གློག་བརྙན«མཛེས་སྡུག་གི་མི་ཚེ»ཡི་དོན་བརྗོད་བྱེད་ཐབས་ལ་དཔྱད་པ།

          p2561279515.jpg

             ནང་དོན་གནད་བསྡུས། «མཛེས་སྡུག་གི་མི་ཚེ»ཞེས་པའི་གློག་བརྙན་འདི་ནི་སྤྱི་ལོ1997ལོར་དབྱི་ཐ་ལི་ནས་ཐོག་དང་པོར་བསྟན་པ་དང་། རྗེས་སུ་འཛམ་གླིང་གང་སར་བསྟན་པས་འཛམ་གླིང་ཡོངས་ནས་དགའ་བསུ་ཆེན་པོ་ཐོབ། གློག་བརྙན་འདིས་འཁྲུག་ཆེན་གཉིས་པ་རྒྱབ་ལྗོངས་སུ་བཟུང་ནས་བརྩེ་དུང་(爱情)དང་བརྩེ་བའི་(亲情)རང་དབང་གི་མཛེས་པ་གསལ་རྫོགས་སུ་བསྟན་ཡོད་པས་ཡིན། དཔྱད་རྩོམ་འདིར་འཁྲབ་ཁྲིད་པས་ཅིའི་ཕྱིར་བརྩེ་དུང་དང་བརྩེ་བ། རང་དབང་གི་མཛེས་པ་གསལ་རྫོགས་སུ་སྟོན་ཐུབ་པའི་རྒྱུ་རྐྱེན་ལ་དཔྱད་ཡོད་དོ། །

               ཐ་སྙད་གཙོ་བོ།  དོན་བརྗོད་བྱེད་སྟངས། གློག་བརྙན། བརྩེ་དུང་། བརྩེ་བ།


 གླེང་སློང་བ།

         གློག་བརྙན་འདི་ནི་དབྱི་ཐ་ལའི་འཁྲབ་ཁྲིད་པ་དང་སྤྲོ་གར་འཁྲབ་སྟོན་པ་གྲགས་ཅན་རོ་བྷོ་ཐུ·བྷེ་ནིས་ནིས(Roberto Remigio Benigni)ཀྱིས་འཁྲབ་ཁྲིད་དང་འཁྲབ་སྟོན། འཁྲབ་གཞུང་བཅོས་སྒྲིག་བཅས་འགན་གཅིག་ལྕོག་ཏུ་བཞེས་ནས་གྲུབ་པའི་བརྩམས་ཆོས་རྨད་དུ་བྱུང་བ་ཞིག་རེད། གློག་བརྙན་འདིའི་ནང་དོན་ནི་སྔ་དུམ་ཕྱི་དུམ་ཆ་གཉིས་སུ་དབྱེ་ཡོད་ཅིང་། སྔ་དུམ་ནི་བརྩེ་དུང་(爱情)གཙོ་སྐུད་དུ་བྱས་ནས་ཅུང་སིལ་བའི་རྣམ་པ་ཅན་གྱི་གཏམ་རྒྱུད་ཀྱི་ངོས་དུ་མ་ཕྱོགས་གཅིག་ཏུ་བརྒྱུས་ནས་གྲུབ་པ་ཞིག་རེད། སྔ་དུམ་ལས་མི་སྣ་གཙོ་བོ་ཅིས་རྡོ(基多)སྟེས་དབང་གིས་རྡོ་ལར་(多拉)འཕྲད་པས། དུས་སྐད་ཅིག་མ་དེ་ནས་ཁོ་རང་དབང་མེད་པར་རྡོ་ལར་ཡིད་ཤོར། ཡིན་ཡང་ཁོ་གཉིས་ཀྱི་སྤྱི་ཚོགས་ཀྱི་གོ་གནས་ཧེ་བག་ཆེན་པོ་ཡོད་པས། བརྩེ་དུང་ལ་འགོག་རྐྱེན་སྣ་ཚོགས་པ་ཞིག་འཕྲད། འོན་ཀྱང་ཅིས་རྡོས་ཁོའི་རང་གི་ཤེས་རབ་དང་། སྤྲོ་བག་ཅན་གྱི་གཤིས་ཀ་དང་བསྟན་བཤིག་ཚ་པོའི་སྤྱོད་པ་ལ་བརྟེན་ནས་རྡོ་ལའི་སེམས་ཡོངས་སུ་བཀུག་ཅིང་། ཁོས་རྡོ་ལའི་གཉེན་སྟོན་ཁྲོད་རྡོ་ལ་རྟའི་གོང་ལ་བསྐྱོན་ནས་བྲོས་པ་དང་། ཁོ་གཉིས་མེ་ཏོག་གི་ཁང་ཆེན་ཞིག་ཏུ་ཕྱིན་པ་དང་བསྟུན་ནས་སྔ་དུམ་མཇུག་རྫོགས་པར་བྱས་ཡོད།

