སྲོག་ཉེན་ལ་ཐུག་ཀྱང་རང་གི་གློག་བརྙན་ལ་སྲུང་སྐྱོབ་བྱེད་པའི་ཨབ་གྷན་མི།

             ཁ་སང་དང་དེ་རིང་ནངས་ཁར། སྡུག་བསྔལ་གྱིས་མནར་བའི་ཨབ་གྷན་མི་ཁྲི་མ་འབུམ་གནམ་ཐང་ཕྱོགས་སུ་རྒྱུགས་ཏེ་རང་ཉིད་ཀྱི་ཁྱིམ་གཞིས་དང་ཁ་འབྲལ་བཞིན་ཡོད།

          ཡུལ་དངོས་སུ་ཡོད་པའི་རབ་འབྱམས་པ་ས་ཧར་ར་ཁ་རི་མེ(Sahraa Karimi)གཉན་འཕྲང་ཆེ་བའི་ལོ་རྒྱུས་ཀྱི་དུས་སྐབས་འདི་དངོས་སུ་མྱོང་བཞིན་ཡོད་པས། ཁོ་མོས་བསྟུད་མརTwitterསྟེང་ཐད་གཏོང་གི་ལམ་ནས་བཤད་དོན།

           ངས་ངོས་ཀྱི་མི་དམངས་ཚོའི་འཇིགས་དངངས་དང་སེམས་ཁྲལ་མཐོང་བྱུང་། འདི་ནི་མིའི་རིགས་ཀྱི་སྐྱོ་གར་རེད།

           གལ་ཏེ་ཁྱོད་ཀྱིས་མི་ལ་ལས་ཐ་ལི་པན་ཁ་པོར་ཐོན་མེད་པས་མི་ཚོ་སྐྲག་མི་དགོས་ཟེར་བ་གོ་ན། དེ་ནི་རྫུན་ཡིན། རྒྱུ་འབྲས་ཟེར་བ་དེ་གང་དུ་ཡོད། དཀོན་མཆོག་གིས་ཁྱེད་ལ་མགོན་སྐྱོབས་གནང་ངེས། ངས་འདི་ཡོད་ཚད་ཟིན་ཐོར་འགོད་རྒྱུ་ཡིན།

1629446720129848.jpg

         ཁ་རི་མེ་ནི་ཨབ་གྷན་གྱི་སྒེར་ཚུགས་གློག་བརྙན་པ་ཞིག་ཡིན་པ་མ་ཟད། ཁོ་མོར་ད་དུང་ཐོབ་ཐང་གཞན་ཞིག་ཡོད་པ་ནི་ཨབ་གྷན་གྱི་གློག་བརྙན་དང་རིག་གནས་སྲུང་སྐྱོབ་པ་ཡིན། ཟླ་ངོ་བརྒྱད་ཀྱི་ཡར་སྔོན་ཞིག་ལ། ཁོ་མོས་ཆགས་འཇིག་ཐེངས་ཤིག་བརྒྱུད་མྱོང་ཡོད་དེ།

        ཨབ་གྷན་གྱི་རྒྱལ་ས་ཁ་པོར་རུ་ལོ་ངོ་70ལོ་རྒྱུས་ཡོད་པའི་གློག་བརྙན་ཁང་ཞིག་ཡོད། མིང་ལ༼  གློག་བརྙན་སྤྱི་གླིང་ ༽(Cinema Park)ཟེར། གློག་བརྙན་ཁང་འདི་སྐབས་དེའི་སྲིད་གཞུང་གིས་གྲོང་ཁྱེར་སྒྲིག་བཀོད་ཀྱི་མིང་ཐོག་ནས་བཙན་ཤེད་ཀྱིས་གཏོར་བཤིག་བཏང་།

       དུས་རབས་གོང་མའི་ལོ་རབས60དང་70པ་ནི་ཨབ་གྷན་ལ་མཚོན་ན་དེང་རབས་ཅན་ལ་ཕྱོགས་གྱིན་ཡོད་པས་ཨབ་གྷན་གྱི་རྫོགས་ལྡན་དུས་སྐབས་ཤིག་ཡིན། གློག་བརྙན་ཁང་ཡང་སྐྱེ་ཕོ་མོ་ཀུན་ལ་སྒོ་ཕྱེ་ཡོད་པ་མ་ཟད། འདི་གར་ཧོ་ལེ་ཝུའུ་དང་པའོ་ལེ་ཝུའུ། ཨབ་གྷན་གྱི་གློག་བརྙན་གསར་བ་དག་དུས་མཉམ་དུ་སྟོན་བཞིན་ཡོད།

