«གཅིག་དང་བཞི»ཐོ་ཁྱོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གཙོ་འགྲན་སྡེ་ཚན་དུ་ཚུད་པ།

20210928041153105723.jpg

          ས་དེ་གའི་དུས་ཚོད་དེ་ཟླ༩པའི་ཚེས༢༨ཉིན་གྱི་དུས་ཚོད༡༥:༣༠སྟེང་། སྐབས༢༤པའི་ཐོ་ཁྱོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་གཙོ་འགྲན་སྡེ་ཚན་དུ་ཚུད་པའི་མིང་ཐོ་གསལ་བསྒྲགས་བྱས་ཤིང་། དེའི་ཁྲོད་དུ་ད་ལོ་ལོ༢༤ལ་སོན་པའི་ན་གཞོན་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ཀྱིས་བཟོས་པའི་གློག་བརྙན་བརྩམས་ཆོས་ཐོག་མ«གཅིག་དང་བཞི»ཞེས་པ་བདེ་ལེགས་ངང་ཚུད་ཡོད་པའི་གཏམ་བཟང་ཐོན། དེར་མ་ཟད། ཐེངས་འདིའི་གློག་བརྙན་དུས་ཆེན་ཁྲོད་ཚུད་ཡོད་པའི་གློག་བརྙན་གཞན་དག་དང་ལྷན་དུ་གློག་བརྙན་རྩེ་གྲའི་བྱ་དགའ་རེག་ཐུབ་མིན་ལ་བརྩོན་ལེན་བྱེད་རྒྱུ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན། གློག་བརྙན«གཅིག་དང་བཞི»ནི་བོད་ཀྱི་རྩོམ་པ་པོ་འཇམ་དབྱངས་ཚེ་རིང་གི་སྒྲུང་ཐུང་ཞིག་བཅོས་སྒྲིག་བྱས་པ་ཡིན་ལ། གློག་བརྙན་བཟོ་སྐྲུན་གྱི་དཔུང་ཁག་ཐད་ནས་ཀྱང་ཧ་ཅང་སྟོབས་ཆེ་སྟེ། སྤྱིའི་ལྟ་སྐུལ་བ་ཧུའུ་ཁི་ཕིན་དང་ལྟ་སྐུལ་བ་པད་མ་ཚེ་བརྟན། སྤྱིན་པ་དང་ཝང་ཀྲིན་གཉིས་ཀྱིས་གཙོ་འཁྲབ་མི་སྣའི་འགན་འཁུར་ཡོད་ལ། ད་དུང་ཀུན་བདེ་དང་དར་རྒྱས་བསྟན་འཛིན། ཚེ་མདོ་སོགས་ཀྱིས་འཁྲབ་སྟོན་བྱས་ཡོད། ཐེངས་འདིའི་བརྙན་ལེན་པ་ནི་མིང་གྲགས་ཆེ་བའི་བརྙན་ལེན་པ་ལིའུ་སུང་ཡེ་ཡིན་ལ། སྒྲ་ལེན་པ་ནི་བོད་འབྲེལ་གློག་བརྙན་དང་ཡུན་རིང་མཉམ་འབྲེལ་བྱས་པའི་ཝང་ཧྲོ་ཡིན། སྒྲའི་མཛུབ་སྟོན་མཁན་ནི་རྒྱལ་སྤྱིའི་ཆེད་ལས་བྱ་དགའ་ཐེངས་མང་བླངས་མྱོང་བའི་ལི་ཏན་ཧྥུན་ཡིན་པ་དང་། མཛེས་རྩལ་མཛུབ་སྟོན་མཁན་ནི་བོད་སྐད་གློག་བརྙན་མང་པོའི་མཛེས་རྩལ་ཕྱོགས་ལ་འགན་འཁུར་མྱོང་བའི་སྟག་རྩེ་དོན་གྲུབ་ཡིན་ཞིང་། ཁོང་གིས་བརྙན་འདིར་ཕུན་སུམ་ཚོགས་པའི་མཛེས་རིས་བསྐྱལ་ཡོང་ལ། བརྙན་འདིའི་དྲས་སྒྲིག་མཁན་ཡང་བོད་སྐད་གློག་བརྙན་མང་པོ་དང་ལས་འབྲེལ་ཟབ་ཅིང་བརྙན་འདིར་རོགས་རེས་ཆེན་པོ་བྱས་ཡོད།