         གློག་བརྙན་འདིའི་ཕྱི་དུམ་ནི་གོང་དུ་བརྗོད་པའི་མེ་ཏོག་ཁང་ཆེན་ནས་ཁོང་གཉིས་ཀྱི་བྱིས་པས་རྩེད་ཆས་ཀྱི་རླངས་འཁོར་ཆུང་ཆུང་ཞིག་འདྲུལ་བཞིན་བརྙན་མིག་ཏུ་མངོན་བྱུང་བ་ནས་འགོ་བརྩམས་པར་བྱས་ཡོད། འཁྲབ་ཁྲིད་པའི་དུས་བར་དུ་དུས་ཚོད་ཀྱི་བར་བརྒལ་ཆེན་པོ་བྱས་ཡོད། ཕྱི་དུམ་དུ་གཙོ་བོ་ཅིས་རྡོ་དང་ཁོའི་བུའི་བར་གྱི་བརྩེ་བ་(亲情)གཙོ་སྐུད་དུ་བཟུང་ནས་གཏམ་རྒྱུད་བརྗོད་པ་ཞིག་སྟེ། ནམ་ཞིག་ཁོ་ཚོ་གསུམ་གློ་བུར་དུ་ཧྥ་ཤི་སིའི་དམག་གིས་འཛིན་བཟུང་བྱས་ཤིང་། ཅིས་རྡོས་རང་གི་བུའི་བསླད་མེད་པའི་ནང་སེམས་ལ་འཇིགས་སྐྲག་དང་མུན་ནག་གི་སྟོབས་ཤུགས་ཀྱིས་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ། ཁོས་ཁོ་གཉིས་བཟུང་བའི་ཉིན་མོ་ནས་བཟུང་རང་གི་བུ་ལ་ཧ་ཅང་སྐྱི་གཡའ་བའི་དོན་དག་དེ་རོལ་རྩེད་ཅིག་ཡིན་པར་ཁ་བསྒྱུར་ཅིང་། ཁོ་གཉིས་བཙོན་དུ་བཟུང་རྗེས་འཕྲད་པའི་དོན་དག་རེ་རེ་ཡང་རོལ་རྩེད་དུ་བཀབ་པ་དང་། ཅིས་རྡོས་རང་གི་བུ་ཡིད་ཆེས་པའི་སླད་དུ་ཁོ་རང་གསོད་པའི་མཐའ་མའང་འཛུམ་མདངས་ཕྱུང་། བསྟན་བཤིག་གི་བྱ་སྤྱོད་བྱེད་བཞིན་བུས་མི་མཐོང་སར་ཕྱིན་ནས་རང་གི་ཚེ་སྲོག་མཇུག་རྫོགས་པར་བྱས། མཐའ་མར་ཧྥ་ཤི་སའི་དམག་ཕམ་རྗེས། ཁོའི་བུ་ཆུང་དང་ཆུང་མ་བཙོན་ལས་ཐར་ཞིང་། ཁོའི་བུ་ཆུང་གི་ལམ་ནས་ཐེངས་དེའི་འཛིན་བཟུང་ནི་རོལ་རྩོད་ཅིག་གི་ངོས་ནས་མཇུག་རྫོགས་པ་ཞིག་ཏུ་གྱུར་ཅིང་། བཙོན་ནས་ཐར་རྗེས་ཁོའི་བུ་ཆུང་ལ་ཐན་ཁེ་དངོས་མ་ཞིག་ཐོབ་པར་བརྟེན། གློག་བརྙན་མཇུག་རྫོགས་ཁར་བུ་ཆུང་གིས་སྐད་གསེང་མཐོན་པས་“ང་ཚོ་རྒྱལ་སོང་”ཞེས་ཟེར་བ་དང་མཉམ་དུ་གློག་བརྙན་ཡོངས་སུ་མཇུག་རྫོགས་ཡོད།

