ཁྱི་གུ་སེར་རིལ་མའི་བྲག་ཁུང་།

  ཁྱི་གུ་སེར་རིལ་མའི་བྲག་ཁུང་ཞེསཔའི་གློག་བརྙན་འདི་ནི་སོག་པོའི་བུད་མེད་འཁྲབ་ཁྲིད་པ་སྤེན་པ་སྲུང་ཟླ་བས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཞིག་ཡིན་ལ། གློག་བརྙན་འདིར་འཇར་མན་གྱི་མའོ་ཉས་ཧའེ་རྒྱལ་སྤྱིའི་གློག་བརྙན་འགྲེམ་སྟོན 慕尼黑国际影展 Munich International Film Festival གྱི་ལྟ་མཁན་འདེམས་ཤོག་རྩེ་གྲའི་གློག་བརྙན་གྱི་བྱ་དགའ་ཐོབ་མྱོང་།

འཁྲབ་ཁྲིད་པ་སྤེན་པ་སྲུང་ཟླ་བའི་པར།

  སོག་པོའི་བུ་མོ་ཆུང་ཆུང་ན་ཧྲ娜莎ཟེར་བ་ཞིག་གིས་བྲག་ཁུང་ཞིག་གི་ནང་ནས་ཁྱི་གུ་ཞིག་རྙེད་དེ་ཕྱིར་རང་ཁྱིམ་དུ་བསུས། ཡིན་ཅང་ཁོ་མོའི་ཕ་རྒན་གྱིས་རི་ཁ་ན་འཚོ་བའི་ཁྱི་དག་ནི་སྤྱང་ཀི་ལྷན་ཏུ་འཚོས་ཡོད་པས་ཉེན་ཁ་ཆེ་ཞེས་བུ་མོར་ཁྱི་གུ་དེ་ཁྱིམ་དུ་བསུ་རུ་མ་བཅུག་མོད། འོན་ཀྱང་། བུ་མོས་ཁྱི་གུ་དེ་ཁྱིམ་མིས་མི་མཐོང་བར་བྱས་ནས་བདག་སྐྱོང་བྱས། བློ་ཡུལ་ལས་འདས་བ་ཞིག་ལ་ཕ་རྒན་གྱིས་དང་ལེན་བྱེད་ཀྱི་མེད་པས་ཁྱི་གུས་ལྷག་བསམ་གྱིས་ཁྱིམ་མི་ཡོངས་ཀྱི་ལྟ་ཚུལ་བསྒྱུར་བ་མ་ཟད། ཁོའང་ཁྱིམ་ཚང་དེའི་བཟའ་ཚང་དག་གི་ཁྲོད་དུ་ལུས་སེམས་གཉིས་ཀ་མཉམ་ཞུགས་བྱ་ཐུབ་སོང་།

  གཏམ་རྒྱུད་ཅུང་ཇེ་ཞིབ་ཏུ་བཏང་ནས་བཤད་ན། ན་ཧྲ་ཟེར་བའི་བུ་མོ་དེ་ཚང་ནི་མཐའ་མེད་པའི་རྩྭ་ཐང་སྟེང་འཚོ་བ་རོལ་བའི་སོག་པོའི་ཁྱིམ་ཚང་ཞིག་ཡིན།སློབ་ལོ་རན་པའི་ལོ་དེར་མོ་ཡང་མཁར་གྲོང་དུ་སོང་ནས་སློབ་ཞུགས་བྱས་ཤིང་། དབྱར་གནང་བཏང་ནས་ཡུལ་ལ་ལོག་དུས། མོ་ཚང་ལ་མ་གཞི་ནས་ཁྱི་གུ་ཞིག་ཡོད་པ་ཤི་འདུག་པ་མ་ཟད་ཕ་རྒན་གྱིས་ཁྱི་གུ་དེ་དུར་སྦས་ཀྱང་བྱས་འདུག བུ་མོར་སེམས་སྡུག་མི་ཡོང་བའི་ཆེད་དུ། ཕ་རྒན་གྱིས་འབ་སྒྲ་འདོན་ཤེས་ཞིང་གོམ་པ་ཡང་ལེན་པའི་གཟུགས་ཁྱི་དང་འདྲ་བའི་རྩེད་ཆས་ཞིག་ཉོས་མོད། འོན་ཀྱང་བུ་མོ་རྩེད་ཆས་དེར་སྤྲོ་བ་ཅུང་ཙམ་ཡང་འཕེལ་མ་བྱུང་།
  རྗེས་ནས་བུ་མོས་བྲག་ཁུང་ཞིག་གི་ནང་ནང་ཁྱི་གུ་ལྡོམ་པོ་ཞིག་རྙེད་དེ་ཕྱིར་རང་ཁྱིམ་དུ་བསུས་ནས་ཡོང་། ཡིན་ཅང་མོའི་ཕ་རྒན་གྱིས་གར་ཡོང་མི་ཤེས་པའི་ཁྱི་གུ་ལྡོམ་པོ་དེ་སྤྱང་ཀི་ལྷན་ཏུ་འཚོ་བ་རོལ་མྱོང་བས་ཁྱིམ་དུ་བསུས་ན་ཁོང་ཚང་གི་ལུག་ལ་གནོད་པ་ཐེབས་འགྲོ་བར་དོགས་ནས་དང་ལེན་བྱས་མ་སོང་།