webwxgetmsgimg (6).jpg

            ༼  གློག་བརྙན་སྤྱི་གླིང་ ༽ ནི་དུས་རབས༢༠པའི་ལོ་རབས་ལྔ་བཅུ་པར་བཙུགས་ཤིང་། 1979ལོར་སུའུ་ལེན་གྱིས་བཙན་འཛུལ་བྱེད་སྐབས་ཉེན་ཁ་ལས་ཐར་མོད། འོན་ཀྱང་རྗེས་ཀྱི་ཨབ་གྷན་ནང་འཁྲུག་ཁྲོད་གཏོར་སྐྱོན་ཚབས་ཆེན་ཐེབས་པས་མཐར་ཐ་ལི་པན་གྱི་དབང་སྒྱུར་དུས་སུ་སྒོ་རྒྱག་ཏུ་བཅུག

          སླད་མར༢༠༠༡ལོར་ཐ་ལི་པན་སྲིད་སྟེགས་ལས་བབས་རྗེས༼  གློག་བརྙན་སྤྱི་གླིང་ ༽ ཡང་བསྐྱར་སྒོ་ཕྱེ་མོད། སྐབས་དེའི་སྲིད་གཞུང་གི་རོགས་དངུལ་ཅི་ཡང་མ་ཐོབ།

          འཛུགས་སྐྲུན་ཁང་འདི་རུ་སྔར་བཞིན་དུ་གློག་བརྙན་བཞི་སྟོན་བཞིན་ཡོད་མོད། འོན་ཏེ་སྲུང་སྐྱོབ་བྱས་པ་མི་འདང་བས་འཛུགས་སྐྲུན་ཁོ་རང་མདེའུ་དང་འགད་རྫས་ཀྱི་འཇབ་རྒོབ་ཁྲོད་ཆག་ཆེ་ཉམ་ང་ཆེ་རུ་ཕྱིན་ཡོད།

        ལྷག་པར་དུ་སྲིད་གཞུང་གིས་ས་ཆ་འདི་ནི་ཚུལ་འཆོས་ཅན་གྱི་མི་དག་སྦས་སྐུང་བྱེད་སར་རློམ་ཏེ་གཏོར་བཤིག་གཏོང་དགོས་པའི་འབོད་སྐུལ་རྒྱུན་ཆད་ཀྱིན་མེད།

webwxgetmsgimg (8).jpg

webwxgetmsgimg (3).jpg

        ཁ་རི་མེ་ནི༼  གློག་བརྙན་སྤྱི་གླིང ༽ གཏོར་བཤིག་གཏོང་བར་ངོ་རྒོལ་བྱེད་མཁན་གྱི་གློག་བརྙན་འཁྲབ་ཁྲིད་པ་དང་སྒྱུ་རྩལ་པའི་གྲས་ཤིག་ཡིན། ཁོ་ཚོས་འདི་ནི་ཨབ་གྷན་རིག་གནས་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་ཞིག་ཡིན་པར་འདོད།

       ངོ་གདོང་མཆི་མས་བརླན་པའི་ཁོ་མོའི་བརྙན་ཐུང་དེའི་ཁྲོད་#Don’t_destroy_cinema_parkཞེས་པའི་གླེང་གཞི་འདི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་ཁྲོད་བརྒྱུད་བསྐུར་གྱི་ཚ་རླབས་འཕྱུར་ནའང་ཆོ་མེད་དེ། ཆེས་མཐའ་མར། གནའ་བོའི་འཛུགས་སྐྲུན་འདི་ས་འཕུལ་འཕྲུལ་འཁོར་གྱིས་གཏོར་བཤིག་བཏང་།