        དེས་ན་ང་ཚོས་ངེས་པར་བསམ་དགོས་པ་ཞིག་ནི་འཁྲུག་ཆེན་གཉིས་པ་རྒྱབ་ལྗོངས་སུ་བྱས་པའི་གློག་བརྙན་དག་ནི་ཤིན་ཏུ་སྡུག་རྩུབ་དང་ཁྲག་དྲིས་ཁེངས་ནས་ཡོད་ཅིང་། མིའི་སེམས་ལ་ཤུགས་ཆེན་པོའི་སྒོ་ནས་འཇིགས་སྐྲག་དང་དངངས་འདར་བྱེད་དུ་འཇུག་པ་ཞིག་ཅིས་ཀྱང་ཡིན། དཔེར་ན《ཞི་ཏིག་ལེ་ཡི་མིང་ཐོ》སོགས་ལས་མངོན་པ་ནི་དམྱལ་བ་མི་ཡུལ་ལ་འཕོས་པ་བཞིན། དེ་རུ་སྙིང་རྗེ་དང་བདེ་སྐྱིད་ཀྱི་འོད་ཟེར་ནི་སྐད་ཅིག་ཙམ་ཡང་འཕྲོ་དབང་མེད་པར། གཉའ་གནོན་དང་དམར་གསོད། བཙན་གཡེམ་སོགས་ལས་མ་འདས། འོན་ཀྱང་སྔར་བཞིན་འཁྲུག་ཆེན་གཉིས་པ་རྒྱབ་ལྗོངས་སུ་བྱས་པའི་«མཛེས་སྡུག་གི་མི་ཚེ»ཞེས་པ་ནི་དེ་ལྟ་མིན་པར། མི་སེམས་ལ་སྟེར་བ་ནི་དགའ་བ། སྤྲོ་བ། མཛེས་པ། བག་སྤྲོ་བར་བྱེད་པ་ཞིག་ཡིན། དེ་ན་དེ་ནི་ཅིའི་ཕྱིར་དེ་འདྲ་ཞིག་ཡིན་ཞེ་ན། རྒྱུ་མཚན་གཙོ་བོ་གཅིག་ནི་དེའི་དོན་བརྗོད་བྱེད་སྟངས་ལ་རག་ལས་པའོ།།