20210928041155269618.jpg

            གློག་བརྙན«གཅིག་དང་བཞི»ནི༢༠༡༩ལོའི་ཟླ༡༢པའི་ཚེས༡༩ཉིན་ཕབ་བསྐྲུན་བྱེད་འགོ་ཚུགས་ཤིང་། བར་དུ་ནད་ཡམས་ཀྱི་དབང་གིས་ཕབ་སྐྲུན་མཚམས་མི་འཇོག་ཀ་མེད་བྱུང་ཞིང་། ༢༠༢༠ལོའི་དགུན་ཁར་སླར་ཡང་ཕབ་སྐྲུན་བྱས། གློག་བརྙན་འདིར་སྔ་ཕྱིར༢༠༢༠ལོའི་ཧྲང་ཧའེ་རྒྱལ་སྤྱི་གློག་བརྙན་དུས་ཆེན་གྱི་དམིགས་བསལ་དོ་འཁུར་ལས་གཞིའི་བྱ་དགའ་དང་། ༢༠༢༡ལོའི་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་པེ་ཅིང་ཁྲོམ་རའི་ཆེས་མ་དངུལ་འཇོག་རིན་ཡོད་པའི་བྱ་དགའ་དང་། ཁྲོམ་རའི་སྟེང་ཆེས་དོ་འཁུར་བྱེད་རིན་ཡོད་པའི་བྱ་དགའ་ལ་སོགས་བསྟུད་མར་ཐོབ་མྱོང་།

          གློག་བརྙན«གཅིག་དང་བཞི»ཞེས་པར་ནུབ་ཁུལ་དང་ནག་ཉེས། ཉེན་མཆོང་སོགས་གཏམ་རྒྱུད་བརྗོད་ཐབས་སྣ་མང་ཞིག་མཉམ་དུ་འདྲེས་འདུག་ལ། གློག་བརྙན་རང་སྟེང་གི་བཟོ་རྩལ་གྲ་མ་ཆག་གྲུ་མ་ཉམས་ཤིང་གློག་བརྙན་ལག་རྩལ་ལ་བྱང་ཆུབ་ཡོད་ཚོད་རེད། བོད་ཀྱི་གློག་བརྙན་རིགས་གསར་བ་ཞིག་ལ་ཚོད་བགམ་བྱེད་བཞིན་པའི་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ལ་མཚོན་ན། ཁོང་གི་གློག་བརྙན་འདིར«རཱ་ཤོ་མོན»ལྟ་བུའི་གཏམ་རྒྱུད་ཀྱི་སྒྲིག་ལུགས་ཡོད་པ་མ་ཟད། གློག་བརྙན་ཁྲོད་བོད་པའི་རིག་གནས་ཀྱི་ལྐོག་གྱུར་རང་བཞིན་ཞིག་གིས་ཁྱབ་ཡོད། དེ་བས་འཁྲབ་ཁྲིད་པས་གསར་རྩོམ་བྱེད་སྐབས་ཀྱང་འདི་ལྟར་བཤད་མྱོང་བ་ཇི་བཞིན། འདི་ནི་དོན་དངོས་དང་གཉན་འཕྲང་ལ་འབྲེལ་བའི་ནགས་ཁྲོད་ཀྱི་གཏམ་རྒྱུད་ཅིག་ཡིན་ཟེར།

          གློག་བརྙན་འདིའི་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་རུ་འཁེལ་ཡོད་ལ། ཁ་ཆར་བུ་ཡུག་འཚུབ་པའི་གདོད་མའི་ནགས་ཚལ་ཞིག་ཏུ་ཆ་མེད་མགྲོན་པོ་གསུམ་ཐོན་པ་དང་བསྟུན་ནས་གཏམ་རྒྱུད་རེ་རེ་བཞིན་བཀྲམས་ཡོད།

20210928041153387857.jpg

          འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ནི༡༩༩༧ལོར་མཚོ་སྔོན་ཁྲི་ཀ་རུ་སྐྱེས་ཤིང་། ༢༠༢༠ལོར་པེ་ཅིན་གློག་བརྙན་སློབ་གླིང་གི་འཁྲབ་ཁྲིད་པའི་སྡེ་ཁག་ཏུ་དངོས་གཞི་སློབ་མཐར་ཕྱིན། སློབ་གྲྭ་དེ་ག་རུ་བརྙན་ཐུང་ཁ་ཤས་བཟོས་མྱོང་བ་མ་ཟད། སྐད་གྲགས་ཆོད་པའི་འཁྲབ་ཁྲིད་པ་ཁ་ཤས་མདུན་ནས་དངོས་སྦྱོང་གི་ལས་ཀ་གཉེར་མྱོང་བས་ཉམས་མྱོང་མི་ཉུང་བ་བསགས་ཡོད། ཁོས༢༠༡༧ལོར་ཕབ་པའི་དངོས་བཤུས་བརྙན་ཐུང་« ཁོ་ཚོས་མཐོ་སྒང་ན་གློག་བརྙན་བཟོ་བཞིན་འདུག»ཅེས་པར་དབྱིན་ཇི་རུ་ཡོད་པའི་རྒྱ་སྐད་སྒེར་ཚུགས་གློག་བརྙན་ཡིག་ཚགས་ཁང་དུ་གཏན་ཉར་བྱས། གློག་བརྙན་འདི་བཟོ་བར་ཡང་ཏག་ཏག་ལོ་ངོ་གསུམ་གྱི་དུས་ཡུན་འགོར་ཡོད།


གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།