           ང་ནི་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན། གློག་བརྙན་ཁང་རེ་རེ་ནི་ངའི་ཁྱིམ་ཡིན། ཁ་རི་མེ་ན་རེ། མིག་མདུན་གྱི་ཁང་པ་བཤིག་ལ་ཉེ་བས། ངས་མཆི་མ་ཤོར། ངས་གློག་བརྙན་བཟོ་སྐྲུན་མཁན་ཐ་དག་དང་ཁ་པོར་གྱི་མི་ཚོར་དགོངས་དག་ཞུ། ངས་གློག་བརྙན་སྤྱི་གླིང་གི་གཏོར་སྐྱོན་ལ་བཀག་འགོག་བྱེད་ཐུབ་ཀྱིན་མི་འདུག

webwxgetmsgimg (2).jpg

webwxgetmsgimg (5).jpg

        སྔོན་ཆད་ལ་མཚོན་ནས་བཤད་ན་ཡང་། ཁ་རི་མེས་ཨབ་གྷན་གྱི་མིང་དུ་གྲགས་པའི་གློག་བརྙན་སྲུང་སྐྱོབ་མཁན་དབྱི་པུ་རེ་མེམ་ཨ་རི་ཧྥེ་(Ibrehim Arify)ཡི་རྗེས་འབྲངས་ཏེ་ཨབ་གྷན་གྱི་གློག་བརྙན་སྲོལ་རྒྱུན་སྲུང་སྐྱོབ་བྱ་ཆེད་གང་སར་འདུར་རྒྱུགས་བྱེད་མྱོང་།

       དུས་རབས20པའི་ལོ་རབས90པར། ཐ་ལི་པན་ཨབ་གྷན་རྒྱལ་གཉེར་གློག་བརྙན་ཀུང་ཟི་རུ་ཤོར་ནས་གློག་བརྙན་ཡོད་ཚད་མེད་བརླག་ཏུ་གཏོང་རྩིས་བྱ་སྐབས་དབྱི་པུ་རེ་མེམ་ཨ་རི་ཧྥེས་ཉེན་ཁ་ཡོད་ཚད་ཕྲག་ཏུ་འཁུར་ནས་གློག་བརྙན་ཡོད་ཚད་འཇིག་ཉེན་ལས་བསྐྱབས། ཁོས་ཨབ་གྷན་གྱི་ཕུན་སུམ་ཚོགས་པའི་རིག་གནས་ལོ་རྒྱུས་བསྟན་ཡོད་པའི་སྦྱིན་ཤོག་ཁྲི་མ་འབུམ་ཉར་ཚགས་བྱས་ཡོད་པས། གལ་ཏེ་ཐ་ལི་པན་གྱིས་གནས་ཚུལ་དེ་ཤེས་པ་ཡིན་ན་ཁོ་གསོད་ངེས།

         ཁོས་འཇིག་ཉེན་ལས་བསྐྱབས་པའི་ཨབ་གྷན་གྱི་གློག་བརྙན7000ལྷག་དུས་རབས21པའི་རྗེས་སུ་ལས་གྲོགས་རྣམས་ཀྱིས་གྲངས་འཛིན་གྱི་རྣམ་པར་བཏང་ནས་མུ་མཐུད་རྒྱུན་འཛིན་བྱས་ཤིང་། གཏམ་རྒྱུད་འདི་ཕེ་ཡེ་ཐི་ར་བྷི་རེ་ཐྲེ་ཁེ་ལེས(Pietra Brettkelly)༼  སྦྱིན་ཤོག་སྲུང་སྐྱོབ་ལས་འགན ༽(A Flickering Truth,2015)ཞེས་པའི་གློག་བརྙན་དུ་བཟོས་པས། ད་གཟོད་ཀུན་ལ་རླུང་ལྟར་གྲགས།

webwxgetmsgimg.jpg

1629447385109042.jpg

          འདི་ནི་རང་མི་རིགས་ཀྱི་རིག་གནས་དང་སྲོལ་རྒྱུན་ལ་བརྩི་མཐོང་བྱས་ཤིང་། དད་མོས་དང་སྙིང་སྟོབས་ཀྱིས་ཁེངས་པའི་གཏམ་རྒྱུད་ཅིག་ཡིན། ཏག་ཏག་ལོ་ངོ་20རྗེས་སུ། བློ་ཡིད་ལས་འགོངས་པ་ཞིག་ལ། ཨབ་གྷན་ཡང་བསྐྱར་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ལ་འཕྲད། ཨབ་གྷན་གྱི་གློག་བརྙན་དང་རྒྱལ་ཁབ་ཀྱི་ལས་དབང་གཉིས་སླར་ཡང་དམ་པོར་སྤྲེལ།

