ཨི་ཐ་ལིའི་འཁྲབ་ཁྲིད་པ་ནི་ཇུ་སེ་ཕི•ཐོར་ནཱ་ཐོ་རེ་ཡི་གློག་བརྙན《ལྐོག་གྱུར》ལ་བལྟས་པ།


        ད་ལྟའི་བར་དུ་བརྩམ་ཆོས་ལ་བལྟས་པ་ཆེས་མང་ཤོས་ཀྱི་ཨི་ཐ་ལིའི་འཁྲབ་ཁྲིད་པ་ནི་ཇུ་སེ་ཕི•ཐོར་ནཱ་ཐོ་རེ་ཡིན་ངེས་རེད། གལ་སྲིད་ཁྱོད་ཀྱིས་ཐོར་ནཱ་ཐོ་རེ་མི་ཤེས་ན་རྒྱ་ནག་ཏུ《མཚོ་ངོས་ཀྱི་རྣོ་སྦྲེང་བ》ཞེས་བསྒྱུར་ཡོད་པའི《1990ཡི་ངོ་མཚར་བའི་སྒྲུང》ཁྲོད་ཀྱི་རྣོ་སྦྲེང་ལ་ལྷན་སྐྱེས་ཀྱི་ཤེས་རབ་རྣོ་ཞིང་། ཕྱི་རབས་པས་ངོ་མཚར་བའི་བྱུང་བ་རུ་གླེང་བའི་ཕོ་སར་དེ་ངོ་ཤེས་རྒྱུ་རེད། གལ་སྲིད་དེ་ཆ་རྒྱུས་ཆེན་པོ་མེད་ན《དག་ཞིང་གི་གློག་བརྙན་ཁང》ཤེས་རྒྱུ་རེད། གཞན་ཡང་རྐང་འཁོར་ཞོན་པའི་བུ་ཆུང་དེའི་དྲན་པ་འཕྲོག་མྱོང་བའི《མཱ་ལིན་ནཱ》ངོ་ཤེས་རྒྱུ་རེད། འདི་དག་ཚང་མའི་འཁྲབ་ཁྲིད་པ་ནི་ཇུ་སེ་ཕི•ཐོར་ནཱ་ཐོ་རེ་ཡིན། ཁོང་ནི་ཕཱ་སོ་ལི་ནེ་ནང་བཞིན་ཁྱད་མཚར་དང་ལྐོག་གྱུར་ཞིག་མ་ཡིན་ལ། རོ་བྷིར་ཐོ་བྷེ་ནེག་ནེ་ནང་བཞིན་རྩེད་མཚར་དང་ཆོབས་ཚ་བོ་ཞིག་མིན་ལ་གཏམ་རྒྱུད་གང་ཞིག་ཡིན་རུང་ཁ་གསལ་བོར་བརྗོད་པར་དགའ་བ་ཞིག་ཡིན། སྔོན་ཆད་ངས་རང་ལ་བག་ཆགས་ཟབ་མོ་བཞག་མྱོང་བའི་ཨི་ཐ་ལིའི་གློག་བརྙན་སྐོར་བརྗོད་སྐབས་གོང་གི་གློག་བརྙན་དེ་དག་ནི་ཐོག་མར་བགྲངས་བྱ་རུ་གྱུར་ཡོད་ལ། ཕྱིས་སུ་འདི་དག་ཚང་མ་མི་གཅིག་གི་བརྩམ་ཆོས་ཡིན་པ་ཧ་གོ་དུས་ངོ་མཚར་བའམ་སྨོན་པའི་སེམས་ཀྱང་འགོག་མེད་དུ་སྐྱེས་མྱོང་།

