འཆིང་གྲོལ། _ གློག་བརྙན་འོས་སྦྱོར་གྱི་གཏམ་བདུད་རྩིའི་ཐིགས་པ།


སྔོན་བརྗོད།

 

     ང་རང་གློག་བརྙན་ལ་བལྟ་རྒྱུར་ཤིན་ཏུ་དགའ། མཚམས་རེར་གློག་བརྙན་རེ་ལ་བལྟས་ནས་སྐར་མ་ཉི་ཤུ་ལྷག་འགོར་དུས། ད་བཟོད་རང་ཉིད་ཀྱིས་སྔར་ཡང་བལྟས་མྱོང་བའི་གློག་བརྙན་ཞིག་ཡིན་པ་ཧ་གོ་ཡོང་དུས། རང་ཉིད་ལའང་འཚིག་པ་ཟ་བར་འགྱུར།ངས་གློག་བརྙན་ཞེས་པ་སྒྱུ་རྩལ་གྱི་བྱེ་བྲག་ཅིག་ཏུ་འདོད་པས་ན། མི་ཞིག་ལ་མཚོན་ན་ལྷ་སྒྲུང་དང་ཆོས་ལུགས། སྒྱུ་རྩལ་གྱི་དགོས་མཁོ་དེ་གཞན་ལས་གལ་ཆེ་བར་བཤད་ཚུལ་དེར་མོས་མཐུན་ཆེན་པོ་ཡོད། སྔོན་ཧྥོ་ལོ་དབྱི་ཏིས“འདོད་པ”ལ་བརྟེན་ནས་བག་ཉལ་གྱི་འདུ་ཤེས་ལ་འགྲེལ་བཤད་བྱས་པར། ཅོང་ཀུས“འདོད་པ”ཙམ་དེ་མི་རྣམས་ཀྱི་རྩ་བའི་དགོས་མཁོ་མེད་དུ་མི་རུང་བ་དེ་མ་ཡིན་པར། “འདོད་པ”ལས་བསམ་བློའི་དགོས་མཁོ་ཉིད་མེད་དུ་མི་རུང་ཞིང་། བསམ་བློའི་དགོས་མཁོ་ལས་གལ་ཆེ་བ་ནི་ལྷ་སྒྲུང་དང་ཆོས་ལུགས། སྒྱུ་རྩལ་རྣམས་ཡིན་པར་བཤད། དེའི་ཕྱིར། ངས་རང་ཉིད་དེ་དག་ལ་དགའ་བར་ཡང་རྒྱུ་མཚན་མེད་པ་མ་རེད་ཨང་སྙམ། སྤྱིར་ང་རང་དགའ་སའི་སྒྲུང་གཏམ་དང་སྙན་ངག་ཤིན་ཏུ་མང་བ་བཞིན་གློག་བརྙན་ཡང་དེ་ལྟར་མང་ཞིང་། དེ་དག་ལས་མང་བོ་ཞིག་ཚང་མས་གླེང་སྟེ། བལྟས་མ་མྱོང་མཁན་མེད་པའི་ཚད་ལ་བསྐྱལ་འདུག་པས་ན། འདིར་དུས་རབས་ཉེར་གཅིག་པའི་ནང་གི་གློག་བརྙན་རྙིང་མ་དྲགས་པ་འགའ་ཀུན་ལ་འོས་སྦྱོར་བྱ་བར་འདོད་དོ།།

 

༡  གློག་བརྙན་གྱི་མིང་། མཚོ་སྔོན་པོ།  (Kokonor)

 

FullSizeRender.jpg    འཁྲབ་ཁྲིད་པ། ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་།

    བསྐྲུན་ལོ། མ་ངེས།  

    བསྐྲུན་ཡུལ། ཧྥ་རན་སི།

    རིང་ཚད། མ་ངེས། 

    རིགས། དངོས་བཤུས།

    ཚོན་མདོག   ཚོན་ལྡན།

    སྐད་རིགས། བོད་སྐད།

 

ནང་དོན་གནད་བསྡུས།

    མཚོ་སྔོན་པོ་ནི་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཤིང་།  ཀྲུང་གོའི་མཚེའུ་ཆེས་ཆེ་བའི་གྲས་སོ།། མཚོ་སྔོན་པོའི་ཁོ་ར་ཁོར་ཡུག་ནི་རང་སྐྱོང་ཁུལ་མི་འདྲ་བ་གསུམ་ལྷག་གི་འབྲོག་པས་བཟུང་ཡོད་ལ། ཆེད་དུ་ཁེ་ལས་འདྲ་གཉེར་ནས་གཞིས་ཆགས་པའི་མི་རིགས་གཞན་གྱི་མི་ཡང་མི་ཉུང་ངོ་།།

