དུས་གསར་སྐད་འཕྲིན་ལས་བྱུང་བའི་བོད་ཀྱི་གློག་བརྙན་རྩོམ་རིགས་ཀྱི་ཕྲན་དཔྱད།

          དེ་རིང་གི་དུས་སྐབས་སུ་ཆེས་ཆེར་རྒྱུགས་ཆེ་བའི་སྐད་འཕྲིན་ནམ་འཕྲིན་ཕྲན།  ཡང་ན་པོད་འཕྲིན་ཞེས་པའི་དུས་གསར་གྱི་མིང་བརྡ་དང་ལག་རྩལ་གསར་བའི་རིག་ལམ་ཐོན་རྫས་ཞིག་སྤྱོད་མུས་སུ་གྱུར་བ་ནི་དུས་རབས་ཀྱི་དགོས་མཁོ་དང་འཚོ་སྟངས་ཞིག་གི་སྤྱི་འགྲོས་ཞིག་ཅི་ལ་མིན།    སྐད་འཕྲིན་རིག་པ་དར་བ་ནས་བཟུང་སྐད་རིགས་མི་འདྲ་བའི་ཁྱོན་ཚད་དང་འདོན་ཚད།   ཤུགས་ཚད་ལའང་སྔར་བྱུང་མ་མྱོང་བའི་འབྲེལ་ལམ་གསར་བའི་བརྒྱུད་ལམ་མངོན་ལྐོག་ཅན་ཞིག་བསྐྲུན་བྱུང་བ་རེད།      འདིར་བོད་ཀྱི་གློག་བརྙན་འཕྲིན་སྟེགས་ལས་མངོན་པའི་གློག་བརྙན་རྩོམ་རིགས་ཀྱི་གནས་སྟངས་གསར་བ་དང་དུས་བབ་མ་གླེང་བའི་སྔོན་ལ།   སྐད་འཕྲིན་གྱི་བྱུང་བ་དང་ཡོངས་ཁྱབ་ཀྱི་ཟུར་ཚད་ནས་ཅུང་ཟད་འཇུག  སྤྱིར་ན་སྐད་འཕྲིན་ཞེས་པ་ལ་དབྱིན་སྐད་དུ་wechat ཟེར་ལ།   དོན་ལ་ལབ་བརྡོལ་གྱི་གཏམ་ཅི་རིགས་བརྡོལ་སའི་སྟེགས་བུ་ཡན་གར་བ་ཞིག་ཡིན་མོད།    