས་དོང་དུ་ལྷུང་ཡོད་པ་མ་རེད།

1446216192.jpg

         ཕུར་བན་ནཱའི་ཕ་མ་གཉིས་ནི་ལོ་རྒྱུས་དགེ་རྒན་དང་རྩོམ་པ་པོ་ཡིན་པས། ལོ་ན་ཕྲ་བའི་ཕུར་བན་ནཱ་མ་གཞི་ཨབ་གྷན་གྱི་ས་གདན་ཡག་པོའི་སྟེང་ནས་བདེ་སྐྱིད་ངང་ནར་སོན་ཆོག་པ་དང་། ནུ་མོ་དང་ནུ་བོ་སྔ་གཞུག་ཏུ་འཇིག་རྟེན་མི་ཡུལ་དུ་བལྟམས་པར་རེ་སྒུག་བྱས་ནས་བསྡད་ཆོག་ཆོག་རེད།

       ཡིན་ཡང་། ཕུར་བ་ནཱ་ལ་དྲན་འཛིན་ཡོད་པ་ནས་བཟུང་། ཁཱ་པོལ་གྲོང་ཁྱེར་ཧྲིལ་བོ་ཞིག་རོར་གྱུར་ཡོད་པ་རེད།

       ཐ་ལི་པན་གྱིས་ཁཱ་པོལ་བཙན་བཟུང་བྱས་པ་ནས་བཟུང་། ཨབ་གྷན་སི་ཐན་ནི་དམྱལ་བའི་ཁམས་ཀྱི་ཚབ་མིང་དུ་གྱུར། མིག་མེད་པའི་སྒྱོགས་མདེལ་དང་དུས་ངེས་མེད་དུ་འགད་པའི་ས་འོག་འབར་མདེལ་གྱིས་ཕུར་བན་ནཱ་ཚང་གི་གཞིས་ཀ་རྡུལ་དུ་བརླག་པ་དང་། ཨ་ཕའི་རྐང་བ་ཡ་གཅིག་དང་ལོ་ན14ལས་མེད་པའི་ཕུ་བོའི་ཚེ་སྲོག་བཅོམ།

409425123.jpg

          ཐ་ལི་པན་གྱི་ཁོངས་མི་སྟེ། སྔོན་ཆད་ཕུར་བན་ནཱའི་ཨ་ཕའི་སློབ་ཕྲུག་ཡིན་པའི་གཞོན་ནུ་ཞིག་གིས་ཕུར་བན་ནཱའི་ཨ་ཕས་ཀློག་མི་ཆོག་པའི་དཔེ་དེབ་དང་བུད་མེད་ལ་རིག་གནས་སློབ་ཀྱི་ཡོད་པ་ཐེར་འདོན་བྱས་པས།  ཕུར་བན་ནཱའི་ཨ་ཕ་ཉེས་མེད་བསྙོན་འཛུགས་ཀྱིས་བཙོན་ཁང་དུ་བཅུག

         ཐ་ལི་པན་གྱིས་གང་བྱུང་དུ་མི་གསོད་པ་དང་དཔེ་དེབ་མེར་བསྲེག་པ་སོགས་ཀྱི་གཏུམ་སྤྱོད་ལས། གཞན་ད་དུང་ཤེས་རིག་རྩ་མེད་གཏོང་བའི་བཅའ་ཁྲིམས་ནན་མོ་སྤེལ་ཏེ། ངོ་རྒོལ་གྱི་སྐད་སྒྲ་ཡོད་ཚད་འགོག་པ་དང་བུད་མེད་ཚང་མ་ལས་གནས་དང་སློབ་གྲྭ་ནས་ཕྱིར་ཁྱིམ་ལ་ལོག་དགོས་པ་དང་། བུད་མེད་ཚོ་ཕྱི་ལ་འགྲོ་བའི་གྱོན་པ་གཏན་འཁེལ་བྱས།

      ཕུར་བན་ནཱའི་ཨ་ཕ་ཁྲིམས་འགལ་འཛིན་བཟུང་བྱས་རྗེས། ཨ་མས་ཉེན་ཁ་བརྒྱུད་དེ་ཕུར་བན་ནཱ་ཁྲིད་ནས་ཕྱི་ལ་སོང་ཞིང་། བཙོན་ཁང་གི་གཙོ་འཛིན་བཙལ་ནས་དག་སེལ་ཞུ་འབུལ་བྱེད་ཐུབ་པའི་རེ་བ་འཆང་།

1159555301.jpg

         ཡིན་ཡང་ཕུར་བན་ནཱའི་ཨ་མས་“པོར་ཁ་”སྟེ་འགེབས་ལྭ་གྱོན་ཡོད་ཀྱང་། ལམ་བར་ནས་ཉེས་རྡུང་དྲག་པོ་ཕོག་པ་དང་། ཨ་ཕའི་འདྲ་པར་ཡང་སིལ་བུར་གཤགས།