    དངོས་བཤུས་གློག་བརྙན་འདིར་མཚོ་སྔོན་པོའི་རྩྭ་བདག་ཆུ་བདག་ཏུ་གྱུར་བའི་འབྲོག་པ་དག་གིས། རང་གི་ཕ་ས་ཆུང་ཆུང་དེ་སྲོག་ལ་བསྡོས་ནས་བསྲུངས་པའི་བརྒྱུད་རིམ་དེ་ཅུང་ཆ་ཚང་བའི་ངང་གསལ་སྟོན་བྱས་ཡོད་ཅིང་།  ཡུལ་སྐོར་ལྗོངས་རྒྱུ་བ་དག་གི་ལག་ནས་དངུལ་སྒོར་ཙག་ཙིག་རེ་འཐོབ་ཆེད། རྟ་དང་གཡག་ལ་སྒ་བསྟད་དེ་འགྲུལ་བའི་བཞོན་པ་བྱེད་དུ་འཇུག་པ་དང་། བྱིས་པ་ཆུང་ཆུང་དག་ལ་བོད་ལྭ་རེ་བསྐོན་ནས་འགྲུལ་བ་དག་ལ་པར་རྒྱག་རོགས་བྱེད་པའི་རྣམ་པ་དག་སྙིང་ལ་ན་ཟུག་སློང་བྱེད་དུ་བསྐྲུན་ཡོད་པ་མ་ཟད།  སྲིད་གཞུང་གིས་བཙན་པོའི་དབང་ཤུགས་དང་དྲག་པོའི་དམག་ཤུགས་བཀོལ་ཏེ། མི་སེར་གྱི་ལག་ནས་མཚོ་སྔོན་པོའི་བདག་དབང་འཕྲོག་པའི་ལས་སྲོལ་དག་ཀྱང་། དཔང་བའི་མི་དང་བདེན་པའི་ངག་གིས་གསལ་རྗེན་དུ་བསྟན་ཡོད་པས་ན། བོད་ཡུལ་གྱི་དངོས་བཤུས་གཞན་གྱིས་འགྲུབ་ཐབས་མེད་པའི་དུས་རབས་ཀྱི་འོས་འགན་ལྕི་མོ་ཞིག་འདི་ཡིས་རང་ཕྲག་ཏུ་བླངས་ཡོད་དོ།།

འོས་སྦྱོར་གྱི་གཏམ།

    དབྱར་གྱི་མཛེས་སྡུག་གིས་ཁོ་ར་ཁོར་ཡུག་ཡོངས་སུ་བརྒྱན་དུས། མཐོ་སྒང་གི་མི་རྣམས་ཀྱི་ཡིད་ཀྱི་ཐན་པ་ཅིག་ཅར་སེལ་ཕྱིར་སུ་ཞིག་གིས་ཆེད་དུ་བསྐྲུན་པ་ལྟ་བུའི་མཚོ་སྔོན་པོ་ནི།  ཕྱོགས་ཀྱི་མགྲོན་པོ་དག་གི་ཡིད་རབ་འཕྲོག་པར་བྱེད་པའི་གཡུ་ཆུང་དྲུག་དཀར་རྡོག་གཅིག་སྟེ། འདོད་པའི་ཕྲེང་བར་བརྒྱུས་ནས་མགུལ་རྒྱན་དུ་ཉར་འདོད་མཁན་ཅི་བས་མང་བ་ལ་ཨང་། སྔོན་གྱི་རྒྱའི་ལོ་རྒྱུས་དེབ་ཐེར་ཁག་ཏུ། རྟ་ཁྱུ་རྣམས་མཚོ་སྔོན་པོའི་མཚོ་སྙིང་དུ་བཏང་སྟེ། ཕྱི་ལོར་དེད་ཡོང་ན་རྟེའུ་མང་བོ་ཡོད་ཅིང་། དེ་དག་ནི་འབྲུག་གི་རྒྱུད་པར་གྲགས་པས་རྟ་རྒྱུད་ཤིན་ཏུ་བཟང་བར་བཤད། འོ་ན། ད་ལྟའི་དུས་སུ་འབྲུག་རྒྱུད་དུ་གྲགས་པའི་མཚོ་སྔོན་པོའི་རྟ་ཕོ་དེ་དག་ནི།  སྒ་ཆས་ཡག་པོ་སྤྲས་ཏེ་མི་རིགས་གཞན་གྱི་པར་རྒྱག་བྱེད་ཀྱི་རྩེད་ཆས་གཡུང་མོ་དག་ཏུ་གྱུར་ཡོད་ཅིང་།  དེ་དག་གི་བདག་པོ་རྣམས་ནི་མགྲོན་པོ་རྟ་ལ་བསྐྱོན་ནས་འཁྲིད་མཁན་དང་།  