1605943455424766.jpg

གཅིག བྱིས་སྒྲུང་གི་དོན་བརྗོད་བྱེད་ཐབས་དང་སྤྲོ་གར་གྱི་རྒྱུ།

          གོང་དུ་བརྗོད་པ་ལྟར་ཅིས་རྡོ་སྟེས་དབང་གིས་རྡོ་ལར་འཕྲད་ཅིང་། ཡང་སྐད་ཅིག་གིས་ཡིད་དབང་བཀུག་པ། ཅིས་རྡོ་འགོ་ཁྲིད་པར་བརྫུས་ནས་ཁོ་མོར་ལྟ་རུ་ཕྱིན་པ། མཐར་མོ་རང་གཉེན་སྟོན་གྱི་གསེང་ནས་འཕྲོག་པ་སོགས་ནི་བྱིས་སྒྲུང་གི་དོན་བརྗོད་བྱེད་སྟངས་ཤུགས་ཆེ། ཡང་དཔེར་ན་གློགབརྙན་གྱི་ཕྱི་དུམ་དུ་འཇར་མན་གྱི་དམག་དཔོན་གྱིས་ཁོ་ཚོ་བཙན་བཀའ་གཏོང་དུས་ཁོས་འཇར་སྐད་མི་ཤེས་བཞིན་དུ་སྐད་བསྒྱུར་བྱས་པ། བཙོན་ཁང་གི་རྒྱང་སྒྲོག་ལས་ཆུང་མ་ལ་གླུ་དབྱངས་བཏང་བ་སོགས་ནི་བྱིས་སྒྲུང་དོན་བརྗོད་བྱེད་སྟངས་ལྟར་འཕྲུལ་སྣང་དང་དགའ་བ། སྟབས་བདེས་ཕྱུག་པ་ཞིག་རེད། སྐབས་ལན་རེར་དོན་གྱི་བྱུང་བ་དེ་དག་ནི་ཡིད་ལ་ཅུང་འཕྲོ་དཀའ་ཙམ་དུ་སྣང་། འོན་ཀྱང་ང་ཚོས་དེ་ལ་བྱིས་པའི་འཕྲུལ་སྣང་ལྟ་བུའི་དོན་བརྗོད་ཙམ་ཞིག་རེད་ཅེས་མཐོང་ཆུང་བྱེད་མི་རུང་དེ། རྒྱུ་མཚན་འཁྲད་ཁྲིད་པས་ང་ཚོ་ལ་སྟོན་པར་འདོད་པ་ནི་བྱིས་སྒྲུང་ལྟ་བུའི་དོན་དག་དེ་དག་མ་ཡིན་པར། དོན་དག་དེ་དག་གི་རྒྱབ་ལ་ཉར་བའི་སླད་མེད་ཀྱི་བརྩེ་བ་མཚོན་ཆེད་ཡིན། དོན་བརྗོད་བྱེད་སྟངས་དེས་སྔར་ན་མེད་པའི་ནུས་པ་ཞིག་ཐོན་ཡོད་པས། ང་ཚོས་སྔར་ལས་བྷི་ནིས་ནིས་ཀྱི་ཤེས་རབ་ལ་ཡི་རངས་བྱེད་དགོས་པ་ཞིག་ཏུ་ཆགས། བྷོ་རྡི་ཝེར་གྱིས་གསུངས་པ་ལྟར་དོན་བརྗོད་ནི་མིའི་རིགས་ཀྱིས་འཇིག་རྟེན་འཛིན་པར་བྱེད་པའི་གཞི་རྩའི་ཐབས་ལམ་ཞིག་ཡིན་གསུངས་པ་ལྟར།( 波德威尔说:“叙事是人类把握世界的一个基本途径”。) རྩོམ་པ་པོ་དང་སྒྱུ་རྩལ་པ་སུ་ཞིག་ཡིན་རུང་དོན་བརྗོད་བྱེད་སྟངས་ལ་དབང་འབྱོར་བ་ནི་འཇིག་རྟེན་གསང་བ་འདྲེན་པའི་སྐར་ཁུང་ལྟ་བུ་ཞིག་ཡིན། དེ་བས་ན་བྱིས་སྒྲུང་གི་དོན་བརྗོད་བྱེད་སྟངས་འདིས་གློག་བརྙན་སྙིང་བོ་མཚོན་པར་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། གློག་བརྙན་འདིས་བདེ་སྐྱིད་ཀྱི་དྲོད་ཀྱིས་ཁེངས་པའི་ཁྱིམ་ཚང་ཞིག་གི་བརྩེ་འདང་རྩལ་དུ་བཏོན་ནས་བརྗོད་པ་ལ། བྱིས་པའི་སེམས་ཁམས་ནི་མ་གཞི་ནས་དྭངས་གཙང་ཞིག་དང་། དགའ་སྤྲོ་ཅན་ཞིག་ཡིན་པས་བྱིས་སྒྲུང་གི་དོན་བརྗོད་བྱེད་སྟངས་འདི་ནི་བརྗོད་སྙིང་འདི་མཚོན་པར་ཤིན་ཏུ་འཕྲོད་པར་འདུག གློག་བརྙན་བལྟས་ཚར་དུས་དངོས་གནས་ཁྱིམ་ཚང་འདིའི་བརྩེ་འདང་གིས་སེམས་བརླན་པར་བྱེད།