སྲིད་འབྱོར་རིག་གསུམ་གང་ཞིག་གི་དགོས་མཁོའི་ཟུར་དང་ཁྱོན་ནས་སྐད་འཕྲིན་གྱི་དགོས་པའང་སྒེར་གཅོད་རིང་ལུགས་ཀྱི་མ་ལག་གཙོ་གཞི་ཅན་དང་སྤྱི་མཐུན་རང་བཞིན་གྱི་གླེང་སྟེགས་སུ་གྱུར་བའི་སྡིངས་ཆ་ཆེན་མོ་ཞིག་ཏུ་གྱུར་བ་རེད།   རྒྱའི་ཆ་འཕྲིན་རིག་གནས་ལྟར་ན།  འདས་པའི༢༠༡༡ལོའི་ཟླ༡པོའི་ནང་དངོས་སུ་བཀོལ་སྤྱོད་ཀྱི་མགོ་བརྩམས་པར་སྐད།   དེ་མིན།   ཀྲུང་གོའི་ནང་ལོགས་མཆོང་སྐྱོད་ཀུང་ཟི(腾讯公司)རུ་གསར་འབྱེད་བྱས་པའི་ཆེད་སྤྱོད་ཆ་འཕྲིན་གྱི་འབྲེལ་ལམ་མ་ལག་ཞིག་ཡིན་པར་གསལ་བསྒྲགས་བྱས་ཡོད།    ཟུར་གཞན་ཞིག་ནས་རྒྱུས་ལོན་པ་ལྟར་ན།    སྐད་འཕྲིན་ནི་ཐོག་མ་ནས་ཀྲུང་གོའི་ཐོན་རྫས་ཞིག་གཏན་ནས་མ་ཡིན།   དེ་ནི་སྤྱི་ལོ༡༩༤༠ལོ་ནས་བཟུང་ཨ་རི་ནས་གསར་གཏོད་བྱས་ཏེ་རིམ་བཞིན་འཕེལ་འགྱུར་བྱུང་བ་དང་ཁྱབ་པའི་ལག་རྩལ་རིག་པ་ཞིག་ཡིན།      ཉེ་བའི༢༠༠༣ལོར་རྒྱལ་ནང་དུ་འཕེལ་རྒྱས་བྱུང་ཙམ་བྱས།  ༢༠༠༩ལོར་ཡོངས་ཁྱབ་རང་བཞིན་དུ་བཀོལ་ཐུབ་པའི་སྐད་ཆ་དང་འདྲ་རིས།  བརྙན་རིས།  ཡིག་ཚགས་སོགས་ཀྱི་ཁྱབ་ཁོངས་སྒྲུབ་ནུས་པའི་མ་ལག་གཙོ་བོར་གྱུར་བ་མ་ཟད།    ཡ་གླིང་དུ་ཆེས་ཆེར་བཀོལ་སྤྱོད་ཀྱི་མི་འབོར་དུང་ཕྱུར་བདུན་བརྒྱད་ལྷག་ལ་བརྒལ་བའི་སྐད་འཕྲིན་རིག་པའི་ཚ་རླབས་འཕྱུར་བ་རེད།      