དེ་དག་གི་ཚ་བོ་ཚ་མོ་དག་ནི་ཕྱེ་ལེབ་ལྟ་བུའི་བོད་ལྭ་འགའ་གྱོན་ནས། མགྲོན་པོ་དག་ཕར་བདའ་ཚུར་བདའ་བྱས་ཏེ་པར་རེ་བསྐྱོན་པར་རེ་བ་འཆང་མཁན་དག་ཏུ་གྱུར་ཡོད་ཅིང་། དེ་ཡང་གློག་བརྙན་ནང་གི་སྐད་ཆས་བཤད་ན། མགྲོན་པོ་དག་གི་མིག་ལམ་དུ་ཁོ་ཚོ་ནི་“ངོ་མཚར་བའི་སྲོག་ཆགས་”ཤིག་ཏུ་གྱུར་ཡོད་པ་དང་། རང་ཉིད་“ངོ་མཚར་བའི་སྲོག་ཆགས་”ཤིག་ཏུ་བསྒྱུར་ནས“ཇ་ཚྭ་ཁུ་”ཉོ་བྱེད་ཙམ་ཤ་ཐང་ཐང་གིས་གཉེར་བ་དེའོ།། དེ་ལྟ་བུའི་འཁོས་ཆུང་གི་འཚོ་བ་དེ་དག་གློག་བརྙན་འདིས་གཟབ་ནན་གྱིས་དངོས་སུ་བཤུས་ཡོད་ཅིང་།  རྡོ་ཆུང་ཆུང་ལ་ཁ་བ་ཆུང་ཆུང་གི་དཔེ་ལྟར། མི་སེར་ཕལ་བ་དག་གི་སྟབས་བདེ་དང་གནས་སྐབས་ཀྱི་སེམས་རྒྱ་དེ་དག་མཚོ་སྔོན་པོ་ཇི་བཞིན་དྭངས་གཙང་གིས་བཞེངས་འདུག  མཚོ་སྔོན་པོའི་ཉེ་འཁོར་གྱི་འབྲོག་པ་ཚོས་དེ་དག་ལས་གཞན་པའི་ལས་ཀ་ཅི་ཞིག་ལས་དགོས་སམ་ཞེ་ན། དེ་ནི་གློག་བརྙན་འདིའི་ལྗིད་ཚད་ཀྱི་གྲུབ་ཆ་གཙོ་བོར་གྱུར་བ་སྟེ།  མཚོ་སྔོན་པོ་བསྲུང་དགོས་པ་དེའོ།།  གློག་བརྙན་ནང་གི་སྐད་ཆས་བཤད་ན། “ཐུག་པ་ཞིག་ལ་དཔེ་བཞག་ན། ནང་གི་ཤ་དང་ཕྱེ་སོགས་ཟོས་ཚར་དུས་ཁུ་དྭངས་ཉུང་བར་འགྱུར་”བ་ལྟ་བུ་སྟེ།  མཚོ་སྔོན་པོ་བྲི་བར་འགྱུར་བྱེད་གཅིག་ནི། ཉ་བ་རྣམས་ཀྱིས་ཉ་མང་བོ་བཟུང་བ་དང་།  ཉ་འཛིན་ཕྱིར་མཚེའུ་ལ་རྫས་སྣ་ཚོགས་བཏབ་པས་མཚོ་སྔོན་པོ་འཕེལ་ཞིང་རྒྱས་པ་ལ་གེགས་རྒྱ་བཟོས་པ་དེའོ།། དེའི་ཕྱིར་འབྲོག་པ་དག་གིས་ཉ་བདའ་རྣམས་བདའ་དགོས་པ་དང་། དེ་ལས་ཀྱང་དཀའ་ཁག་ཆེ་བ་ནི།  སྲིད་གཞུང་གིས་བཙན་གྱིས་མཚོ་སྔོན་པོ་མི་སེར་དག་གི་ལག་ནས་འཕྲོག་རྩིས་བྱས་པར་ངོ་རྒོལ་བྱ་རྒྱུ་དེ་ལགས་པས། གློག་བརྙན་འདིའི་ནང་གི་རྒན་པོ་རྣམས་ཀྱི་མིག་ཆུ་ཁྲ་ཆིལ་བ་དེའང་དེ་ཁོ་ན་ཉིད་ལ་འབྲེལ་བ་ཡོད་པ་ཉིད་དོ།།  ཤིན་ཏུ་ཕངས་པ་ཞིག་ནི། ལྕགས་རི་རིང་ཞིང་མཐོ་བ་ཞིག་གི་རྐྱེན་པས།  བདག་གིས་གློག་བརྙན་དེར་ཐེངས་གཅིག་ལས་བལྟ་མ་ཐུབ་པ་དེའོ།།

