གློག་བརྙན་ལ་དགའ་བའི་ང་ཚོ།

       ང་ཚོ་ནི་གློག་བརྙན་ལ་གཟིགས་རྒྱུར་དགའ། ལྟད་མོ་ལ་དགའ་བ་དེ་ནི་མི་རྣམས་ཀྱི་ལྷན་སྐྱེས་ཀྱི་གཤིས་ཀ་ཡིན་ལ། གློག་བརྙན་ནི་ཉེ་རབས་དར་བའི་ལྟད་མོའི་རིགས་ཤིག་རེད།

      དེའི་སྔོན་ལ་གློག་བརྙན་མེད་སྟབས་མི་རྣམས་སྒྲུ་གཏམ་བཤད་ཉན་བྱ་རྒྱུའི་གོམས་གཤིས་དར་ཡོད། ལོ་ལྔ་བཅུའི་གོང་ནས་གློག་བརྙན་དར་ཞིང་། བཅིངས་འགྲོལ་གྱི་རྗེས་ནས་གསར་བརྗེའི་སྐོར་དང་། རི་འགོག་དམག་འཁྲུག་སྐོར། གོ་མིན་ཏང་གཏོར་བའི་སྐོར་རྣམས་དར་བ་དང་། ལྷག་ཏུ་བསྒྱུར་བཅོས་སྒོ་འབྱེད་ཚུན་ནས་བོད་སྐད་ཀྱི་བརྙན་འཕྲིན་གྱི་འཕྲིན་ལམ་བཙུགས་པ་ནས་བཟུང་། གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་རྣམས་བོད་སྐད་དུ་རིམ་བཞིན་བསྒྱུར་བའི་མགོ་བརྩམས། ནུབ་ཕྱོགས་ལ་བསྐྱོད་པའི་ཟིན་ཐོ་སོགས་རྒྱ་ནག་གི་གནའ་རབས་གཏམ་རྒྱུད་དང་། ཉེ་རབས་ཀྱི་གཏམ་རྒྱུད་དར་ཞིང་། ད་ལྟ་བོད་ཡོངས་ཁྱབ་ཏུ་དར་ཡོད། གློག་བརྙན་གྱི་འཚོ་བ་གསར་པ་དེས་ང་ཚོ་ལ་སྔར་མེད་ཀྱི་བདེ་སྐྱིད་མང་པོ་བསུས་ཡོད་པ་རེད། དེ་ལ་རིག་གནས་ཀྱི་འཚོ་བ་གསར་པ་ཞེས་བརྗོད་ཀྱི་ཡོད་པས། གཞན་གྱི་རིག་གནས་མང་པོ་ཐད་ཀར་ཤེས་རྟོགས་ཐུབ་པའི་གོ་སྐབས་ཐོབ་ཡོད།
      གློག་བརྙན་དར་བ་དང་མ་དར་བ་གཉིས་བསྡུར་ན་དར་བ་ནི་ཧ་ཅང་ལེགས་པ་ཤོད་མི་དགོས། འོན་ཀྱང་དེ་དང་དེ་འབྲེལ་གྱི་ཤུགས་རྐྱེན་གྱི་འབྲས་བུ་བཟང་ངན་ཀུན་ང་ཚོས་གསལ་པོར་མཐོང་དགོས་པ་ནི་གལ་ཧ་ཅང་ཆེ། དེ་དག་གིས་ཕྱོགས་གཅིག་ནས་མི་རིགས་གཞན་གྱི་འཚོ་བ་དང་། སྤྱི་ཚོགས་ཀྱི་འཕེལ་འགྱུར། བསམ་བློ་དང་ལྟ་ཚུལ་མང་པོ་ཤེས་རྟོགས་ཐུབ་པར་ཕན་པ་བྱུང་ཡོད་ལ། མི་རིགས་གཞན་གྱི་གོམས་གཤིས་ངན་པ་མང་པོ་ཞིག་ཀྱང་རང་རེ་ལ་ངམ་ངམ་ཤུགས་ཀྱི་འགོས་པའི་རྐྱེན་དུ་གྱུར་ཡོད། རིག་གནས་ཀྱི་ཕོག་ཐུག་ནི་ཉེན་ཆེའི་ཕོག་ཐུག་ཞིག་ཡིན་པས། དེས་རིག་གནས་ཤིག་གི་ངོ་བོ་མི་མངོན་པའི་ངང་ནས་ཉམས་དམད་དུ་གཏོང་བའི་རྨང་གཞི་བཏིང་གི་ཡོད། ཕྱོགས་གཅིག་ནས་བོད་རང་གི་སྒྲུ་གཏམ་དང་། གནའ་གཏམ་མང་པོའི་འཆད་ཉན་རྩ་མེད་དུ་འགྲོ་བའི་རྐྱེན་དུ་གྱུར་པ་དང་། མི་རིགས་རང་ཉིད་ཀྱི་ཡ་རབས་གོམས་གཤིས་དང་། ཡང་དག་གི་ཀུན་སྤྱོད་དང་བསམ་བློ་མང་པོ་ཞིག་ཉམས་དམད་འགྲོ་བའི་རྐྱེན་དུ་སོང་ཡོད་པ་རེད།