        གཞན་ཡང་འཁྲབ་ཁྲིད་པས་བསམ་བཞིན་དུ་སྡིག་རྩུབ་ཅན་གྱི་བརྙན་མིག་ཉུང་དུ་བཏང་ཞིང་། སྡིག་རྩུབ་ཅན་གྱི་བརྙན་མིག་ཁ་ཤས་བྱུང་ཡོད་པ་ཡང་དུས་ཚོད་ཐུང་ཞིང་། སྡིག་རྩུབ་ཀྱིས་ཆ་ཉུང་དུ་བཏང་ཡོད། དཔེར་ན་འཇར་མན་གྱི་དམག་དཔོན་དག་གིས་དགུང་ཟས་རོལ་སྐབས་ཁོའི་གྲོགས་པོ་སྨན་པས་ཁེད་ཅིག་གིས་བྲེལ་ཤ་ལངས་པའི་མཁའ་དབུགས་ལྷོད་དུ་བཏང་པ་ལྟ་བུ་རེད། དེ་མིན་གློག་བརྙན་འདིར་འཆར་ཡན་གྱི་མཛེས་པའི་ཕྱུག་པའི་བརྙན་མིག་མང་དུ་ཡོད་ཅིང་། དཔེར་ན་ཅིས་རྡོ་དང་རྡོ་ལ་གཉིས་ཐོག་དང་པོ་འཕྲད་པའི་ཡུལ་ནི་རྩི་ཤིང་མེ་ཏོག་གིས་རྣམ་པར་བཞད་པ། ནམ་མཁའ་སྔོ་ཤིག་གེ་བ་ལ་ཉི་འོད་ཕྲ་ལམ་ལམ། ལྗོན་ཤིང་གི་ལོ་འདབ་ལྗང་ཤིག་གེ་བ་ལ་བསིལ་རླུང་གིས་གཡོ་ཙམ་གཡོ་ཙམ་བྱེད་པའི་གྲོང་ཚོ་ཞིག་ཏུ། གཞོན་ནུ་མ་ཞིག་གིས་སོས་དལ་ངང་བ་ཕྱུགས་བཞོ་བའི་ཡུལ་ཞིག་ཏུ་ཁོ་གཉིས་འཕྲད་ཅིང་། ཁོ་གཉིས་ཀྱི་བརྩེ་དུང་གི་མྱུ་གུ་འབུས་ས་འདི་ལྟར་མཛེས་པ། སླད་མེད། རྒྱས་པ། ཉམས་དགའ་བ།  བག་སྤྲོ་བ་ཅན་ཞིག་ཡིན་པས། འདིར་འཁྲབ་ཁྲིད་པའི་འཆར་ཡན་གྱི་བསམ་བློ་ཤུགས་ཆེར་མཚོན་ཡོད། ཡང་དཔེར་ན་གློག་བརྙན་འདིའི་སྔ་དུམ་ཕྱི་དུམ་མཚམས་སྦྱོར་བའི་སྐབས་སུ་མེ་ཏོག་གི་ཁང་ཆེན་ཞིག་གིས་སྔ་དུམ་དང་ཕྱི་དུམ་གྱི་མཚམས་སྦྱོར་བར་བྱེད་ཅིང་། ཅིས་རྡོ་དང་རྡོ་ལ་གཉིས་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ཁང་ཆེན་དུ་འཛུལ་བ་དང་མཉམ་དུ་སྔ་དུམ་མཇུག་རྫོགས་པ་དང་། མེ་ཏོག་ཁང་ཆེན་ནས་ཁོ་གཉིས་ཀྱི་བུ་ཆུང་ཐོན་ཡོང་བས་ཕྱི་དུམ་འགོ་རྩོམ་པར་བྱེད། དེ་ནི་སྒྱུ་རྩལ་གྱི་ཚད་ཤིན་ཏུ་མཐོ་ཤོས་ཤིག་སྟེ། མེ་ཏོག་ཁང་ཆེན་དང་། བརྩེ་འདང་། མི་ཚེ་སོགས་ལྷན་གཅིག་ཏུ་སྦྱོར་བར་ནུས་པས། མི་ལ་ཟད་མི་ཤེས་པའི་འཆར་ཡན་གྱི་མཛེས་པ་ཞིག་སྟེར་ནུས། དེ་བས་གློག་བརྙན་འདི་ནི་འཆར་ཡན་གྱི་མཛེས་པས་རབ་ཏུ་ཕྱུག་པ་ཞིག་རེད།

