དབུགས་ལྒང་གཅིག་དང་དབུགས་ལྒང་གཉིས།

p2626076206.jpg

          པད་མ་ཚེ་བརྟན་  གྱི་བོད་སྐད་གཏམ་རྒྱུད་གློག་བརྙན་བདུན་པ་འདི་ལས་ང་ཚོས་སྔར་བཞིན་ཁོའི་བརྩམས་ཆོས་ཀྱི་འབྲེལ་བའི་རང་བཞིན་(Intertextuality)ཞིག་མཐོང་ཐུབ། དཔེར་ན་གློག་བརྙན་སྤྱིའི་ཁམས་དང་དོན་རྣམ་པར་གཅོད་ལུགས་སོགས། ཁོའི་གསར་རྩོམ་གྱི་བརྒྱུད་རིམ་ཧྲིལ་བོར་ལྟ་བའི་ཚེ། འབྲེལ་བའི་རང་བཞིན་འདི་དག་གིས་བརྩམས་ཆོས་སྤྱི་ལ་སྲོལ་རྒྱུན་ཆུང་ཆུང་ཞིག་བཟོས་འདུག །འོན་ཀྱང་སྲོལ་རྒྱུན་འདི་དག་གཏན་ཆགས་ངང་རང་གནས་སུ་བསྡད་ཡོད་པ་ཞིག་མ་ཡིན་པར། བར་མེད་དུ་བཞུར་གྱིན་པ་ཞིག་ཏུ་འདོད་དེ། ཕྱི་མས་སྔ་མ་དེད་ཅིང་སྔ་མ་སླར་ཡང་སྔོན་དུ་འགྲོ་བཞིན་པ་ཞིག་རེད་སྙམ། དཔེར་ན་གློག་བརྙན་འདིའི་ནང་གི་སྲུང་ཤུབས་ཀྱི་སྐུད་སྣེས་དྲངས་པའི་དད་མོས་དང་འཁོར་བ། ཚེ་འདི་ཕྱི་སོགས་ཀྱི་འགལ་འབྲེལ་དང་། ལག་ཐོགས་བརྙན་ལེན་ཆས་(hand-held camera)རྒྱ་ཆེར་བེད་སྤྱད་པ་ལས་བྱུང་བའི་རྗེས་འདེད་བརྙན་མིག་གིས་ལྟད་མོ་བར་སྤྲོད་སྲིད་པའི་ནང་ཞུགས་ཀྱི་ཚོར་བ། ཁ་དོག་དང་གསོབ་གཟུགས་མང་པོའི་མཐུན་སྡེབ་བེད་སྤྱད་དེ་སྒྱུ་འཕྲུལ་དང་གཟུགས་འདས་ཀྱི་ཉམས་དག་མཚོན་ཅི་ཐུབ་བྱས་པ་སོགས་ནི་ཁོའི་སྔ་མའི་བརྩམས་ཆོས་དག་དང་བསྡུར་ཚེ་ངོ་གདོང་གསར་པ་ཞིག་ལྟར་ཡོང་གིན་ཡོད། གསར་པ་ནས་གསར་པར་ཚོད་ལྟ་བྱ་བཞིན་པའི་བགྱི་བ་འདིས་ཁོང་གི་གློག་བརྙན་དག་ཀྱང་རིགས་མཐུན་གློག་བརྙན་(genre film)གྱི་གཞུང་གིས་འཛིན་དཀའ་བ་ཞིག་ཏུ་གྱུར་ཡོད། སྣང་ཚུལ་འདི་སྐྱོན་དང་ཡོན་གཉིས་ཀ་ལྡན་སྙམ།

