ཨ་རིའི་ཧོ་ལེ་ཝོས་ཀྱི་འཁྲབ་སྟོན་པ་གྲགས་ཅན་མོ་ཀིང་ཧྥི་ལིས་མན་གྱིས་ལོ་མང་པོའི་རིང་ལ་འབད་པ་བྱས་ནས་འཛམ་གླིང་ཆོས་ལུགས་སྣ་ཚོགས་པའི་ཁྱད་ཆོས་སྐོར་གྱི་དངོས་ཟིན་གློག་བརྙན་《The Story of God》ཞེས་པ་ཕབ་བཞིན་ཡོད་པས། བོད་བརྒྱུད་ནང་བསྟན་སྐོར་བརྙན་ཕབ་བྱེད་པའི་ཕྱིར་དུ་2015ལོའི་ལོ་མཇུག་ཏུ་འཕགས་ཡུལ་གྱི་གནས་མཆོག་ཝ་ར་ན་སིར་བསླེབས་ཤིང་། ཝ་ར་ན་སིའི་ཁྲ་འགུ་དགོན་ནས་མོ་ཀིང་ཧྥི་ལིས་མན་གྱིས་༧རྒྱལ་དབང་ཀརྨ་པ་ལ་བོད་བརྒྱུད་ནང་བསྟན་སྐོར་ནས་བཅར་འདྲི་བྱས་པར་མ་ཟད། ༧རྒྱལ་དབང་ཀརྨ་པ་དབུར་བཞུགས་པའི་དགེ་འདུན་འདུས་ཚོགས་བཅས་བརྙན་དུ་ཕབ་པ་རེད།
ད་ལོ་དངོས་ཟིན་གློག་བརྙན་《The Story of God》ཞེས་པ་མཇུག་ཡོངས་སུ་ལེགས་པར་གྲུབ་སྟེ་ཨ་རིའི་རྒྱལ་ཁབ་ས་ཁམས་བརྙན་འཕྲིན་ཁང་གིས་སྒྲིག་སྦྱོར་བྱས་ཤིང་། དངོས་ཟིན་གློག་བརྙན་འདིའི་ཚན་པ་དང་པོ་ལ་ལེའུ་དྲུག་ཡོད་ཅིང་། ལེའུ་གཉིས་པ་ནི་ཆོས་ལུགས་ཁག་ལས་བྱུང་བའི་བསྐལ་པ་འཇིག་པའི་ལུང་བསྟན་སྐོར་ལ་བགྲོ་གླེང་བྱེད་རྒྱུ་རེད་འདུག
2016/04/03ཉིན་ནས་མགོ་བརྩམས་ཏེ་ཨ་རི་ས་ཁམས་བརྙན་འཕྲིན་ཁང་བརྒྱུད་དེ་སྐད་རིགས་45ཐོག་ནས་འཛམ་གླིང་གི་རྒྱལ་ཁབ་171ལ་ཁྱབ་བསྒྲགས་བྱེད་རྒྱུ་རེད་འདུག ལེའུ་དང་པོ་ནི་ཨ་རི་ནས་ཟླ་བ04/03ཉིན་ནས་གཏོང་མགོ་རྩོམ་ཞིང་ཟླ་བ04/10ཉིན་ལེའུ་གཉིས་པ་གཏོང་རྒྱུ་རེད། རྒྱ་གར་ནས་ཟླ་བ་04/15ཉིན་གཏོང་རྒྱུ་ཡིན་པ་སོགས་རྒྱལ་ཁབ་ཁག་གི་དུས་ཚོད་ཅུང་ཟད་མི་འདྲ་བས་ཞིབ་ཕྲའི་གནས་ཚུལ་རྒྱལ་ཁབ་སོ་སོའི་གཞུང་གཉེར་དྲ་བ་རུ་གཟིགས་པར་ཞུ། ཐུགས་རྗེ་ཆེ།
དཔྱད་མཆན་ཡོད།