         སྐབས་དེའི་ཐ་ལི་པན་གྱི་དབང་སྒྱུར་འོག  ཨ་ཕ་དང་སྐྱེས་པ། བུ་སོགས་ཀྱི་འགྲོ་རོགས་མེད་པར་བུད་མེད་གཅིག་པོ་ནི་ཕྱི་ལ་འགྲོ་མི་ཆོག་པ་དང་། ནང་སྒོས་སུ་བུད་མེད་དར་མ་ཚོ་ཕྱི་ལ་སོང་ཚེ་གནས་ཚུལ་ཅི་ཞིག་ལ་འཕྲད་པ་ནི་བཤད་དཀའ་བ་རེད། ཨ་ཕ་བཙོན་ཁང་དུ་བཅུག་པ་དང་། ནུ་བོ་ད་དུང་ལོ་ན་ཕྲ་བས་ཁྱིམ་སྐྱོང་མཁན་མེད་པར་གྱུར།

        ཐབས་ཟད་འུ་ཐུག་སྟེ། ཕུར་བན་ནཱས་རང་ཉིད་ཀྱི་རྒྱ་ལྕང་སྐྲ་ལོ་བཅད་ཅིང་། ཕུ་བོའི་ལྭ་བ་གོན་ཏེ་ཁྲོམ་སྲང་དུ་བཟའ་བཅའ་ཉོ་བར་སོང་།

1372968923.jpg

1657160516.jpg

            མོ་རང་ཧ་ལས་སུ་བཅུག་པ་ནི། འཚོ་བ་སྔར་བཞིན་ཅི་འདྲའི་དཀའ་ཚེགས་ཆེ་ནའང་། མོས་ཐེངས་དང་པོར་གཞན་གྱི་ལག་ནས་བཟའ་བཅའ་ཉོ་ཐུབ་པ་དང་། ཐེངས་དང་པོར་སྒོར་མོ་བཙལ་ཐུབ་པ་བྱུང་བ། ཐེངས་དང་པོར་མ་ཡིན་ཡིན་མདོག་གིས་ཁྲོམ་སྲང་དུ་སོང་བ་དང་གང་འདོད་དུ་འགྲོ་ཆོག་པ་བྱུང་། མོ་རང་སྔར་བཞིན་མོ་རང་ཡིན་ཡང་། མི་རྣམས་ཀྱིས་མོ་རང་“ཕོ་”ཞིག་ཏུ་ངོས་བཟུང་ཚེ། མོ་དང་ཉོ་འཚོང་བྱེད་ཆོག་པ་དང་། མོ་ལ་གླ་བྱེད་དུ་བཅུག་ཆོག་པ་རེད། མོ་རང་གཞི་ནས་ཁྱིམ་སྐྱོང་མཁན་དུ་གྱུར།

          ཕུར་བན་ནཱ་མོ་དང་འདྲ་བར་ཕོ་ལ་རྫུ་མཁན་གྱི་བུ་མོ་ཞིག་དང་འཕྲད་པ་དང་། ཁོ་མོ་གཉིས་དཀའ་སྡུག་གི་དུས་ཟིང་ཁྲོད་འཚོ་བཞིན་ཡོད། ཁོ་མོ་གཉིས་ཀྱིས་ཞི་བདེའི་སྐབས་སུ་འཕྲད་ཡོང་བའི་ལོ་20རྗེས་ཀྱི་ཁ་ཆད་དེ་སྲུང་ཐུབ་མིན་བཤད་དཀའ་ཡང་། ལམ་ལྷོང་ཡོང་བར་སྨོན། འཇིག་རྟེན་འདི་ནས་བུ་མོ་ཚོའི་གནས་བབ་མ་གཞི་ནས་སྡུག་པོ་ཡིན་ལ།  ཨབ་གྷན་སི་ཐན་ནས་དེ་བས་ཀྱང་སྡུག

75088483.jpg

         ཕུར་བན་ནཱ་ཨ་ཕ་སྐྱོབ་ཏུ་འགྲོ་བའི་སྐབས་སུ། མོས་ནམ་རྒྱུན་ནུ་བོར་བཤད་པའི་དམངས་ཁྲོད་ཀྱི་སྒྲུང་གཏམ་ཞིག་ཡིད་ལ་དྲན།