  མིག་མདུན་དུ་གཤམས་པའི་བྱ་དངོས་རེ་རེ་ཐོབ་སྲིད་པའི་ངེས་པ་ནི་མེད་མོད། ཡིན་ཅང་བུ་མོ་ན་ཧྲ་དངོས་ནས་ཁྱི་གུ་ལྡོམ་པོ་དེར་སྤྲོ་བ་འཕེལ་བས་ཕ་རྒན་གྱིས་མི་མཐོང་བར་བྱས་ཏེ་སྔར་བཞིན་གསོ་ཉར་བྱེད་རྒྱུའི་སེམས་ཐག་བཅད། མཇུག་མཐར་ཕ་རྒན་གྱིས་དོན་དེ་ཤེས་སོང་། ཁྱི་གུ་དེ་གསོ་ཉར་བྱེད་པའི་ཆེད་དུ། བུ་མོ་ན་ཧྲ་རྩྭ་ཐང་ནས་མགོ་འཁོར་བར་སྡོད་དུས་མོ་རྩིས་ལ་བྱང་ཆ་དོད་པའི་ཁེར་སྡོད་ཨ་མ་རྒན་མོ་ཞིག་གིས་རོགས་རམ་ཐོབ།
  བུ་མོ་ན་ཧྲས་ཨ་མ་རྒན་མོ་དེར་སྐྱེ་མ་རྗེས་མར་ད་དུང་མི་ལུས་བླངས་ཆོག་གམ་ཞེས་དྲིས་པ་ལ། ཨ་མ་རྒན་མོས་འབྲས་ལྡོག་གཅིག་ཁབ་ཀྱི་རྩེ་མོར་གཏད་ནས་འཕེན་དུ་བཅུག བུ་མོས་ཚོད་ལྟ་ཡང་ཡང་བྱས་ཀྱང་འབྲས་ལྡོག་དེ་ཁབ་ཀྱི་རྩེ་མོ་ནས་མི་སྡོད་པར་ས་རུ་ཡང་ཡང་ཟེགས། དེ་ལ་ཨ་མ་རྒན་མོས་མི་ལུས་ལེན་རྒྱུ་ནི་འདི་ལྟར་ཤིན་ཏུ་དཀའ་བ་རེད། འདི་ནི་ཚེ་སྲོག་གི་རིན་ཐང་ཀྱང་ཡིན་ཞེས་བཤད།

  དབྱར་ཁ་རིམ་གྱིས་འདས་ཞིང་། བུ་མོ་ན་ཧྲ་ཚང་གི་མཚེར་ས་གཞན་ཞིག་ཏུ་གནས་སྤར། ཕ་རྒན་གྱིས་ཁྱི་གུ་ལྡོམ་པོ་དེ་མཚེར་ཤུལ་ནས་ས་ལ་བཏེགས་ཏེ་གསོ་ཉར་བྱས་མི་ཆོག་བཀའ་བསྒོས། ལམ་ཐག་རིང་ཙམ་སོང་བའི་རྗེས་ནས་ན་ཧྲའི་ནུ་བོ་མཐོང་རྒྱུ་མི་འདུག་ཚོར་བས་ཕ་རྒན་མྱུར་མོར་ཕྱིར་མཚེར་ཤུལ་དུ་རྒྱུགས། བློ་ཡུལ་འདས་པ་ཞིག་ལ།བྱ་རྒོད་མང་པོ་ས་རུ་བབས་ཏེ་ན་ཧྲའི་ནུ་བོ་ཟ་བར་རྩོམ་དུས་ཁྱི་གུ་ལྡོམ་པའི་འདོགས་ཐག་བཅད་དེ་བུ་ཆུང་དེའི་འགྲམ་དུ་རྒྱུགས་ནས་སྲོག་བསྐྱབས། ཕ་རྒན་གྱིས་དོན་དེ་མཐོང་བས་སེམས་འགུལ་གྱིས་ཁྱི་གུ་ལྡོམ་པོ་དེ་དང་ལེན་བྱས་སོང་བར་མ་ཟད། སྐབས་དེ་ནས་བཟུང་ཁྱི་གུ་དེའང་བུ་མོ་ན་ཧྲ་ཚང་གི་བཟའ་ཚང་གི་གྲས་སུ་གཞི་ནས་ཚུད་པར་གྱུར།