     གློག་བརྙན་མ་དར་གོང་ང་ཚོའི་ས་ཆ་ཚང་མར་རྒན་རབས་པས་ལོ་ཆུང་ཚོར་དགོང་མོ་སྒྲུང་བཤོད་པ་དང་། གཏམ་དཔེ་དང་ལེགས་བཤད་སློབ་པའི་སྲོལ་ཡོད་ལ། སྐབས་འགར་དགོང་མོར་སྒོར་གཞས་འཁྲབ་ནས་གནའ་བོའི་གླུ་གར་མང་པོ་ཉམས་ལེན་གྱིས་རྒྱུན་སྤེལ་བྱ་སྲོལ་ཡོད། ད་ལྟ་དེ་དག་མཐོང་རྒྱུ་མེད་ལ་གླུ་ལེན་པ་ཞིག་ཐོས་རྒྱུ་ཡོང་ནའང་དེང་རབས་ཀྱི་གླུ་རྐྱང་རེད། འོན་ཀྱང་ང་ཚོས་མི་རིགས་གཞན་གྱི་ཞན་ཆ་རང་ལ་འགོས་པ་གཏན་ནས་ཚོར་གྱི་མེད། ངས་འདིར་དེང་རབས་ཅན་རྣམས་ཐ་དག་སྐྱོན་ཅན་ཡིན་པར་བསྙོན་འདིང་གི་མེད་པ་ཤེས་དགོས། གློག་བརྙན་གྱི་ལྟད་མོ་འདི་དག་ལ་བོད་རིགས་ཞིང་འབྲོག་མང་ཚོགས་རྣམས་ཀྱི་དགའ་བོ་ཚད་མེད་བྱེད་པ་མ་ཟད། དགོན་པའི་ནང་དུ་ཡང་ཧ་ཅང་ཁྱབ་གདལ་ཆེན་པོ་ཆགས་ཡོད། དང་ཐོག་དགོན་པ་ཁ་ཤས་ཀྱི་འགོ་འཛིན་གྱིས་འདུལ་བའི་གཞུང་དུ་སངས་རྒྱས་ཀྱིས་དགེ་འདུན་པས་བལྟད་མོ་བལྟ་མི་ཆོག་པ་དང་། གླུ་གར་དང་དམག་རྩེད་ལ་བལྟ་མི་ཆོག་པ་སོགས་ཀྱི་འདུལ་ཁྲིམས་རྩ་དོན་གཞིར་བཟུང་ནས་བཀག་འགོག་ནན་ཏན་མཛད་པ་རེད།
     འོན་ཀྱང་ཕྱི་རྒྱལ་དུ་འཁྲབ་པའི་ཕོར་པ་ཞེས་པའི་གློག་བརྙན་དཔར་གཞིའི་ནང་དོན་ལྟར་གྲྭ་བཙུན་ཆོས་རིག་ངོས་དང་། མ་རིག་ལྐོག་ཏུ་གློག་བརྙན་བལྟ་བར་འགྲོ་བའི་ལམ་དེ་གང་སར་དར་ནས་མཐར་དགོན་པའི་ནང་དུ་ཐད་ཀར་འཛུལ་བ་རེད། ད་ལྟ་དབུས་གཙང་སོགས་དགོན་པ་ཕལ་ཆེ་བའི་ནང་ཕྱིན་ན་གྲྭ་ཤག་ཚང་མའི་ནང་བརྙན་འཕྲིན་འཕྲུལ་འཁོར་ཡོད་པ་མ་ཟད། བརྙན་ཕབ་ཀྱི་སྒྲིག་ཆས་ཆ་ཚང་ཡོད་ལ། བལྟད་མོ་ཅི་རིགས་ཐད་ཀར་འཛེམས་ཟོན་མེད་པར་བལྟ་གི་ཡོད། འདིས་ཕྱོགས་གཅིག་ནས་གྲྭ་པ་དང་བཙུན་མའི་རིག་གནས་འཚོ་བ་དེ་ཕུན་སུམ་ཚོགས་སུ་ཕྱིན་ནས་བསམ་པའི་ལོངས་སྤྱོད་གྱ་ནོམ་པ་ཐོབ་ཡོད་ལ། ཕྱོགས་གཅིག་ནས་ཁོང་ཚོའི་མི་ཚེའི་དམིགས་ཡུལ་ནང་རིག་ལ་ཐོས་བསམ་བསྒོམ་གསུམ་གྱིས་སེམས་ནང་ལ་བཀུག་རྒྱུ་ལ་བར་ཆད་ཚབས་ཆེན་གཏོང་བ་མ་ཟད། ཁ་ཏོག་ཐེབ་ཆག་འདོན་རྒྱུ་ལའང་གནོད་བསྐྱེལ་བཞིན་ཡོད་ལ། མི་རིགས་གཞན་གྱི་འཚོ་བ་ལ་གཡེང་ཞུགས་པ་དང་། ཕོ་མོའི་བརྩེ་དུངས་སྐོར་ལ་གཡེང་ཞུགས་ནས་ཆོས་པའི་བསམ་པ་མེད་པའི་ཆོས་གཟུགས་ཐ་མལ་བར་འགྱུར་གྱི་ཡོད། ཁ་པར་སོགས་དེང་རབས་ཅན་འདིས་མི་རིངས་བར་སྐྱ་སེར་བར་ལ་མི་འདྲ་བའི་རྟགས་སྐྲ་ཡོད་མེད་དང་གྲྭ་ཆས་ཡིན་མིན་ལས་མེད་པ་ཞིག་ཏུ་འགྱུར་རྒྱུའི་རྨང་གཞི་ད་ལྟའི་གྲྭ་བཙུན་ཚོས་འདིང་དང་འདིངས་བཞིན་པ་འདི་རེད།
      གྲྭ་བཙུན་གྱི་ཁྲོད་དུ་ཅུང་ཟད་དཔྱད་ན། ཁོང་ཚོར་ཡོད་དགོས་པའི་ནང་རིག་པ་དང་རང་ཉིད་ཞུགས་པའི་གྲུབ་མཐའི་ལོ་རྒྱུས་དང་ལྟ་གྲུབ་སྐོར་ཚིག་གཅིག་ཀྱང་ཁ་གསལ་ཤོད་རྒྱུ་མེད་པ་ལ། མི་དགོས་པའི་གློག་བརྙན་སྐོར་རྟག་ཏུ་བཤད་ནས་བསྡོད་པ་དང་། འགའ་ཤས་ཀྱི་རྒྱུན་མཐུད་འཁྲབ་ཚན་ཆུ་ངོགས་གཏམ་རྒྱུད། སྦྲུལ་དཀར་སྲིན་མོའི་གཏམ་རྒྱུད་སོགས་ཁྲབ་གཞུང་མང་པོ་ཚད་ལྷག་མེད་པར་ཆུ་རྒྱུག་རྒྱུག་ཤོད་རྒྱུ་ཡོད། དགོན་པའི་ནང་ལ་ཤུགས་རྐྱེན་འདི་ཙམ་སླེབས་ཡོད་དུས་རྒྱ་ཆེའི་མང་ཚོགས་ཁྲོད་དུ་ཐེབས་པའི་ཤུགས་རྐྱེན་ནི་དེ་བས་ཆེ་བར་ཡོད་པ་ཤོད་མི་དགོས། དཔེར་ན་ལོ་ཆུང་ཚོའི་འཚོ་བའི་གོམས་གཤིས་དང་བསམ་མནོ་ལ་འགྱུར་བ་ཆེན་པོ་ཐེབས་ནས། སྲོལ་རྒྱུན་གྱི་འཚོ་བའི་གོམས་གཤིས་ལ་མི་དགའ་བར་གློག་བརྙན་ནང་ལྟར་བྱེད་རྒྱུར་དགའ་པོ་ཆགས་ཡོད་པ་འདིས་ཤེས་ཐུབ།
     ཐབས་སྐྱོ་ཤོས་ནིགློག་བརྙན་བལྟས་ནས་རང་རེས་དེའི་ནང་གི་ངེས་འབྱུང་སྐྱོ་ཤས་ཀྱི་རང་བཞིན་དང་རྒྱུ་འབྲས་བསླུ་མེད་ཀྱི་རང་བཞིན་མི་ཤེས་ལ་མི་རིགས་ཀྱི་སྙིང་སྟོབས་དང་། ཕ་ཡུལ་ལ་དགའ་ཞེན་དང་། རང་གི་མི་རིགས་ལ་དགའ་ཞེན། རྒྱལ་གཅེས་ཀྱི་བསམ་བློ། འཐབ་རྩོད་ཀྱི་ངར་ཤུགས། སློབ་སྦྱོང་གི་ནུས་པ། ཡར་རྒྱས་ཀྱི་ལྟ་བ། བསྒྱུར་བཅོས་ཀྱི་སྤོབས་པ། དྲང་བདེན་གྱི་འཚོ་བ་སོགས་ཀྱི་སྙིང་དོན་ལེགས་ཆ་ལེན་མི་ཤེས་པ་དང་། སྒྱིད་ལུག་ཉམས་ཞན། མི་རིགས་ཀྱི་བླ་འཚོང་། རྒྱལ་ཕུང་ནང་རུལ། རྙིང་ཞེན་བག་འཁུམས། རྨོངས་དད་ཀྱི་རང་བཞིན། རྗེས་ལུས་ཀྱི་བསམ་བློ་སོགས་ཀྱི་སྙིགས་རོའི་ཞན་ཆ་དོར་མི་ཤེས་པར་ཅི་མཐོང་ལེགས་འཛིན་གྱི་བསམ་བློ་དེ་རེད།