        གློག་བརྙན་འདིའི་མི་སྣ་གཙོ་བོ་ཅིས་རྡོའི་ལུས་སྐམ་ཞིང་གདོང་རིད་པ་གྱེན་གསེག་གིས་འབུར་དུ་ཐོན་པ། སྐྲ་ཤུད་ནས་སྟོད་ལ་ཐོན་ཞིང་གཙུག་གི་སྐྲ་རྣམས་འཛིངས་ཤིང་འཁྱིལ་བ། མཆུ་ནི་ཅུང་ལྷོད་ཤ་ཅན་ཞིག་ཏུ་འདུག་པས། བལྟས་མ་ཐག་ཏུ་དགོད་སྤྲོ་ཞིག་ཏུ་འདུག དེ་ལས་ཀྱང་ཁོ་ནི་མི་བསྟན་བཤིག་ཚ་བ་དང་བྱ་སྤྱོད་དག་དགོད་བྲོ་ཞིག་ཡིན་པས། གློག་བརྙན་གྱི་བརྗོད་སྙིང་གི་མཛེས་པ་མཚོན་པར་མེད་ཐབས་མེད་པའི་ཆ་ཤས་ཤིག་ཡིན། གཞན་ཡང་ཁོའི་ཆུང་མ་ནི་གཟུགས་བྱད་མཛེས་པ། གཤིས་ཀ་བག་འཇམ་པ། ཁྱོ་ག་དང་བུ་ཆུང་ལ་བརྩེ་བ་ཞིག་དང་། ཁོ་གཉིས་ཀྱི་བུ་ཆུང་ཡང་ཤིན་ཏུ་སྙིང་དུ་སྡུག་པ། བསམ་བློ་གཡའ་དག་པ་ཞིག་ཡིན་པས། མི་རྣམས་ལ་སྔར་དང་མི་འདྲ་བའི་མི་གཤིས་ཀྱི་མཛེས་པ་ཞིག་སྟེར། མཛེས་པ་འདི་དག་ཀུན་ཀྱང་བརྗོད་སྙིང་གི་མཛེས་པ་མཚོན་པར་བྱེད་པའི་ཆ་ཤས་གལ་ཆེན་ཞིག་ཡིན།

1605943524930605.jpg

གཉིས། གཏམ་རྒྱུད་སིལ་བུ་ཡིན་ལ་མ་ཡིན་པའི་རང་བཞིན།

        གཏམ་རྒྱུད་སིལ་བུ་ཡིན་ལ་མ་ཡིན་པའི་རང་བཞིན་ཞེས་པ་ནི་གཏམ་རྒྱུད་བྱུང་རིམ་གྱི་ངོས་ནས་བརྗོད་ན། བྱུང་རིམ་གྱི་རྒྱུ་འབྲས་གཏན་ཚིགས་ནི་ཤིན་ཏུ་བཙན་པོ་ཞིག་མ་ཡིན་པར། བརྗོད་སྙིང་འབུར་ཐོན་དུ་མཚོན་ནུས་པའི་དོན་དག་ལུ་གུ་རྒྱུད་དུ་སྦྲེལ་ཡོད། ཡང་གཏམ་རྒྱུད་སིལ་བུ་མ་ཡིན་པ་ཞེས་པ་ནི་གཏམ་རྒྱུད་ཀྱི་བྱུང་རིམ་ལ་ལྟོས་ཏེ་བཤད་ན་ཕྲེང་རྒྱུད་དུ་སྒྲིག་པའི་སིལ་བུའི་གཏམ་རྒྱུད་རེ་རེས་ཀྱང་བརྗོད་སྙིང་མཚོན་པར་རམ་འདེགས་གལ་ཆེན་བྱེད་པ་དང་། དེ་དག་ཚོགས་པས་བརྗོད་སྙིང་འབུར་དུ་ཐོན་པར་མཚོན་ནུས་པས་གཏམ་རྒྱུད་སིལ་བུ་མ་ཡིན་པའི་རང་བཞིན་ཅན་ནོ།།