 

 

 

 ༢•གློག་བརྙན་གྱི་མིང་། ཨ་གྷོ་རཱ། (Agora)

 

 f31fbe096b63f624987a5ebf8544ebf81a4ca363.jpg  འཁྲབ་ཁྲིད་པ། ཡ་ལི་སིང་ཏི་ལོ•ཨ་མན་པཱ།

   གཙོ་འཁྲབ། ཏོན་ཆེར་ཝེ་ཚི། མེ་རྒི་ཟི་མེན་རྒི་རཱ་སོགས།

   བསྐྲུན་ལོ། 2009.10.9  བསྐྲུན་ཡུལ། སུར་ཕེན་ཡ།

   རིང་ཚད། སྐར་མ127   ཚོན་མདོག   ཚོན་མེད།

   རིགས། བརྩེ་དུང་། ལོ་རྒྱུས།

    ནང་དོན་གནད་བསྡུས།

     འདི་ནི་ཆོས་ལུགས་མཚོན་པའི་གློག་བརྙན་ཤིན་ཏུ་ཡག་པོ་ཞིག་སྟེ།  གཏམ་རྒྱུད་བྱུང་ས་ནི་སྤྱི་ལོའི་དུས་རབས་བཞི་བའི་སྐབས་ཀྱི་ཨེ་ཇེབ་ཡིན། ཏོན་ཆེར་ཝེ་ཚི་ལགས་ཀྱིས་ཨེ་ཇེབ་ཀྱི་རྩིས་པ་གྲགས་ཅན། སྐར་རྩིས་པ། མཚད་ཉིད་རིག་པ་བ་ཧེ་ཕཱ་ཐཱ་ཡ་ལགས་འཁྲབ་ཡོད་ཅིང་། ཁོ་མོས་ཤུགས་ཆེན་པོས་གནའ་བོའི་ཤེས་རིག་གི་ཉིང་བཅུད་མང་བོ་ལེགས་བསྒྲིགས་དང་ཉར་ཚགས་བྱས་པར། སྐབས་དེར་དར་ཁྱབ་འབྱུང་བཞིན་པའི་ཡེ་ཤུའི་ཆོས་ལུགས་ཀྱིས་གྲུབ་མཐའ་མི་གཅིག་པར་བལྟས་ཤིང་། མིག་ནང་གི་ཚེར་མ་ཤ་སྟག་ཏུ་གྱུར་ཏེ། མཐར་ཡེ་ཤུའི་ཆོས་པ་གཏུམ་སྤྱོད་ཅན་དག་གིས་རྐྱེན་ལམ་དུ་བཏང་། མེ་རྒི་ཟི་མེན་རྒི་རཱ་ཡིས་ཧེ་ཕཱ་ཐཱ་ཡ་ཡི་གཡོག་པོ་ཏ་ཝོ་ཟི་འཁྲབ་ཡོད། ཁོ་ཕྱོགས་གཅིག་ནས་རང་གི་བདག་མོར་སྙིང་ནས་དགའ་ཞིང་། ཕྱོགས་གཞན་ཞིག་ནས་ཡེ་ཤུའི་ཆོས་ལུགས་སུ་ཞུགས་ནས་རང་དབང་འཐོབ་པར་འདོད་ཡོད། དེའི་ཕྱིར། བཏང་ན་རྫ་མ་དང་བཟུང་ན་ལག་པ་འཚིག་པའི་དཔེ་ལྟར་ཏེ། མེ་ཆུ་ལྟར་གཞི་གཅིག་ཏུ་ཡོང་ཐབས་མེད་པའི་ཨུ་ཐུག་མཐར་ཟད་ཀྱིས་ཁོ་རང་གཏིང་ཟབ་པའི་འགལ་ཟླའི་ཁྲོད་སྡུག་བསྔལ་གྱི་འཕག་འཚག་བྱེད་པར་མངགས་ཡོད།