     མཁས་པ་ལ་ལས་ཉེ་དུས་བོད་རིགས་ཀྱི་སྐོར་མཚོན་པའི་གློག་བརྙན་མང་པོ་བཟོས་ཡོད་པས་དེས་གློག་བརྙན་མེད་པའི་སྟོང་ཆ་སྐོང་ཐུབ་ཡོད་ཟེར་གྱི་ཡོད་ན་ཡང་། དེ་རྣམས་ལ་རག་ཙམ་བལྟས་ན། དེ་དག་གིས་བོད་ཀྱི་ཕྱོགས་ཙམ་ཞིག་ལས་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་འཚོ་བ་དང་། རྒྱན་ཆས་གོམས་གཤིས་དང་། ཡུལ་སྲོལ་དད་འདུན། སེམས་ཁམས་སོགས་ཅི་ལྟ་བ་མཚོན་པའི་གདེང་འཇོག་ནི་བྱེད་ཐབས་བྲལ་འདུག དཔེར་ན་པན་ཆེན་སྐུ་ཕྲེང་དྲུག་པ་དང་། དར་མདོའི་མཛའ་གཞས་དང་། ཧི་མ་ལ་ཡའི་རྒྱལ་སྲས་དང་། ཇ་རྟའི་གནའ་ལམ། དགེ་རྟག་སྤྲུལ་སྐུ་སོགས་ཁྲོམ་རར་བཀྲམ་པ་རྣམས་ལ་བལྟས་ནས་ཤེས་ཐུབ། དེ་ཚོའི་ནང་དུ་བོད་ཀྱི་འཚོ་བ་དང་རྒྱན་གོས། གོམས་གཤིས་སོགས་ཀྱི་གཡའ་དང་བྲལ་བའི་བྱ་སྤྱོད་ཀྱི་ངང་ཚུལ་དང་། མི་རིགས་གཞན་གྱི་ངང་ཚུལ་ལྡན་ཡོད་པ་མཐོང་རྒྱུ་ཡོད། ༢༠༠༦ ལོར་འཇར་མན་ལ་བོད་རིག་པའི་ཚོགས་འདུར་འགྲོ་དུས་ཨ་མདོ་ནས་འཁྲབ་པའི་གློག་བརྙན་པར་གཞི་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཟེར་བ་ཞིག་མཐོང་བྱུང་། དེའི་ནང་དུ་ཕ་བུ་མི་རབས་གསུམ་གྱི་རིང་ལ་བྱུང་བའི་འཁོར་ཡུག་གི་འགྱུར་བ་དང་། དེ་ལས་བྱུང་བའི་བསམ་བློའི་ཤུགས་རྐྱེན་མི་འདྲ་བ་གསུམ་གྱི་སྒོ་ནས་མདོ་སྨད་སོགས་ཀྱི་གནས་སྟངས་མཚོན་འདུག་པས་ལེགས་ཆ་ཡོད་པ་མཐོང་བྱུང་།
     ཐབས་སྐྱོ་འོས་པ་ནི། ང་ཚོ་ནི་རིགས་གཞན་གྱི་གློག་བརྙན་ཁོ་ན་བལྟ་རྒྱུར་དགའ་བ་ལས། དུས་བསྟུན་བོད་རིགས་ཚོས་རང་ཉིད་ཀྱིས་རང་ཉིད་ཀྱི་འཚོ་བ་དང་ཡུལ་སྲོལ་སེམས་ཁམས་སྤྱི་ཚོགས་སོགས་ཇི་ལྟ་བ་མཚོན་པའི་གློག་བརྙན་བཟོ་རྒྱུའི་བསམ་བློ་མ་བཏང་བ་འདི་རེད།།


དཔྱད་མཆན་ཡོད།