           འདིར་སྐད་འཕྲིན་གྱི་བྱུང་འཕེལ་དང་གནས་སྟངས།   ལེགས་ཉེས་བཅས་མི་བརྗོད་པར།  དམིགས་སུ་གླེང་བྱའི་གཞི་འཛིན་ས་ནི་གཙོ་བོ་བོད་ཀྱི་གློག་བརྙན་དང་གློག་བརྙན་རྩོམ་རིགས་ལ་བཞག་པའི་ལམ་གྱི་ཟུར་ཞིག་གླེང་བ་ལ།    ཉེ་ཆར་ཁོ་བོའི་གློག་བརྙན་འཚོལ་ཞིབ་ཙམ་བྱས་པའི་གོ་རིམ་ལས།   མེད་དུ་མི་རུང་བའི་གློག་བརྙན་འཕྲིན་སྟེགས་སམ་ཁ་ཚ་དགོས་གཏུགས་སུ་གྱུར་བའི་གློག་བརྙན་གླེང་སྟེགས་འགའ་བྱུང་བ་ནི་ཆེས་ཆེར་ཉག་པའི་བརྙན་རིགས་རྩོམ་སྟེགས་ཕྲན་བུ་དང་གཟུགས་འདས་ཤེས་རིག་གི་མཆོང་སྐྱོད་ཐེངས་ཤིག་ཡིན།   དེ་བས།  གློག་བརྙན་དྲྭ་ཚིགས་སམ་དྲྭ་ངོས་ལས་ཕྱོགས་བསྡུས་ཀྱི་ཚད་དང་ཤོང་རིམ་གྱི་ཚད་ཆེ་ཡང་།    གློག་བརྙན་འཕྲིན་སྟེགས་འདི་དག་གིས་དྲྭ་ཚིགས་དག་ལས་བརྒལ་བའི་གློག་བརྙན་རྩོམ་རིགས་སྲི་ཞུ་དང་རམ་འདེགས་ཀྱི་བྱང་ཚད་འཇོན་དམུས་སུ་གནས་བ་ཟུར་གཅིག་དང་ཁྱབ་ཁོངས་ཆུང་ངུའི་ཚད་ཙམ་མ་ཡིན་པར།    དུས་རབས་ཀྱི་རིག་གསར་འཚོ་གནས་ལ་འཚམ་པའི་མྱུར་ཚད་དང་ཡོངས་ཁྱབ།   བྱེད་ནུས།   མཁོ་སྤྲོད་ཀྱི་ཉེར་ལེན་ཁྱད་ཆོས་འཛོམས་འདུག   དེ་བཞིན།    སྐད་འཕྲིན་གྱི་འཕྲིན་སྟེགས་ལས་ཆེད་སྤྱོད་གློག་བརྙན་འཕྲིན་སྟེགས་འགའ་བྱུང་བ་ནི་གློག་བརྙན་རྩོམ་རིགས་ཀྱི་ཁྱབ་བརྡལ་དང་ཤན་སྟོབས།   སྲི་ཞུ་དང་ངོས་འཛིན།   བློ་འབྱེད་དང་ཤེས་རྟོགས་ལ་ཞབས་འདེགས་ཆེན་པོ་སྒྲུབ་ཀྱིན་པ་རེད།   འདིར་དམིགས་སུ་བོད་ཀྱི་གློག་བརྙན་འཕྲིན་སྟེགས་དང་འབྲེལ་ནས་གླེང་གྱུར་ན།    དེང་རབས་བོད་ཀྱི་ཤེས་ཡོན་པ་སྐོར་ཞིག་གིས་མི་རིགས་ཀྱི་གློག་བརྙན་བསམ་གཞིགས་དང་གློག་བརྙན་འཚོལ་རྟོགས།    གློག་བརྙན་ཤེས་རིག་འདུ་ཤེས་དང་གློག་བརྙན་མཉམ་གནས་བརྗེ་རེས་ཀྱི་བློ་དང་ལག་ལེན་ཟབ་འཇུག་གི་སྒོ་ནས་སྐད་འཕྲིན་རིག་པ་ལ་བརྒྱུས་ནས་གློག་བརྙན་འཕྲིན་སྟེགས་དང་ཆེད་སྤྱོད་གློག་བརྙན་འགྲེམས་སྟེགས་བཟོ་དང་བཟོས་ཀྱིན་པ་ནི་གློག་བརྙན་རྩོམ་རིགས་དང་གཟུགས་འདས་ཤེས་རིག་གི་ཁོར་ཡུག་བསྐྲུན་བྱུང་བ་རེད།      