         སྤྱིར་གཏམ་རྒྱུད་ཅིག་ལ་མཚོན་ན་བྱུང་རིམ་གྱི་རྒྱུ་འབྲས་གཏན་ཚིགས་ནི་ཤིན་ཏུ་དང་དོད་བྱ་དགོས་པ་ཞིག་ཡིན་མོད། གློག་བརྙན་འདིར་བྱུང་རིམ་གྱི་རྒྱུ་འབྲས་གཏན་ཚིགས་ནི་དེ་ཙམ་དོ་སྣང་བྱས་མེད། རྒྱུ་མཚན་བྱུང་རིམ་གྱི་རྒྱུ་འབྲས་གཏན་ཚིགས་ལ་དང་དོད་བྱེད་ཆེ་ན། གློག་བརྙན་གྱི་བརྗོད་སྙིང་གི་མཛེས་པ་བཀབ་འགྲོ་བའམ་བཀག་འགྲོ་བ་ཡིན། དཔེར་ན་གློག་བརྙན་གྱི་སྔ་དུམ་ལས་ཅིས་རྡོ་དང་རྡོ་ལ་གཉིས་སྔར་ཐེངས་གསུམ་ལ་ཐུག་པ་ཐམས་ཅད་སྟེས་དབང་རྐྱང་རྐྱང་དང་། ཅིས་རྡོ་དང་ཁོ་གཉིས་ཐེངས་བཞི་བར་ཐུག་པའི་སྐབས་སམ། ཅིས་རྡོ་འགོ་ཁྲིད་དུ་བརྫུས་ནས་ཁོ་མོར་བལྟ་བར་འགྲོ་དུས་ཀྱང་སྟེས་དབང་གིས་གོ་སྐབས་འགྲིག་པ་རྐྱང་རེད། རྒྱུ་མཚན་ཅིས་རྡོ་འགོ་ཁྲིད་ལ་བརྫུས་ནས་རྡོ་ལར་བལྟ་རུ་མ་སོང་བའི་ཡར་སྔོན་དུ། ཁོས་ཞབས་ཞུ་བྱེད་སའི་ཟ་ཁང་དུ་འགོ་ཁྲིད་དེ་ཐོན་པས། སྟབས་འགྲིག་པ་རེད། དེ་འདྲ་བའི་བྱུང་རིམ་གྱི་གོ་སྒྲིག་ནི་གློག་བརྙན་དུ་ཧ་ཅང་མང་། དེ་ན་འཁྲབ་ཁྲིད་པས་རྒྱུ་མཚན་ཅིའི་ཕྱིར་འདི་ལྟར་བཀོད་སྒྲིག་བྱེད་དགོས་པ་རེད་ཅེ་ན། རྒྱུ་མཚན་བརྗོད་སྙིང་གི་མཛེས་པ་མངོན་པར་ཐོན་པའི་ཆེད་ལས་མ་འདས་ཏེ། གློག་བརྙན་འདིའི་སྔ་དུམ་གྱི་བརྗོད་སྙིང་གཙོ་བོ་ནི་བརྩེ་དུང་ཡིན་པ་གོང་ནས་གླེང་ཟིན་པ་ལྟར། གློག་བརྙན་གྱི་སྔ་དུམ་གཅིག་པུ་ལས་བརྩེ་དུང་གི་མཛེས་པ་གཙོ་བོར་འབུར་ཐོན་དུ་མཚོན་པར་བྱེད་དགོས་ན་ཅུང་ཁག་པས། བརྩེ་དུང་གི་བརྗོད་སྙིང་ལ་རམ་འདེགས་བྱེད་པའི་ཆ་ཤས་རེ་རེ་ལྷན་གཅིག་ཏུ་སྤངས་ནས་དེ་དག་གི་སྔ་ཕྱི་སྒྲིག་པ་རེད། ཕྱི་དུམ་ལས་སྔ་དུམ་ལས་ཀྱང་མངོན་གསལ་དུ་འདུག་སྟེ། ཕྱི་དུམ་ལས་ཡབ་ཆེན་གྱི་བརྩེ་བ་མངོན་དུ་མཚོན་ཆེད། སྐྱི་གཡའ་བའི་བཙོན་ར་རོལ་རྩེད་ཀྱི་ར་བར་བསྒྱུར་ཅིང་། བུ་ཆུང་གི་སེམས་ལ་ཤུགས་རྐྱེན་ཅི་ཡང་མ་བྱུང་བར་བཙོན་ནས་ཐར། དངོས་ཡོད་དུ་འདི་འདྲ་ཞིག་འབྱུང་མི་སྲིད་པས། སྔ་དུམ་ལས་ཕྱི་དུམ་ལ་ཤུགས་ཆེ།