འོས་སྦྱོར་གྱི་གཏམ།

    གློག་བརྙན་འདིའི་འཁྲབ་ཁྲིད་པ་ཨ་མན་པཱ་ལགས་ཀྱིས། “ང་དང་ངེད་ཀྱི་བརྙན་སྐྲུན་ཚོགས་པས། ཁོ་མོའི་ཤི་རྐྱེན་གྱིས་དོན་དངོས་   སུ་དོན་དག་ཅི་ཞིག་མཚོན་མིན་དང་། ཡ་ལིས་ཧྲན་ཏ་གླིང་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་མིན། འཛམ་གླིང་ཧྲིལ་བོའི་ཤེས་རིག་འཕེལ་རྒྱས་ལ་ནུས་པ་གང་ཞིག་ཐོན་མིན་ལ་འདང་བརྒྱབ་པ་ཡིན།  ཕྱོགས་གཞན་ཞིག་ནས་བཤད་ན། ཁོ་མོའི་སྐོར་གྱི་རྒྱུ་ཆ་མང་བོ་མེད་པ་དེ་ལ་བཟང་ཆ་ཡང་མི་ཉུང་   སྟེ། རྒྱུ་ཆ་མང་བོ་མེད་པས་ང་ཚོ་རང་གི་ཀླད་པ་འགུལ་ནས་ཧེ་ཕཱ་ཐཱ་ཡའི་ཚེ་སྲོག་གི་གཏམ་རྒྱུད་ཕུན་སུམ་ཚོགས་པར་གཏོང་ཆོག་ལ། ཁོ་མོའི་ནང་སེམས་དང་བསམ་བློ་ཡོངས་སུ་རྫོགས་པར་མཚོན་ཆོག  དེ་ལྟ་མིན་པར་ཁོ་མོའི་ལོ་རྒྱུས་ཆ་ཚང་བར་ཡོད་པ་ཡིན་ན་བདག་གི་འཆར་སྒོ་འདི་ལྟར་ཡངས་མི་སྲིད།” ཅེས་གསུངས་ཤིང་།  གཙོ་འཁྲབ་མཁན་ཝེ་ཚི་ཡིས། “ངས་ཧེ་ཕཱ་ཐཱ་ཡ་ལགས་སུ་ཡིན་མི་ཤེས་ནའང་། འཁྲབ་གཞུང་ལ་བལྟས་རྗེས་མྱུར་བར་གློག་བརྙན་འདིར་ཞུགས་རྒྱུའི་སེམས་ཐག་བཅད་པ་ཡིན། དེ་ནི་ཧེ་ཕཱ་ཐཱ་ཡའི་མི་ཚེས་ངའི་ཡིད་རབ་འཕྲོག་སོང་ཟེར་བ་ལས། ཆོས་ལུགས་དང་སྲིད་དབང་གི་རྭ་བར་དུ་ལྷུང་བའི་བུད་མེེད་ཀྱི་ཚེ་སྲོག་གཉོམ་པོས་ངའི་ཡིད་འཁུལ་བར་བྱས་སོང་ཟེར་ན་འགྲིག་པ་ཡིན། ང་རང་འཁྲབ་གཞུང་འདིར་རབ་ཏུ་དགའ།”ཟེར་ཞིང་། མེ་རྒི་ཟི་ཡིས། “ཏ་ཝོ་ཟི་ནི་བྲན་གཡོག་ཅིག་ཡིན་ལ། ཁོས་གཞན་གྱི་ཁས་ལེན་འཐོབ་པར་རེ་བ་ཆེན་པོ་བཅངས་ཡོད་ལ། ཁོའི་སེམས་ཁུར་དང་སྡང་སེམས་མཐའ་དག་ཁས་ལེན་མ་ཐོབ་པ་ལས་བྱུང་། དེའི་ཕྱིར། ཁོས་མཇུག་མཐར་ཡེ་ཤུ་ཆོས་ལུགས་མ་བདམས་ཐབས་མེད་གྱུར་ཅིང་། དེ་རུ་ད་བཟོད་གཞན་གྱི་བྲན་གཡོག་མ་ཡིན་ནོ།།” ཞེས་སོགས་ཟེར་ཞིང་།  དེ་དག་ནི་གློག་བརྙན་འདི་བཟོ་མཁན་དང་དེར་ཞུགས་མཁན་གྱི་མི་སྣའི་ཉམས་མྱོང་གི་སྐད་ཆ་དམར་བ་དེ་ལགས་པས་མཚོན་སྟོབས་ཁྱད་པར་ཅན་དང་ལྡན་པ་ཡིན།  བུད་མེད་ཅིག་གི་གནས་བབས་མཚོན་པ་ལ།  བུད་མེད་དེའི་ཉེ་འཁོར་གྱི་སྐྱེས་པ་དག་གི་བྱ་སྤྱོད་མཚོན་པ་གལ་ཆེ་ཞིང་།  སྐྱེས་པ་དག་གི་འདོད་ཧམ་དང་དབང་ཤུགས་ཀྱི་བར་དུ་ད་བཟོད་སྐྱེས་མ་དག་གི་ལས་དབང་གསལ་བོར་མཐོང་ཐུབ་པས་ན། གློག་བརྙན་འདིས་ཀྱང་དེ་ཉིད་སྟོན་པ་གཙོ་བོར་བཟུང་ཡོད། ཆོས་ལུགས་དང་དབང་ཤུགས་ཟེར་བ་དེ་དག་རང་ངོས་ནས་སྙིང་རྗེ་དང་དྲང་བདེན་གྱིས་བདག་གིར་བྱས་པ་ཤུགས་ཆེ་ནའང་།  དེ་དག་མི་སྒེར་གྱི་ལག་ཆར་གྱུར་ནས་སྒེར་གྱི་ཤ་འཁོན་རྩོད་བྱེད་དུ་གྱུར་དུས་ཤིན་ཏུ་འཇིགས་སུ་རུང་བ་ཡིན།  གྲུབ་མཐའི་འཐེན་འཁྱེར་དང་རིག་གནས་ཕན་ཚུན་གྱི་འགལ་ཟླ་ཟེར་བ་དེ་ཡང་། མི་དེ་དང་དེའི་ནང་སེམས་སུ་ཞུགས་པའི་ཆོས་ལུགས་ཀྱི་ཤན་སྟོབས་ཁོ་ནས་མ་ཡིན་པར། སྒེར་གྱི་ཕན་པ་སྒྲུབ་བྱེད་དུ་གྱུར་དུས་སྐྱོ་གར་གྱི་འགོ་བརྩམས་པ་ཡིན།  སྤྱི་ཚོགས་གང་དང་གང་ལ་མཚོན་ནའང་། དེར་རིག་གནས་ཤིག་དར་བ་ནི་ཤིན་ཏུ་དགའ་འོས་པའི་གནས་སུ་ཆེ་ནའང་། རིག་གནས་དེ་གཞན་གྱི་སྡུག་བསྔལ་དང་སྒེར་སེམས་ཁོ་ནའི་སྟེང་ནས་དར་དགོས་ན་ཤིན་ཏུ་ཕངས་པའི་གནས་ཏེ། གློག་བརྙན་འདིས་ཚུལ་དེར་ངེས་ཤེས་འདྲོང་བར་བྱེད་དོ།།  གློག་བརྙན་གྲགས་ཅན༼གོར་མས་བསད་པའི་ཟོ་རཱ་ཡཱ༽ཞེས་པ་དང་འདི་གཉིས་ལ་ཤིན་ཏུ་འདྲ་བའི་ཆ་མང་ནའང་།  ཟོ་རཱ་ཡཱ་ཡིས་མི་སྒེར་གྱི་ལས་དབང་དང་འདི་ཡིས་ཤེས་ཡོན་པ་ཞེས་པའི་ཚོགས་སྡེ་ཞིག་གི་ལས་དབང་མཚོན་པས་ན། ཤེས་རིག་གི་ཁ་གཏད་ཀྱི་མུན་པའི་ནང་ལ་ཉུལ་བར་འདི་ཡིས་གཟུར་མེད་ཀྱི་ལམ་སྟོན་གནང་ངེས་པ་ཡིན་ནོ།།