           1995ལོར། ཐ་ལི་པན་གྱིས༼  ཁ་པོར་དཔུང་སྐྱོད ༽ ཅེས་པའི་དམག་འཁྲུག་བསླངས་ཏེ་མྱུར་སྟབས་ཀྱིས་ཨབ་གྷན་གྱི་རྒྱལ་ས་ཁ་པོར་བཟུང་། ཐ་ལི་པན་ཞེས་དང་མའི་བསྟན་དོན་རིང་ལུགས་ཀྱི་རྩ་འཛུགས་འདིའི་ཁོངས་མི་མང་ཤོས་སློབ་མ་དག་དག་ཡིན་ལ། ལོ་ན་གཞོན་གཞོན་གྱི་ཁོ་ཚོས་མདའ་བོའུ་མཚོན་ཆ་བཟུང་སྟེ་རྒྱལ་ཡོངས་རང་བཞིན་གྱི་ཆབ་སྲིད་དབང་ཆ་བཙུགས། 2001ལོར༼  911 ༽ བྱུང་ནས་ཨ་རིས་གང་སར་གས་གཏོར་ཚབས་ཆེན་བཏང་བས་ཐ་ལི་པན་གྱི་དབང་སྒྱུར་མཇུག་རྫོགས། ཐ་ལི་པན་གྱིས་དབང་འཛིན་སྐབས། ཨབ་གྷན་གློག་བརྙན་ལས་རིགས་ཀྱི་མདུན་སྐྱོད་མཚམས་ཆད་པའི་ཐོག་ལ་འཕེལ་མེད་རང་སོར་གནས། གློག་བརྙན་དང་བརྙན་འཕྲིན་ལ་བལྟ་རྒྱུར་བཀག་སྡོམ་བྱས་ཤིང་། འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་ཚོད་ཚོད་མེད་པར་འཇུ་བཟུང་བྱེད་སྲིད་ལ། ཁྲི་མུན་བཙོན་དུ་བཅུག་པ་དང་ཐ་ན་རང་སྲོག་ཤོར་བའང་ཉུང་ཉུང་མིན། ཁོ་ཚོས་ཨབ་གྷན་གློག་བརྙན་ལྟེ་གནས་བཅོམ་ཆག་སྐྱ་ཉིལ་དུ་བཏང་ཞིང་གློག་བརྙན་གྱི་སྦྱིན་ཤོག་སྲེག་ཟར་འཐིམ་དུ་བཅུག ཁོ་ཚོའི་དམིགས་ཡུལ་ནི་ཨབ་གྷན་གྱི་གློག་བརྙན་རིག་གནས་ཡོད་དོ་ཅོག་རྨེག་མེད་དུ་བཟོ་རྩིས་ཡིན།

       དུས་ད་ལྟ། ཐ་ལི་པན་བསྐྱར་དུ་ལོག་བྱུང་། ཨབ་གྷན་མིས་སྲོག་ཉེན་ལ་ཐུག་ཀྱང་སྲུང་སྐྱོབ་བྱས་ནས་ཡོང་བའི་གློག་བརྙན་འདི་དག་དུས་ད་ལྟ་ལས་དབང་ཅི་འདྲ་ཞིག་ལ་འཕྲད་སྲིད་དམ། དུས་རབས་འདིར། མི་མང་ཤོས་ཤིག་ལ་མཚོན་ན། གློག་བརྙན་ནི་དེ་འདྲའི་གལ་ཆེན་དུ་མི་སྣང་ཡང་། མི་རིགས་ཤིག་ལ་མཚོན་ནས་བཤད་ན། དེས་ཉར་ཡོད་པ་ནི་མི་རིགས་ཤིག་གི་དྲན་པ་ཡིན། སྔོན་ཆད་སྲོག་ཉེན་ལ་མ་འཛེམ་པར་གློག་བརྙན་ལ་སྲུང་སྐྱོབ་བྱས་པའི་མི་དག་ལ་མཚོན་ན། འདི་ནི་ཡང་བསྐྱར་སྲོག་གི་ཉེན་ཁར་ཐུག་པའི་འདྲི་གཅོད་ཐེངས་ཤིག་ཡིན། གལ་ཏེ་གནམ་རྒན་མར་མིག་ཡོད་ཚེ། ཡང་བསྐྱར་ཐེངས་གཅིག་ལ་ཨབ་གྷན་གྱི་མི་དམངས་དང་ཁོ་ཚོའི་གློག་བརྙན་ལ་མགོན་སྐྱབས་མཛོད་ཅིག

   རྫོགས་སོ། །

webwxgetmsgimg (4).jpg

གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།