དོན་ལ་དེ་ནི་གློག་བརྙན་རྩོམ་རིག་གི་ལོ་རྒྱུས་གསར་བའི་སྟེགས་བུ་ཡིན་སྲིད།   གཤམ་དུ་གློག་བརྙན་འཕྲིན་སྟེགས་འགའ་ཤོས་ལ་འཇུག་ན།   དེ་ཡང༼གློག་བརྙན་འཇུག་སྒོ Tibetan看电影༽དང༼གློག་བརྙན་རྩོམ་རིག༽༼གཞོན་གསར་འཕྲིན་སྟེགས༽༼འོད་ཁྱིམ Lumicosm ༽ ༼པྲ་དྲ Tibetfilm༽ ༼གློག་བརྙན་ཁྲོད་ཀྱི་གསོན་པོའི་མི༽སོགས་ནི་དམིགས་སྔར་བྱུང་བའི་ཆེད་སྤྱོད་གློག་བརྙན་འཕྲིན་སྟེགས་འདི་ལས་བོད་ཀྱི་གློག་བརྙན་ཙམ་མ་ཡིན་པར་བོད་ཡིག་གི་ལམ་ནས་ཕྱི་ནང་རིས་མེད་ཀྱི་གློག་བརྙན་འཁོར་སྐྱོད་ཆེན་མོའི་བར་སྟོང་དང་བོད་ཀྱི་གློག་བརྙན་རྩོམ་རིགས་ལ་འཇུག་པའི་ལམ་གྱི་ལེའུ་བསྐྲུན་བྱུང་།    གོང་གསལ་གྱི་གློག་བརྙན་ལ་དམིགས་པའི་འཕྲིན་སྟེགས་ལས་འགན་འཁྲི་གཙོ་བོ་ནི་གློག་བརྙན་སྐོར་གྱི་ཤེས་བྱ་དང་གསར་འཕྲིན་སྤེལ་བ།    གློག་བརྙན་ལེགས་གྲས་འོས་སྦྱོར།   འཛམ་གླིང་གློག་བརྙན་རྩོམ་རིག་གི་དཔྱད་བརྗོད་དང་གློག་བརྙན་རྩོམ་རིག་འཁྲབ་གཞུང་།  གློག་བརྙན་པ་ངོ་སྤྲོད།   གློག་བརྙན་བརྩམས་ཆོས་དང་འབྲེལ་བའི་དཔྱད་གཏམ།  གློག་བརྙན་རྩོམ་རིག་དང་འབྲེལ་བའི་ཤེས་བྱ་ཅི་རིགས་འགྲེམ་སྤེལ།  དེ་བཞིན་བོད་ཀྱི་གློག་བརྙན་གསར་འགྱུར་དང་དཔྱད་གཏམ།   བོད་ཀྱི་གློག་བརྙན་སྒྱུ་རྩལ་ཤེས་རིག་སོགས་ཀྱི་ཁོངས་གཏོགས་སུ་མངའ་བའི་སྒྱུ་རྩལ་རྩོམ་རིགས་ཀྱི་སྟེགས་བུ་ཆེན་པོ་ཞིག་ཡིན།   འདི་ལས་དུས་རབས་ཀྱི་འགྲོས་དང་འཚམ་པའི་མྱུར་ཚད་དང་ཁྱབ་ཚད།   འདོན་ཚད།   ཤུགས་ཚད་ཀྱི་བྱེད་ནུས་བླ་ལྷག་འདོན་ནུས་པས།   དུས་རབས་འདིའི་མཐོ་ཚད་ནས་བོད་ཀྱི་གློག་བརྙན་རྩོམ་རིགས་ཀྱི་ཟ་ཟུར་དང་སྒྱུ་རྩལ་རྩོམ་རིག་གི་གནས་བབ་རིམ་གྱིས་འཕེལ་ཞིང་ཐོལ་གྱིས་བརྒལ་བའི་རྟགས་སུ་གྲུབ་གྱིན་འདུག  