Giuseppe Tornatore.jpg


       ཐེངས་འདིར་ཁོང་གི་གློག་བརྙན་ལྐོག་གྱུར་ཞེས་པར་བལྟས་པ་ཡིན་ལ། དཀའ་སྡུག་དང་ཆག་འཇིག་དུ་མ་མྱངས་པའི་ཨ་མ་ཞིག་གིས་རང་གི་བུ་རྒྱུད་མཐའ་མ་འཚོལ་ཕྱིར་བྱེད་ཐབས་སྣ་ཚོགས་སྤྱད་པའི་གོ་རིམ་དེ་རུ། འཁྲབ་ཁྲིད་པས་གཏམ་རྒྱུད་ཀྱིས་སྐུད་སྣེ་གཉིས་བཟུང་ཞིང་། འཚོལ་བའམ་ཉེ་བར་བཅར་བའི་གོ་རིམ་ཁྲོད་དུ་སྐབས་སྐབས་སུ་སྔར་གྱི་མྱོང་བ་དག་གློ་བུར་དུ་དྲངས་ཤིང་། མྱོང་བ་དེ་དག་གི་ཚོན་མདངས་ཀྱང་འཚོལ་བའི་གོ་རིམ་གྱི་ཚོན་མདངས་ལས་རྦད་དེ་ལྡོག་ནས་མཚམས་སྤྲིན་གྱི་མདངས་ལྟར་སྣུམ་ཁ་དང་ལྡན་པར་བྱས་ཡོད་པས། ཕྱིས་ཀྱི་འཚོལ་སྙེག་གི་གོ་རིམ་ཁྲོད་ཀྱི་སྤྱིར་བཏང་གི་ཚོན་མདངས་སྔོ་སྐྱའམ་ནག་ཤས་ཆེ་བ་དང་ཁྱད་པར་ཕྱེས་ཡོད། ཨ་མ་དེ་ནི་ནག་ཚོགས་ཀྱི་གཏེ་བོ་ཞིག་གིས་དབང་བསྒྱུར་ཞིང་། དེ་ལ་བུ་བཙའ་རོགས་བྱ་བཞིན་ཡོད་ལ། ཁོ་མོས་ཁྱོན་བསྡོམས་མི་ལོ་བཅུ་གཉིས་རིང་ལ་བྱིས་པ་དགུ་བཙའ་མྱོང་བ་རེད། བྱིས་པ་མཐའ་མ་དེ་ནི་ཁོ་མོ་དང་། ཁོ་མོའི་བར་ལ་བརྩེ་དུང་ཆགས་མྱོང་ཞིང་ཕྱིས་སུ་ནག་ཚོགས་གཏེ་བོ་དེས་ལྐོག་ཏུ་བསད་པའི་སྐྱེས་པ་ཞིག་དང་བསྡེབས་ནས་སྐྱེས་པ་ཡིན། ཁོ་མོས་རང་གི་བྱིས་པ་མཐའ་མ་དེ་འཚོལ་ཆེད། བྱིས་པ་གཉོར་ཡོད་པའི་ཁྱིམ་ཚང་དེའི་ཐག་ཉེ་ནས་སྡོད་ཁང་ཐབས་ཆག་ཅིག་གླས་ནས་བསྡད་པ་དང་། བྱིས་པ་གཉོར་བའི་ཁྱིམ་ཚང་དེའི་གཉེར་བ་ལ་ལྐོག་བརྔན་སྤྲད་ནས་ཁྱིམ་ཚང་དེ་ནས་བུ་རྫི་མའི་ལས་ཀ་ཞིག་རེག་ཐབས་བྱས་ཡོད། ལས་ཀ་དེ་རེག་རྗེས་ཁོ་མོ་རང་གི་འདོད་པ་བཞིན་བུ་མོ་དེ་ལ་བཅར་བའི་གོ་སྐབས་ཐོབ་ཅིང་། ཐོག་མར་བུ་མོས་མོ་རང་དགྲ་རུ་བལྟ་བ་ནས་རིམ་བཞིན་ཉེ་བར་བཅར་ཞིང་འདྲིས་ཐུབ་པ་བྱུང་ཡོད། འོན་ཀྱང་འཚོ་བ་ནི་དེ་ལྟར་ལས་སླ་བོའི་ངང་ནས་ལོངས་སུ་སྤྱོད་ཐུབ་པ་ཞིག་མ་ཡིན་པར། ཁོ་མོ་མགོ་ལ་ཆག་འཇིགས་སྣ་ཚོགས་ཤིག་ཡང་དང་བསྐྱར་དུ་ཡོང་ཞིང་མཐའ་མར་བཙོན་དུ་འགྲོ་དགོས་ཐུག་པ་རེད།

海报.jpg


       གློག་བརྙན་འདི་ལས་མི་དང་མིའི་བར་གྱི་བརྩེ་བ་དང་ལྷག་པར་དུ་མ་ཡུམ་གྱིས་རང་གི་བུ་རྒྱུད་ལ་བཅངས་པའི་བརྩེ་བ་ནི་གདུག་རྩུབ་དང་དྲག་སྤྱོད་སོགས་ཀྱིས་གཞོམ་མ་ཐུབ་པ་མཐོང་ཐུབ་ལ། མཐའ་མའི་བརྙན་རིས་སུ་མོ་རང་བཙོན་ཁང་ནས་སྒོ་ལ་ཐོན་རྗེས། མི་གཅིག་ཀྱང་མེད་པའི་ལམ་ཁ་དེ་ནས་སྔར་གྱི་བུ་མོས་འཛུམ་པའི་ངོ་གདོང་གིས་མོ་རང་ལ་བསུ་མ་བྱས་པས། སྤྲིན་པ་འཁྲིག་པའི་གནམ་ངོ་དེའང་དཀའ་སྡུག་སྣ་ཚོགས་མྱངས་ཤིང་། ཉམས་ཆུང་བའི་བུ་མོ་དེ་ཚོའི་ཁོ་རྒྱབ་དཔུང་དུ་ལངས་པའི་བྲག་རི་དང་འདྲ།


 

དཔྱད་མཆན་ཡོད།