          བོད་ཀྱི་མི་སྐྱ་རྩོམ་པ་པོ་དག་གིས་ལོ་རབས་བརྒྱད་ཅུ་པ་ནས་རྩོམ་རིག་གི་ལུས་སྣ་ཚོགས་སུ་སྲོལ་རྒྱུན་དང་དེང་རབས་རིག་གནས་ཀྱི་འགལ་འབྲེལ་ཞིག་བརྗོད་པའི་དཀྱིལ་དུ་དྲངས་པ་ནང་བཞིན། པདྨ་ཚེ་བརྟན་གྱིས་ཀྱང་གློག་བརྙན་ཕབ་མགོ་ཚུགས་པ་ནས་འགལ་འབྲེལ་གྱི་སྣང་ཚུལ་འདིར་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་འཐམས་ཡོད། ད་རེས་ཀྱི་གློག་བརྙན་འདིར་བལྟས་ཚར་མ་ཐག་ངས་ཧམ་ལེ་ཀྲེའི་to be or not to be,that's a question་ཞེས་པའི་ཚིག་དེ་རང་ཤུགས་ཀྱིས་དྲན་ཡོང་། གློག་བརྙན་ནང་གི་དར་རྒྱས་བཟའ་ཚོ་གཉིས་དང་ཨ་ནེ་བྱང་ཆུབ་སྒྲོལ་མ། དགེ་རྒན་སྟག་འབུམ་རྒྱལ། བུ་ཆེ་བ་འཇམ་དབྱངས་སོགས་མི་སྣ་གཙོ་ཤོས་དག་ཏན་ཏན་འདི་ལྟ་བུའི་གདམ་གའམ་འགལ་འབྲེལ་གྱི་རྒྱ་ཞིག་ཏུ་ཚད་འདུག ། རྒྱ་འདི་འཕྲེད་གཞུང་དང་ཕྱི་ནང་སོགས་ཕྱོགས་མང་པོར་འཐེན་ཡོད་པས། ཁྱིམ་ཚང་གཅིག་ཁོ་ན་བརྗོད་པའི་གཞི་རུ་དྲངས་ན་ཡང་དོན་བརྗོད་ཀྱི་སྒྲོམ་ནི་རྙོག་ཅིང་འཛིང་ལ། ཚགས་དམ་པ་ཞིག་ཏུ་གྲུབ། པདྨ་ཚེ་བརྟན་གྱིས་«ཐར་ལོ»ནས་འདི་ལྟ་བུའི་དོན་བརྗོད་སྟངས་ཤིག་ནར་མར་བེད་སྤྱོད་ཀྱིན་ཡོད། ཚུལ་འདི་ཁོའི་ཡི་གེའི་རྣམ་པའི་སྒྲུང་གཏམ་དག་ཏུ་མཐོང་དཀའ་ན་ཡང་། སྒྲ་གཟུགས་ཀྱིས་གྲུབ་པའི་གློག་བརྙན་དག་ཏུ་འབུར་དུ་ཐོན་པར་བྱས་འདུག ། དེ་ལས་ཡིད་བརྙན་ཙག་ཙིག་དང་བྱུང་བ་ཀྱག་ཀྱོག་མང་པོ་ཡང་རང་བཞིན་གྱིས་བསྐྱེད་པ་སྟེ། སྙན་ངག་མེ་ལོང་ལྟར་ན་ཕྲ་མོ་དང་བསྡུས་བརྗོད་ཀྱི་རིགས་ལམ་མམ་ཚིག་རྒྱན་མང་དུ་སྤྱད་འདུག་ཅེས་གོ་བ་བླངས་ཀྱང་ཆོག །གནད་འདིས་སྐབས་རེར་ང་ཚོར་ཁོའི་གློག་བརྙན་འགའ་ཤས་ནི་བྱུང་བ་མང་པོའི་གནས་སྐབས་ཀྱི་སྡེབ་སྒྲིག་ཙམ་དུ་འདོད་དུ་འཇུག་ན་ཡང་། སྒྲུང་འཆད་སྟངས་དང་དོན་གྱི་བྱུང་བ་བརྗོད་ལུགས་ཀྱི་ངོས་ནས་བལྟས་ཚེ། འདི་ནི་སྨིན་པའི་རྟགས་ཤིག །མ་ཟད་སྒྱུ་རྩལ་གློག་བརྙན་དང་རྩོམ་པ་པོའི་གློག་བརྙན་གྱི་ཉམས་ཤིག་ཀྱང་ཞོར་དུ་སླེབས་ཡོང་གིན་ཡོད། འོན་ཀྱང་སྡེབ་སྒྲིག་ཡིན་ཙམ་གྱིས་དོན་བརྗོད་རང་བཞིན་ལྷུན་གྲུབ་ཏུ་ཆགས་པ་དང་ཚོར་བ་རིམ་ཅར་གྱི་ཡོང་སྲིད་པ་ཞིག་ནི་གཏན་ནས་མིན་སྟེ། འདིའི་ངོས་ནས་ཁོང་གིས་གློག་བརྙན་གྱི་“དྲོད་ཚད་ཏུའུ་གྲངས”ད་རུང་ཡང་ཇེ་མཐོར་གཏོང་དགོས་དོན་ཞིག་ཨེ་ཡོད་སྙམ།

p2623008066.jpg

           དབུགས་ལྒང་ནི་གློག་བརྙན་འདིའི་ཡིད་བརྙན་གལ་ཆེན་ཞིག །ཐོག་མའི་སྲུང་ཤུབས་དཀར་པོ་ནས་མཐའ་མའི་དབུགས་ལྒང་དམར་པོའི་འགྱུར་བའི་གོ་རིམ་ཧྲིལ་བོར། ཨ་རྒྱ་གྲོངས་ཤིང་རྣམ་ཤེས་ཕྱིར་ཁྱིམ་ལ་འཁོར་བ་དང་། སྲུང་ཤུབས་ཀྱི་རྐྱེན་པས་སྡེ་བ་ནང་གི་ཁྱིམ་ཚང་རེ་འགའ་ངོ་ཚར་གཏད་པ། དར་རྒྱས་བཟའ་ཚོ་གཉིས་ཀྱི་སྲུང་ཤུབས་ཚར་པ་དང་དེ་ནས་ཐོབ་པ་ཡང་བོར་བ། ཨ་ནེས་དཀར་ཐིག་བསླངས་རྗེས་དགོན་པར་ལོག་པ། སྒྲོལ་དཀར་ཡང་སྨན་ཁང་ནས་དགོན་པར་ཁྲིད་པ། འཇམ་དབྱངས་ཀྱིས་སློབ་བྱོལ་གྱི་བསམ་པ་བསྟན་པ། བྱིས་པ་གཉིས་ཀྱི་དབུགས་ལྒང་ཐོབ་འདོད་ཀྱི་རེ་བ་མཐའ་མར་བསྐངས་ན་ཡང་དེ་ལས་གཅིག་བཀད་ཅིང་གཅིག་ནམ་མཁར་འཕུར་བ་སོགས་གཏམ་རྒྱུད་ཆུང་ངུ་མང་དུ་བྱུང་། གཏམ་རྒྱུད་ཆུང་ངུ་འདི་དག་གང་ལ་མཚོན་ན་ཡང་བོད་ཁུལ་ནས་བྱུང་མྱོང་བའམ་འབྱུང་གིན་པ་ཞིག་སྟེ། འཁྱོག་པོར་མི་བརྗོད་ལ་རབ་ཏུ་མི་འདོགས་པ། འུད་ཀྱིས་མི་སྤུར་བ་སོགས་ཁོང་གིས་གསར་རྩོམ་གྱི་གོ་རིམ་ཧྲིལ་བོར་སྤྱི་ཚོགས་དངོས་མཚོན་པའི་གསར་རྩོམ་གྱི་རྣམ་འགྱུར་ཞིག་ལྷུར་ལེན་བཞིན་པ་ལྟར།  གློག་བརྙན་འདི་ལས་ཀྱང་ང་ཚོས་སྔར་བཞིན་ཁོའི་དངོས་ཡོད་རིང་ལུགས་ཀྱི་མཐོང་སྣེ་དང་གཤིས་ལུགས་མཐོང་ཐུབ།