 

 ༣•གློག་བརྙན་གྱི་མིང་། དཔྱིད་དབྱར་སྟོན་དགུན་སླར་ཡང་དཔྱིད། (봄 여름 가을 겨울 그리고 봄)

 

image1.jpg   འཁྲབ་ཁྲིད་པ། ཅིན་ཁེན་རྡི།

   གཙོ་འཁྲབ། ཅིན་ཡིན་མེན། ཝོའུ་ཡིན་ཞུག  ཅིན་ཁེན་རྡི་སོགས།

   བསྐྲུན་ལོ། 2009.9.19 བསྐྲུན་ཡུལ། ལྷོ་ཁོ་རེ་ཡ། འཇར་མན།

   རིང་ཚད། སྐར་མ105  ཚོན་མདོག   ཚོན་ལྡན།

   རིགས།  ཆོས་ལུགས།  གཟབ་བྲིས།

   སྐད་རིགས།  ལྷོ་ཁོ་རེ་ཡའི་སྐད།

   ནང་དོན་གནད་བསྡུས།

    གློག་བརྙན་འདི་ནི་འཁོར་བ་དང་ཐར་བ། བདེ་བ་དང་སྡུག་བསྔལ། བརྩེ་བ་དང་ཞེ་སྡང་། ཉོན་མོངས་དང་མངོན་རྟོགས་སོགས་གཞི་གཅིག་ཏུ་བསྡུས་པའི་གློག་བརྙན་ཞིག་སྟེ། དུས་ཚིགས་བཞི་ཡི་འཁོར་སྐྱོད་ལ་བརྟེན་ནས། མིའི་འགྱུར་རིམ་ཆེན་པོ་བཞི་སྟེ། ཆུང་ངུའི་དུས་དང་གཞོན་ནུའི་དུས། དར་མའི་དུས་དང་རྒན་པོའི་དུས་བཞི་མཚོན་པར་བྱས་ཤིང་། དེ་དག་གིས་གོ་རིམ་བཞིན་བསམ་མེད་དང་འདོད་པ། ནག་ཉེས་དང་ཕྱིར་རྟོག་སོགས་མཚོན་པར་བྱས་ཏེ། མི་ཞིག་ཡིན་ན་རིམ་པ་དེ་དག་ངེས་པར་བརྒྱུད་རྗེས་ད་བཟོད་བསམ་ཤེས་འོང་བའི་མི་ཚེའི་གནས་ལུགས་སྲོག་རྩར་བྱས་ཡོད་ཅིང་།  ནང་ཆོས་མཚན་ཉིད་རིག་པའི་ལྟ་བས་ལེགས་པར་རྒྱས་བཏབ་པའི་གློག་བརྙན་ཡག་པོ་ཞིག་གོ།

   འོས་སྦྱོར་གྱི་གཏམ།

    ལས་རྒྱུ་འབྲས་ཀྱི་རྣམ་གཞག་ལ་གཏིང་ནས་ཡིད་ཆེས་པའི་མི་ཞིག་ལ་མཚོན་ན། གློག་བརྙན་འདིའི་ནང་གི་ཕྱི་མ་ཕྱི་མ་སྔ་མ་སྔ་མ་དང་འབྲེལ་བའི་ལུགས་འབྱུང་གི་ཆོས་ཉིད་དང་། ཆོས་ཉིད་དེའི་འཆར་ཡོལ་དུ་མངོན་པའི་སྒྱུ་མའི་ལྟད་མོ་དག་གིས་ཡིད་རབ་འཕྲོག་པར་འགྱུར་བ་གདོན་མི་ཟ་སྟེ།  རྩེད་མོར་དགའ་བའི་གྲྭ་ཕྲུག་དེས་སྦལ་བའི་ཁ་ནང་ལ་རྡེའུ་བརྫངས་པ་དང་། ཉ་དང་སྦྲུལ་གྱི་འཕོངས་ལ་རྡོ་བ་འདོགས་པའི་བྱ་སྤྱོད་དེ་དག་ནི། མ་འོངས་པར་ཁོ་རང་གིས་ལུ་གུ་རྒྱུད་དུ་མྱོང་འགྱུར་གྱི་ལས་སྣ་ཚོགས་ཀྱི་ས་བོན་དུ་གྱུར་ཅིང་། གྲྭ་ཕྲུག་དེ་བྱིས་དུས་རྩེད་མོར་གཡེངས་པ་དང་ན་གཞོན་གྱི་དུས་སུ་བརྩེ་དུང་གི་དབང་དུ་སོང་བ།  དར་མའི་དུས་སུ་མི་གསོད་ལག་དམར་དུ་གྱུར་བ་དང་། རྒན་པའི་དུས་སུ་ད་བཟོད་དཀའ་སྤྱད་ལ་བརྟེན་ནས་མངོན་རྟོགས་ཀྱི་ཀློང་བརྡོལ་བར་གྱུར་བའི་ཚུལ་དེ་ཡང་། ཁོ་རང་གི་མི་ཚེ་ཙམ་དུ་མ་ཟད་ཁོའི་སློབ་དཔོན་དང་སློབ་མ་གཉིས་ཏེ། ཁོ་རང་མི་རབས་གསུམ་པོའི་མི་ཚེའི་གཏམ་རྒྱུད་ལགས་པས་ན་གློག་བརྙན་འདིའི་ཟབ་གསང་གི་གནད་ཀྱང་འདི་ན་ཡོད་པའོ།། དེང་གི་དུས་སུ་གྲོང་ཁྱེར་དང་ཞིང་འབྲོག་གི་བྱིས་པ་དག་ཕར་ཟད། ཐ་ན་སྲོལ་རྒྱུན་གྱི་དྲི་མ་སྟུག་པའི་དགོན་སྡེའི་སློབ་གསོའི་འོག་འཚོ་བའི་གྲྭ་ཕྲུག་དག་ཀྱང་། བསམ་པའི་འཚོ་བཅུད་ཀྱིས་དབུལ་དྲགས་ཏེ་གློག་ཀླད་དང་ཁ་པར་གྱི་རོལ་རྩེད་ཀྱི་དབང་དུ་གྱུར་ནས། འཕྲུལ་ཆས་ཀྱི་མི་ལྟ་བུ་ཞིག་ཏུ་གྱུར་དང་འགྱུར་བཞིན་པའི་སྐབས་སུ།  ལས་འབྲས་ཀྱི་རི་མོ་གཟུགས་ཅན་དུ་སྟོན་པའི་བརྙན་རིས་འདི་རིགས་ནི། བྱིས་བློའི་ཤོག་དཀར་ངོས་ནས་ཡལ་ཐབས་མེད་པའི་ཚོན་མདངས་རབ་ཏུ་ཡག་པོ་ཞིག་ཏུ་འདོད་ཅིང་། བདག་གིས་ལོ་ན་བཅུ་ཡས་མས་ཀྱི་གྲྭ་ཕྲུག་འགའ་ལ་གློག་བརྙན་འདིའི་དཔྱིད་སྔ་མའི་བྱུང་བ་དག་ངོ་སྤྲོད་དང་བཅས་བསྟན་པ་ན། ཁོ་ཚོའི་མིག་མདངས་ལས་ཉ་ཡི་འཕོངས་ལ་རྡོ་བ་བཏགས་ནས་ཤི་བར་གྱུར་ཚེ། དེའི་ཉེས་པ་འདག་ཐབས་སུ་རང་གི་འཕོངས་ལ་རྡོ་བ་འདོགས་རྒྱུ་ཁོ་ན་ལས་ཐབས་གཞན་མི་འདུག་པའི་ལས་འབྲས་ཀྱི་ཚུལ་ལ་ངེས་ཤེས་རྙེད་ཡོད་པ་མཐོང་བར་གྱུར་ཏོ།།   ད་དུང་ཟོ་ཆེན་གྱི་འཁོར་ལོ་བཞིན་དུ་རྡོག་ཐབས་གཅིག་གིས་མུ་ནས་མུ་རུ་འཁོར་བའི་འཁོར་བའི་རང་བཞིན་དང་། ལས་ཉོན་གྱི་དབང་གིས་སྡུག་བསྔལ་མྱོང་ཚུལ། ལམ་སྒོམ་པས་འགོག་བདེན་འཐོབ་ཚུལ། རྒྱལ་དང་རྒྱལ་བའི་སྲས་རྣམས་གཤེགས་པའི་གཤེགས་ཤུལ་དམ་པ་སྟེ། སྐྱེས་བུ་གཅིག་ནར་སོན་ཚུལ་གྱི་གོ་རིམ་ཆ་ཚང་བ་འདི་ལས་སྟོན་པར་འགྱུར་བས་ན། གློག་བརྙན་འདི་ཆེད་དུ་གྲྭ་བཙུན་དག་གི་གཟིགས་མོར་འོས་སྦྱོར་བྱེད་འདོད་སྐྱེས།