         སྒྲུང་གཏམ་ནང་དུ་དཔའ་ངར་ཞུམ་མེད་ཀྱི་བུ་ཞིག་ཡོད་ལ། ཁོས་གཞན་ཕན་གྱི་ལྷག་བསམ་དང་བྱམས་དང་སྙིང་རྗེ་ལ་བརྟེན་ནས་ལས་དབང་ལ་ཁ་ལོ་བསྒྱུར་ཏེ། མཐར་ཧམ་སེམས་ཆེ་བའི་གླང་ཆེན་སྨྱོན་པ་བཏུལ་ཏེ། རེ་བ་མཚོན་པའི་ཤིང་འབྲས་ཁྱེར་ཡོང་བ་རེད།

         ཕུར་བན་ནཱས་ཁེར་རྐྱང་དུ་བཙོན་ཁང་གི་ལྕགས་རི་མཐོན་པོའི་ཕྱི་ནས་སྲུང་བསྡད་ཡོད་ལ། མུན་རིམ་བཞིན་རུབ་པ་དང་དམག་འཁྲུག་ཉེ་སར་བཅར་འོང་། མེ་མདའི་སྒྲ་གཅིག་འཇགས་གཅིག་ལངས་སུ་གྲགས་པས། མོ་རང་ཅི་བྱ་གཏོལ་བྲལ་ཏུ་གྱུར། ལོ་ན་བཅུ་གཅིག་ལས་མེད་པའི་བུ་མོ་ཆུང་ཆུང་ཞིག་གིས་སྐབས་འདིར་རང་ཉིད་ལ་སེམས་གསོ་བ་དང་ངར་ཤུགས་སྟེར་བའི་ཐབས་ལམ་གཅིག་པོ་ནི། མོ་རང་གི་སེམས་སུ་ཡང་དང་བསྐྱར་དུ་དམངས་སྒྲུང་དེའི་མཐའ་འབྲས་ལེགས་པོ་དེ་རང་ཉིད་ལ་བཤད་པ་རེད།

651422929.jpg

          སྒྲུང་གཏམ་དེས་མོ་རང་ལ་སྙིང་སྟོབས་བསྩལ་བས། མཐའ་མཇུག་ཨ་ཕ་སྐྱོབས་ཐུབ་པ་བྱུང་།

         གློག་བརྙན་གྱི་མཇུག་ཏུ། ཕུར་བན་ནཱས་དབུགས་ཆད་ལ་ཉེ་བའི་ཨ་ཕ་དྲུད་དེ་མུན་ནག་གི་ལུང་སྟོང་བརྒལ་ནས་འགྲོ་བཞིན།  ཨ་ཕས་མོ་ལ་གསུངས་པའི་ཞལ་གདམས་སྐད་ཆུང་ངུས་བཏོན་བྱུང་།

    “ང་ཡི་ཕ་ཡུལ་ནས། མི་ལུས་ནི་རིན་ཆེན་ཡིན།

སྐད་ཆ་བཤད་ན་གནས་ལུགས་དགོས་པ་ལས་སྐད་ཤུགས་མཐོ་བ་མ་ཡིན་ཏེ།

མེ་ཏོག་ནི་ཆར་ཆུས་གསོ་བ་ལས་འབྲུག་སྒྲས་མ་ཡིན་ནོ།།”

640.gif

           དེ་རིང་ཐ་ལི་པན་གྱི་བཀག་སྡོམ་གློག་བརྙན་འདི་འོས་སྦྱོར་བྱས་པ་ཡིན་ཏེ། མི་མང་བོར་སེམས་འགུལ་ཐེབས་སུ་བཅུག་པའི་གློག་བརྙན་འདིས་ཁྱེད་ཀྱི་ཡིད་སེམས་ཀྱང་སྒུལ་ཐུབ་པར་སྨོན། «ཁྱིམ་སྐྱོང་མཁན»ཞེས་པའི་ཁྲོད་ཀྱི་བརྙན་མིག་རེ་རེ་ནི་སྔོན་ཆད་དང་ད་རེབ་ཀྱི་ཨབ་གྷན་སི་ཐན་དུ་བྱུང་དང་འབྱུང་བཞིན་ཡོད་ལ། ཐ་ལི་པན་གྱིས་ཡང་བསྐྱར་སྲིད་དབང་བཟུང་བའི་དུས་དེ་རིང་། གློག་བརྙན་འདིས་ངའི་སེམས་སུ་རང་དབང་མེད་པར་གྲང་འདར་རྒྱག་ཏུ་བཅུག་བྱུང་།


གཤམ་གྱི་འདི་མནན་ཚེ་བརྙན་ཆ་ཚང་ལ་བལྟ་ཐུབ།


  • ཟུར་བཀོད།

          སྲོག་ཉེན་ལ་ཐུག་ཀྱང་རང་གི་གློག་བརྙན་ལ་སྲུང་སྐྱོབ་བྱེད་པའི་ཨབ་གྷན་མི། http://www.filmtbt.com/news/dok/2021-08-20/1157.html

གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།