         « དབུགས་ལྒང »ཁྲོད་ཀྱི་སྲུང་ཤུབས་འདི་ག་ཕྱི་ཡོང་གི་དངོས་པོ་ཞིག་ཡིན་པའི་ཆ་ནས་སྔ་མའི་གློག་བརྙན་ཁ་ཤས་ནང་བཞིན་དེང་རབས་དངོས་པོ་མང་པོ་དངོས་ནས་སམ་བརྒྱུད་ནས། ཡང་ན་སྲ་གཟུགས་སམ་འདུ་ཤེས་ཀྱི་རྣམ་པ་གང་རུང་གིས་བོད་ཀྱི་ས་ཆར་སླེབས་བཞིན་པ་བརྗོད་པ་ལས་ཀྱང་། དབུགས་ལྒང་གི་བརྗོད་སྟངས་འདི་ལ་ཟློས་གར་གྱི་རང་བཞིན་ཞིག་མཆིས་སྙམ། གློག་བརྙན་ལྟར་ན་ཡང་། སྲུང་ཤུབས་ངོ་ཚར་བརྩི་མཁན་དང་དེ་ལ་རྣམ་རྟོག་ལངས་མཁན། ཉེར་སྤྱོད་དངོས་པོ་ཞིག་ཏུ་འདོད་མཁན་དང་རྩེད་སྤྱད་འབའ་ཞིག་ཏུ་བསམ་མཁན་སོགས་མིའི་ཚོགས་པ་སྐོར་ཞིག་བྱུང་བ་ལས། ང་ཚོས་ཀྱང་དངོས་པོ་གསར་པ་སླེབས་པ་དང་དེའི་ཁ་གཏད་དུ་ཡོང་སྲིད་པའི་རྣམ་འགྱུར་མི་འདྲ་བ་སྐོར་ཞིག་མཐོང་ཡོང་བ་འདིས་ཁོའི་སྔ་མའི་གློག་བརྙན་དག་གི་ཁྲོད་རྒྱུན་མར་བྱུང་མྱོང་བའི་དོན་བརྗོད་སྟངས་ལ་ཡང་འགྱུར་བ་བཏང་འདུག་བསམ། དེས་གློག་བརྙན་རང་སྟེང་གི་འགྲེལ་བཤད་བར་སྟོང་ཡང་ཆེར་བརྐྱངས་ཡོད། དེ་དང་ཆབས་ཅིག་སྲུང་ཤུབས་འདི་ཡང་རྣམ་ཤེས་ཀྱི་རྟེན་དང་། འཆི་བ་སྐྱེད་བྱེད། དབུགས་ཀྱི་ལྒང་བུ་སྤྱིར་བཏང་བ་སོགས་གནས་བབ་སྣ་ཚོགས་ཀྱི་རྒྱུན་ཞིག་ཏུ་བརྒྱུས་པས་ཡིད་བརྙན་རང་ཉིད་ཧྥོར་སི་ཐཱེར་(E.M.Forster)གྱིས་འདོད་པའི་ལེབ་གཟུགས་ནས་སྒོར་གཟུགས་སུ་བཏང་ལ། གཏམ་རྒྱུད་ཀྱི་མཇུག་ནས་གློག་བརྙན་ནང་གི་མི་སྣ་དག་གིས་ཡུལ་དུས་མི་འདྲ་བ་ནས་མཐོང་སྣེ་སྣ་ཚོགས་ཀྱིས་དབུགས་ལྒང་ལ་རང་བཞིན་གྱིས་ལྟ་དགོས་བྱུང་བ་ཡང་དེའི་རྐྱེན་རེད་སྙམ།

༼   བྱམས་ཕྲུག  ཀྲུང་དབྱང་མི་རིགས་སློབ་ཆེན།

  • ཟུར་བཀོད། 

                 གློག་བརྙན«དབུགས་ལྒང»དང་འབྲེལ་བའི་རྩོམ་འདི་གའི་ཡིག་ཟམ་ནང་བསྐུར་རོགས། E

  • E-mail: tata@Filmtbt.com 

དཔྱད་མཆན་ཡོད།