གློག་བརྙན་འཕྲིན་སྟེགས་ལས་བོད་ཀྱི་གློག་བརྙན་དང་བོད་འབྲེལ་གློག་བརྙན།  བོད་མ་ཡིན་པའི་གློག་བརྙན་སྤྱི་དང་རིགས་ནི་བོད་ཡིག་གི་ལམ་ནས་རྩོམ་རིག་གསར་བའི་ཁོར་ཡུག་ངེས་ཅན་ཞིག་དང་རིག་ལམ་གསར་བའི་རྩོམ་གཤིས་རང་བཞིན་ཅན་ཞིག་བྱུང་བ་ནི་རྩོམ་རིག་གང་ཞིག་གི་བསམ་བློའི་ལུགས་དང་བདེན་པའི་སྟོབས་ཀྱང་ཡིན།   མ་ཟད་བོད་ཀྱི་གློག་བརྙན་རྩོམ་རིགས་ཀྱི་ཆ་མང་པོ་ནི་གཙོ་བོ་ཕྱི་གླིང་གི་གློག་བརྙན་རྩོམ་རིག་འགྱུར་རྩོམ་དང་རྒྱའི་གློག་བརྙན་ཟུར་རྩོམ།  བོད་འབྲེལ་གློག་བརྙན་དང་བོད་ཀྱི་གློག་བརྙན་ལ་བརྒྱུས་པའི་དཔྱད་རྩོམ་འགའ་ཤོས་སུ་གཏོགས་པ་ཡིན།   ཟུར་གཞན་ཞིག་ནས་བལྟས་ན།    དུས་རབས་ཀྱི་འགྲོས་དང་མཉམ་པའི་མི་རིགས་ཀྱི་རྩོམ་རིག་གསར་བ་དང་ཕ་སྐད་ཀྱི་རྩོམ་རིག་བརྡ་རྟགས་ཡིན་འདུག    འོན་ཀྱང་།    འཇུག་སླ་ལ་འཁྱོངས་དཀའ་བའི་གློག་བརྙན་གྱི་སྡེ་རབས་སུ་གློག་བརྙན་རྩོམ་རིག་གླེང་ཁུལ་བྱེད་ལ་གློག་བརྙན་སྒྱྱ་རྩལ་འཁྱུད་ཁུལ་བྱེད་མོད།   དོན་དུ་རི་ཁའི་རི་སྤྱང་སྔོན་མོ་ཀི་སྒྲ་འདེབས་མཁན་གྱི་ལུག་རྫི་རྒད་པོ་དང་འདྲ་བའི་རིགས་ཀྱང་མང་པོ་འདུག    གང་ཞིག་འཇུག་གྱུར་ན་དེ་ལ་མཁས་ཞེས་བཤད་མོད།   དེ་ནི་དུས་ཚོད་ངེས་ཅན་ཞིག་གི་རྩོལ་བ་དང་བསམ་གཞིགས།  ལག་ལེན།   བློ་འབྱེད་བྱུང་ན་ནི་འབྲས་བུ་ལེགས་པའི་གནས་སུ་འདུག     གློག་བརྙན་རིག་པ་བྱུང་བ་ནས་གློག་བརྙན་རིག་གཞུང་བྱུང་དགོས་ཞེས་པ་ཞིག་མ་ཡིན་པར།   རྩོམ་རིགས་མི་འདྲ་བ་དང་རྩོམ་རིག་གི་ཐབས་མི་འདྲ་བའི་ཟུར་ནས་རིམ་གྱིས་གློག་བརྙན་གྱི་གཞུང་ལུགས་དང་རིག་གཞུང་ཆགས་ན།   དེ་ནི་རྩོམ་རིག་སྤྱིའི་གོ་རིམ་ཞིག་གི་བརྒྱུད་ལམ་ཞིག་ཡིན།   དེ་བཞིན་བོད་ཀྱི་གློག་བརྙན་ལའང་འཕྲིན་སྟེགས་དང་དྲྭ་ཚིགས་ཀྱི་ལམ་ནས་གློག་བརྙན་རྩོམ་རིགས་སྣ་མང་དང་འདུས་མང་བྱུང་རྗེས།   གློག་བརྙན་རྩོམ་རིག་གི་རང་སྟེང་ནས་རྩོམ་གཤིས་དང་རྩོམ་རིག་གི་གཞུང་ཆགས་དགོས་པ་ཙམ་་མ་ཡིན་པར། གློག་བརྙན་གྱི་ལག་རྩལ་དང་ཆེད་ལས།   གློག་བརྙན་གྱི་བསམ་བློ་དང་ལག་ལེན།   གློག་བརྙན་གྱི་སྤྱི་་ཚོགས་དང་དུས་སྐབས་མེད་ན།   གློག་བརྙན་གྱི་རྩོམ་རིག་ནི་རྩ་བ་ནས་འཕེལ་མི་ཟིན་ལ་འཕེལ་བའི་གཞི་འཛིན་སའི་ཁོངས་ཀྱང་མི་འདུག་པ་རེད།     དེ་ནི་གློག་བརྙན་འཕྲིན་སྟེགས་ཀྱི་གྱོང་གུད་ཀྱང་ཡིན་སྲིད། 