 

༤•གློག་བརྙན་གྱི་མིང་། མཉམ་ལེན་འཛིན་གྲྭའི་དཔྱིད་ཀ(Les Choristes)

 

342ac65c10385343f8e8ef9d9113b07eca808862.jpg   འཁྲབ་ཁྲིད་པ། ཁུ་ལིས་ཟི་ཐོ་ཧྥོའུ•པ་ལ་ཏིས།

   གཙོ་འཁྲབ། རྗེ་ལྷ•ལྗོན་ནོ། ཡ་ཁུ་པེ་ཧན། མ་ལི•བྷུ་ནེར་སོགས།

   བསྐྲུན་ལོ། 2004  བསྐྲུན་ཡུལ། ཧྥ་རན་སི།

   རིང་ཚད། སྐར་མ97   ཚོན་མདོག   ཚོན་ལྡན།

   རིགས།  གཟབ་བྲིས། རོལ་མོ།

   སྐད་རིགས།  ཧྥ་སྐད།

   ནང་དོན་གནད་བསྡུས།

    མིང་དུ་གྲགས་པའི་རོལ་མོའི་བཀོད་འདོམས་པ་ཕིས་འེར་མོ་ཨང་ཁི་ཕྱིར་ཧྥ་རན་སིར་ཡོང་ནས་མ་ཡུམ་གྱི་འདས་མཆོད་ལ་ཞུགས་ཤིང་། ཁོའི་གྲོགས་པོ་རྙིང་བ་ཕེས་ཕིས་ནོ་ཡིས་ཁོ་ལ་ཉིན་ཐོ་འབྲི་དེབ་རྙིང་བ་ཞིག་བྱིན། ཁོས་བལྟས་པ་ན་དེ་ནི་རང་གི་རིག་སྒོ་འབྱེད་མཁན་གྱི་དགེ་རྒན་བཀའ་དྲིན་ཅན་ཁུ་ལེ་མིན་ཐུ•མ་ཞུག་གི་ཤུལ་བཞག་ཉིན་ཐོ་ཡིན་པ་ཤེས། ཕིས་འེར་ཡུན་གྱིས་སློབ་དཔོན་གྱི་སྐབས་དེའི་སེམས་པའི་འཇིག་རྟེན་ཉུལ་བར་ཆས་པ་ན།  བྱིས་དུས་ཀྱི་འདས་དོན་མང་བོ་ཞིག་རེ་རེ་བཞིན་དྲན་པའི་ཟབ་སར་མངོན་པར་གྱུར། མཱ་ཞུག་ནི་ཡོན་ཏན་གྱིས་ཕྱུག་པའི་རོལ་མོ་ཞིག་ཡིན་ནའང་། ༡༩༤༩ལོའི་ཧྥ་རན་སིའི་ཞིང་གྲོང་གི་སྤྱི་ཚོགས་ཀྱིས་ཁོ་ལ་འཇོན་ཐང་ངོམ་པའི་གོ་སྐབས་མ་བྱིན་པས། ཁོ་རང་གཏན་སྡོད་སློབ་གྲྭ་ཞིག་དགེ་རྒན་མི་བྱེད་ཐབས་མེད་གྱུར། སློབ་གྲྭ་དེའི་སློབ་མ་ཕལ་མོ་ཆེ་ནི་དམུ་རྒོད་ཤ་སྟག་སྟེ། སློབ་གཙོས་ལུས་ཆད་སྣ་ཚོགས་ལ་བརྟེན་ནས་ཁོ་ཚོ་འདུལ་ཐབས་བྱེད་ཀྱིན་ཡོད་ལ། ཁོ་རང་ཚོས་ཀྱང་སྣ་སྒོར་མོ་ནས་དེ་ལ་སྐྱིན་པ་རེ་ཨེ་ལོན་གྱི་རྣམ་རིག་སྐྲ་རྩེར་འཁྱུག་བཞིན་ཡོད། མ་ཞུག་གིས་ཚུལ་དེ་མཐོང་བས་རང་གི་ཐུན་མིན་གྱི་སློབ་གསོའི་བྱེད་ཐབས་ཤིག་ལག་ཏུ་བསྟར་བའི་ཆོད་སེམས་སྔོན་དུ་བཏང་ཞིང་།  རང་གི་བརྩེ་བས་གཏམས་པའི་རོལ་མོའི་ལྡེ་མིག་གིས།བྱིས་པ་དག་གི་ནང་སེམས་ཀྱི་ཟྭ་རྒན་བཙའ་རོ་མ་དེ་འབྱེད་པར་བྱས། མདོར་བསྡུས་ན། རིགས་པ་བརྒྱ་དག་གིས་ནི་གཞོན་ནུ"སྐྱོན་ཅན"དེ་དག་ལེགས་པའི་ལམ་དུ་འཛུད་པར་མཛད།