  སོག་པོ་ཡིན་ནའང་འདྲ། བོད་པ་ཡིན་ནའང་འདྲ། ཁྱི་ནི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། རང་རེ་བོད་པ་ལ་མཚོན་ནས་བཤད་ནའང་། ཉིན་མོའི་མི་དང་མཚན་མོའི་ཁྱི་ཞེས་མཚན་མོའི་དུས་སུ་ཁྱིས་ཁྱིམ་མིས་ཚབ་བྱས་ཏེ་སྒོ་ཕྱུགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། ཁྱིམ་མི་དང་སྒོ་ཁྱིའི་བར་ལའང་འདངས་བརྩེ་ཟབ་མོ་ཡོད། ཁྱིམ་གྱི་མི་ལ་སྙིང་ལངས་ན་སྒོ་ཁའི་ཁྱི་ལ་རྡོ་བས་རྒྱོབ་ཞེས་པའི་ཁ་དཔེ་འདི་དག་ལས་ཀྱང་སྒོ་ཁྱི་ནི་ཁྱིམ་ཚང་ཞིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་ཤེས་ཐུབ། གློག་བརྙན་འདིར་གླེང་བའི་ཁྱི་གུ་ལྡོམ་པོ་དེའི་ལྷག་བསམ་ལས་ཁོའི་ཁྱིམ་མིའམ་བདག་པོར་བཅངས་པའི་མཛའ་བརྩེ་ཤེས་ཐུབ་སྟེ། དང་པོ་ཁོ་རང་བྲག་ཁུང་ཞིག་ཏུ་མགོན་མེད་སྐྱབས་མེད་ཀྱིས་འཚོ་བའི་དུས་སུ་བུ་མོ་ན་ཧྲས་གཉོར་སྐྱོང་བྱས་པ་དེས་དྲིན་བཟོ་ཞེས་ནའང་འདྲ། ཤན་ཤུགས་ཞེས་ནའང་འདྲ། གང་ལྟར་མི་དང་འབྲེལ་འདྲིས་ཀྱི་གོ་རིམ་ཁྲོད་ནས་ཁྱི་གུ་ལྡོམ་པོ་འདིར་ཡང་རང་བཞིན་མི་གཤིས་མངོན་ཡོང་སྟེ། བོད་ཀྱི་རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ«ཧྭ་པ་གསོས་པའི་ཟིན་བྲིས»ཞེས་པའི་ནང་དུ་འདི་ལྟ་བུའི་ཚིག་ཞིག་འཁོད་ཡོད་དེ།སྤྱིར་བཏང་ན་བཤད་ན་ཁྱི་གཤིས་ཀྱི་ཕྱེད་ཀ་ནི་མི་གཤིས་ཡིན་ལ། གལ་ཏེ་ཁྱི་གཤིས་དང་འབྲེལ་བའི་མི་གཤིས་དེའང་ཡལ་བར་དོར་ཚེ་ད་ནི་སྤྱང་ཀི་རུ་གྱུར་བ་མ་ཡིན་ནམ། མི་གཤིས་དང་ཁྱི་གཤིས་ལ་བར་ཐག་ངེས་ཅན་ཞིག་ཡོད་ནའང་། ལན་རེར་བསམ་བློ་བཏང་ན་མི་གཤིས་ཀྱི་ཕྱེད་ཀའང་ཁྱི་གཤིས་ཡིན་པའི་བསམ་ཚུལ་སྐྱེས་འོང་། ཚང་མས་ཁྱི་བཟང་བོ་ཞིག་རེད་ཅེས་བཤད་དུས་ཁྱི་དེར་མི་གཤིས་ཀྱི་དཔྱ་མང་ཙམ་ཡོད་པར་གོ་བ་དང་། མི་དེ་ངན་པ་ཞིག་རེད་ཅེས་ནའང་མི་དེར་ཁྱི་གཤིས་ཀྱི་ཆ་མང་ཙམ་འདྲེས་ཡོད་པའི་ནང་དོན་རེད”ཞེས་པ་བཞིན། གློག་བརྙན་འདིའི་ཁྲོད་ཀྱི་ཁྱི་གུ་ལྡོམ་པོ་དེས་ང་ཚོ་ལ་བསམ་གཞིགས་ཀྱི་བར་སྟོང་ཆེན་པོ་ཞིག་གནང་ཡོད།

དཔྱད་མཆན་ཡོད།