1605943640487119.jpg 

མཇུག་གི་གཏམ།

       གོང་ནས་བརྗོད་ཟིན་པ་ལྟར«མཛེས་སྡུག་གི་མི་ཚེ»ཞེས་པའི་གློག་བརྙན་འདི་ནི་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་ཧྥ་ཤི་སིའི་དམར་གསོད་ཆེན་མོ་རྒྱབ་ལྗོངས་བྱས་པ་ཞིག་ཡིན་མོད། འོན་ཀྱང་དེས་ལྟ་མཁན་དག་ལ་སྟེར་བའི་ཚོར་བ་ནི་གློག་བརྙན་འདིའི་མིང་ལྟར་མཛེས་སྡུག་ལྡན་པ་ཞིག་རེད། སྤྱིར་དེ་ནི་གློག་བརྙན་འདིའི་བརྗོད་སྙིང་དང་། འཁྲབ་ཁྲིད་པ་བྷི་ནིས་ནིས་ཀྱིས་མི་རྣམས་ལ་སྒྲོག་པར་འདོད་པའི་བསམ་བློ། གཞན་ཡང་དེ་གསལ་རྫོགས་སུ་སྟོན་པའི་ཐབས་སོགས་ཀྱིས་རྒྱུ་རྐྱེན་སྣ་ཚོགས་པ་དེ་དག་ཚོགས་པ་ལས་གྲུབ་ཡོད། དཔྱད་རྩོམ་འདིར་དེ་དག་ལས་འཁྲབ་ཁྲིད་པའི་བསམམ་བློ་གསལ་རྫོགས་སུ་སྟོན་པར་བྱེད་པའི་ཐབས་སམ། དོན་བརྗོད་བྱེད་སྟངས་ཡོད་དེ། འཁྲབ་ཁྲིད་པས་སྤྲོ་གར་གྱི་རྒྱུ་སྣ་ཚོགས་པ་དང་། བྱིས་སྒྲུང་གི་དོན་བརྗོད་བྱེད་སྟངས། གཏམ་རྒྱུད་ཀྱི་སིལ་བུ་ཡིན་ལ་སིལ་བུ་མ་ཡིན་པའི་ཐབས་རྩལ་དག་ལེགས་པར་སྤྱད་པས། མུན་ནག་འཇིག་རྟེན་ན་འོད་ཀྱི་གོང་བུ་ཞིག་འདུག་པ་ལ། ལྟ་མཁན་དག་དེའི་ཁོང་དུ་ཞུགས་སུ་བཅུག་པས་བདེ་བ་ཟད་མི་ཤེས་པ་ཞིག་ཕྱིན་པ་རེད།  དེ་ནི་གློག་བརྙན་ཁྲོད་ཀྱི་ཡབ་ཆེན་གྱི་རྫུན་ཚིག་དང་ཅི་འདྲའི་མཚུངས་ཨང་། གཞན་ཡང་ང་ཚོས་ཤེས་དགོས་པ་ནི་འདི་ནི་འཁྲབ་ཁྲིད་པ་དང་། འཁྲབ་གཞུང་བཅོས་སྒྲིག་པ། འཁྲབ་སྟོན་པ་བཅས་འགན་གཅིག་ལྕོག་ཏུ་བཞེས་པའི་རོ་བྷོ་ཐུ·བྷི་ནིས་ནིས་ཀྱི་ཤེས་རབ་ཅིག་ཅི་ལ་མིན་ཏེ། འདི་ལས་ང་ཚོས་འཁྲབ་ཁྲིད་པ་ཁོང་གི་ཤེས་རབ་དང་མིའི་རིགས་ལ་བཅངས་པའི་བསམ་པ་སོགས་མཚོན་ཡོད་པས། ང་ཚོས་ཁོང་ལ་སློབ་སྦྱོང་དང་ཡི་རངས་བྱེད་པར་འོས་སོ།།


ཟུར་ལྟའི་ཡིག་ཆ།

[1]李宇巍.意大利电影《美丽人生》的叙事策略分析[J].戏剧之家,2017(01):134.

[2]李洁.意大利电影《美丽人生》评析[J].戏剧之家(上半月),2014(04):207.

[3]姚欢.还你一片晴空——浅谈电影《美丽人生》中的黑色幽默[J].牡丹,2016(04):71-72.


ཟུར་བཀོད།

            ཆད་ལྷག་དང་ཡིག་ནོར་རེ་གཉིས་བཅོས་པ་ལས་མ་རྩོམ་ལྟར་བཀོད་ཡོད། 

གསལ་བཤད། 

        རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས།     

དཔྱད་མཆན་ཡོད།