འོས་སྦྱོར་གྱི་གཏམ།

     རང་རེའི་སྔོན་གྱི་བཤད་རྒྱུན་རྣམས་སུ། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ལ་ཟུར་མི་འདྲ་བ་བཅུ་ལྷག་བཞག་ཅིང་།  དེ་དག་ལས་བརྩེ་བའི་བདག་ཉིད་དུ་གྱུར་བ་དང་སྐྱོ་བ་སྤངས་པ་གཉིས་གཞན་ཚོ་ལས་ཀྱང་ཤིན་ཏུ་གལ་ཆེ་བ་ཡིན། གློག་བརྙན་འདིས་ཚུལ་དེ་གསལ་བོར་བསྟན་ཡོད་པར་མ་ཟད།  དགེ་རྒན་ཞིག་ཡིན་ཚེ་སློབ་མའི་ནང་སེམས་ལ་རྒྱུས་མངའ་ཆེ་བའི་གྲོགས་པོ་བཟང་བོ་ཞིག་ཡིན་དགོས་པའང་བསྟན་ཡོད།  གལ་སྲིད། པྲ་ཆལ་གྱི་སློབ་མ་དང་རྔམ་ནག་གི་སློབ་གཙོ། སྙིང་རྗེ་མེད་པའི་དགེ་རྒན་དང་གདུག་ཅིང་རྩུབ་པའི་ལམ་ལུགས་དག་ནི། “མཚེའུ་རུལ་བོའི་གཏིང་”དུ་ལྷུང་བའི་ས་བོན་རེ་རེ་ཡིན་པའི་དབང་དུ་བཏང་ན། མ་ཞུག་གི་བྱམས་བརྩེའི་ཉི་འོད་དང་། སྐྱོ་བ་མེད་པའི་གཉོར་སྐྱོང་འོག་ཏུ་དེ་དག་ལའང་མྱུ་གུ་འབུས་ནས་འབྲས་བུ་སྨིན་པར་འགྱུར་ཏེ། མ་ཞུག་གི་ཚིག་མཛོད་དུ་དེ་དག་ཐམས་ཅད་ལ་གོ་དོན་གཞན་རེ་ཡོད་པས་སོ།། མདོར་དེད་ན། གློག་བརྙན་འདི་ནི་མགོ་ནས་མཇུག་བར་དུ་ཡིད་འཁུལ་བར་བྱེད་པའི་གྲུབ་ཆ་རེ་རེས་གྲུབ་ཅིང་།  གྲུབ་ཆ་རེ་རེ་ཕྱོགས་གཅིག་ཏུ་སྡོམ་པ་ནི།  ཡིད་ཆེས་དང་སྤོབས་པ། ཕྱིར་རྟོག  ཐབས་དང་ཐབས་བྱུང་།  མཉམ་རོལ། གྲུབ་འབྲས་ཞེས་པ་ལྟ་བུའི་དངོས་པོ་མང་བོ་གཅིག་ཏུ་སྤུངས་པ་དང་འདྲ་བས་ན། ངས་དེ་དག་གི་ཕུང་བོ་དེ་སློབ་གསོ་སྤེལ་མཁན་དང་མྱོང་མཁན་དག་ལ་གཟིགས་འབུལ་ཞུ་འདོད།

 


གློག་བརྙན་འོས་སྦྱོར་ཞེས་པ་ནི་གློག་བརྙན་ལ་ལྟ་རྒྱུར་དགའ་བོ་ཡོད་པའི་མི་བཅུ་གྲངས་ལྷག་ལ་ཆེད་དུ་ངེད་དྲ་བ་ནས་རང་ཉིད་དགའ་ཤོས་ཀྱི་གློག་བརྙན་ལྔ་ནས་བཅུ་བར་ངོ་སྤྲོད་བྱེད་དུ་འཇུག་གིན་པའི་ལེ་ཚན་ཞིག་ཡིན། འདི་བརྒྱུད་ནས་ཁྱེད་ཀྱིས་གློག་བརྙན་བལྟ་ཕྱོགས་ཀྱི་ལམ་ཁ་ཤིག་ཤེས་ཡོང་བའི་རེ་འདུན་གཙང་མ་དང་བཅས། གཞན་དག་ང་ཚོས་བསྟུད་མར་དགོད་འཆར་ཡོད་པར་ཁྱེད་ནས་དོ་སྣང་མཛད་རོགས་ཞུའོ། །

དཔྱད་མཆན་ཡོད།