འཛམ་གླིང་གློག་བརྙན་གཞུང་ལུགས་ཀྱི་ཟུར་ཚད་ནས་བལྟས་ན།    གློག་བརྙན་བྱུང་བ་དང་སྦྲགས་ནས་གློག་བརྙན་རིག་པ་དང་གློག་བརྙན་གཞུང་ལུགས།   དཔེར་ན།   སུའུ་ལུན་གྱི་མང་མཐུད་ལག་རྩལ་གློག་བརྙན་གཞུང་ལུགས་དང་ཧའོ་ལེ་བན་ཚབ་མཚོན་གློག་བརྙན་གཞུང་ལུགས།  ཡོ་རོབ་གློག་བརྙན་སྒྱུ་རྩལ་གཞུང་ལུགས།   གློག་བརྙན་བརྡ་རྟགས་གཞུང་ལུགས།    མོ་གཤིས་རིང་ལུགས་ཀྱི་གློག་བརྙན་གཞུང་ལུགས།    དངོས་བཤུས་གློག་བརྙན་གཞུང་ལུགས།   བརྙན་མིག་རིང་མོའི་གཞུང་ལུགས་གླེང་བརྗོད།    དེ་བཞིན་འཛམ་གླིང་གློག་བརྙན་ལོ་རྒྱུས་འཕེལ་འགྱུར་དང་གློག་བརྙན་རྩོམ་རིག་གི་ལུགས་མི་འདྲ་བའི་གཞུང་།    གློག་བརྙན་རིག་གཞུང་།  གློག་བརྙན་ལག་རྩལ་རིག་པ་སོགས་ནི་འཛམ་གླིང་གློག་བརྙན་ལོ་བརྒྱའི་འཕེལ་འགྱུར་དང་འཇིག་ཉེན་ཁྲོད་དུ་བྱུང་བ་ལ་དངོས་གནས་ཧ་ལས་བའི་གནས་སུ་འདུག    ཡིན་ཡང་།    གློག་བརྙན་ལ་འཇུག་མཁན་མ་གཏོགས་གློག་བརྙན་རིག་གཞུང་གི་ཕྲ་རབ་རིག་པ་དང་ཞིབ་བརྗོད་ལོ་རྒྱུས་ཀྱི་ཟབ་ཚད་གཞི་ནས་རྟོགས་མི་སྲིད་ལ།   རྟོགས་པའི་བློའང་རྨོངས་བའི་རྒྱུ་ལས་མ་འདས།    དེ་བས།   དེ་རིང་གི་གློག་བརྙན་གླེང་བའི་བརྗོད་གཞི་ལའང་རྩོམ་རིགས་ཞེས་པའི་གོ་དོན་ནི་གློག་བརྙན་གྱི་ཕྱོགས་བསྡུས་ཅན་དང་ཡོངས་འདུས་ཅན་གྱི་ཟུར་ཙམ་དུ་མཆེད་པའི་གློག་བརྙན་ཆེད་རྩོམ་ཁ་ཤས་དང་འགྱུར་རྩོམ་ཉུང་ཤས་ལ་འཇུག་པ་ལས།   འཕྲིན་སྟེགས་ལས་བོད་ཀྱི་གློག་བརྙན་རིག་པ་དང་གློག་བརྙན་གཞུང་ལུགས་ཀྱི་ཆ་ཆགས་འདུག་ཞེས་པའི་སྒྲ་ནི་མ་ཡིན་ནོ།    སྒྲ་དེ་ནི་གློག་བརྙན་གྱི་བསམ་བློའི་དཔུང་དང་ལག་རྩལ་གྱི་དཔུང་།  རིག་གཞུང་གི་དཔུང་།  ལྟ་བའི་དཔུང་གྲུབ་གྱུར་ན་ནི་བོད་ཀྱི་གློག་བརྙན་གཞུང་ལུགས་ཀྱི་ལམ་ཆེན་ངང་གིས་འབྱེད་ཞིང་རིམ་གྱིས་ཁྱབ་ཡོང་བ་ཞིག་ཡིན།

མདོར་ན།    འཇིག་རྟེན་གྱི་བྱ་དངོས་མི་འདྲ་བའི་འགྱུར་བ་ནི་རྟེན་དང་རྟེན་འབྱུང་གི་ཆོས་ཉིད་ལས་གྲུབ་པ་ཡིན་པས།    གློག་བརྙན་རིག་པའང་འཁྲབ་ཁྲིད་པའི་སྒྱུ་རྩལ་བློ་མིག་དང་ལྟ་མཁན་གྱི་མཛེས་དཔྱོད་བསྲེག་བཅད།   དཔྱད་འཇོག་པའི་གླེང་ཕྱོགས།   འཕྲིན་སྟེགས་ཀྱི་སྲི་ཞུའི་ཁྱབ་ཁོངས་བཅས་སུ་གཏོགས་པའི་ཕྱོགས་བསྡུས་བཟོ་ལས་ཀྱི་བརྙན་གཟུགས་ཤེས་རིག་ཞིག་ཡིན་པས།   གཤམ་དུ་ཐིག་རིས་ཀྱི་ལམ་ནས་གསལ་བཀྲོལ་བྱས་ཡོད།


དུས་རབས་ཀྱི་ཚན་རིག    བསམ་བློའི་སྒྱུ་རྩལ།


འཁྲབ་ཁྲིད་པའི་བློ་མིག


བོད་ཀྱི་ཤེས་རིག  གློག་བརྙན་བརྩམས་ཆོས།


༡  དམངས་ཚོགས་ཀྱི་ལྟ་མཁན།  བསམ་པའི་ལོངས་སྤྱོད།


༢  ཤེས་ཡོན་པའི་ལྟ་མཁན། བསམ་བློའི་དབྱེ་ཞིབ།


དཔྱད་འཇོག་དང་ལོ་རྒྱུས་བརྙན་རྩོམ།


གློག་བརྙན་འཕྲིན་སྟེགས། ལྟ་མཁན་དང་ཀློག་པ་པོའི་གྲངས།  སྒྱུ་རྩལ་ཤེས་རིག་གི་རིན་ཐང་། 


གློག་བརྙན་སྤྱི་ཚོགས་ཀྱི་མཁའ་དབུགས།  གློག་བརྙན་ཚོང་རའི་འཚོ་གནས།


བོད་ཀྱི་གློག་བརྙན་རྩོམ་རིག་གི་འབྱུང་འབྱུར་དང་བདེན་དོན།

མཆན། 

༡ ༼   གློག་བརྙན་འཇུག་སྒོ  ༽ ༼   Tibetan看电影  ༽ནི་དེང་རབས་བོད་ཀྱི་གཞོན་སྐྱེས་གློག་བརྙན་འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ཀྱི་གློག་བརྙན་འཕྲིན་སྟེགས་ཡིན།  

༢ ༼   གློག་བརྙན་རྩོམ་རིག  ༽ ནི་པེ་ཅིང་དུ་གློག་བརྙན་འཁྲབ་སྟོན་པའི་ཆེད་ལས་སྦྱངས་བཞིན་པའི་བོད་བཙན་པོའམ་རྡོ་རྗེ་རབ་བརྟན་གྱི་གློག་བརྙན་འཕྲིན་སྟེགས་ཡིན།

༣ ༼   གཞོན་གསར་འཕྲིན་སྟེགས  ༽  ནི་དེང་རབས་ན་གཞོན་རྩོམ་པ་པོ་རྣོ་སྦྲེང་གི་གློག་བརྙན་དང་འབྲེལ་བའི་ཕྱོགས་བསྡུས་འཕྲིན་སྟེགས་ཡིན།

༤  ༼   འོད་ཁྱིམ Lumicosm ༽  ནི་བོད་བརྙན་དྲྭ་བ་གསར་འབྱེད་པ་ཕུན་བཀྲ་སོགས་ཀྱི་གློག་བརྙན་འཕྲིན་སྟེགས་ཡིན།

༥  ༼  པྲ་དྲ  ༽ ༼   Tibetfilm  ༽  ནི་ཏིང་བཀྲིས་སོགས་ཀྱི་གློག་བརྙན་འཕྲིན་སྟེགས་ཡིན། 

༦ ༼    གློག་བརྙན་ཁྲོད་ཀྱི་གསོན་པོའི་མི ༽ ཞེས་པའི་གློག་བརྙན་འཕྲིན་སྟེགས་པ་རེ་ཞིག་མི་གསལ།

དཔྱད་མཆན་ཡོད།