བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་ཤིང་། རྒྱའི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཝང་ཅ་ཝེ་ཡིས་ལྟ་སྐུལ་གནང་བའི་གློག་བརྙན«ལག་དམར»ཟླ4པའི་ཚེས26ཉིན་རྒྱལ་ཡོངས་སུ་གཟིགས་འབུལ་གནང་། གློག་བརྙན«ལག་དམར»ནི་རྩོམ་པ་པོ་ཚེ་རིང་ནོར་བུའི་སྒྲུང་ཐུང«ལག་དམར»དང་འཁྲབ་ཁྲིད་པ་རང་གི་སྒྲུང་ཐུང«ལུག་གཅིག་ལྔ་བའི་ལམ་དུ་བརྫངས»ཞེས་པ་གཉིས་གཞིར་བཟུང་སྟེ་བཅོས་སྒྲིག་བྱས་པ་ཡིན་ལ། གློག་བརྙན་ནང་མི་ཕྱུགས་ཀྱིས་སྟོང་བའི་ཨ་ཆེན་གངས་རྒྱབ་དུ་ཁ་ལོ་པ་སྦྱིན་པས་ཟོང་འཁོར་བསྐོར་ནས་འགྲོ་དུས་ལུག་གཅིག་ལ་གདོང་ག་བརྒྱབ་ནས་ལྔ་ལམ་དུ་བརྫངས་པའི་རྗེས་སུ། ཁ་ལོ་པ་སྦྱིན་པ་ཟེར་བའི་ལག་དམར་ཞིག་ལ་འཕྲད་པ་དང་། དེར་མཐུད་ནས་དོན་དག་རབ་དང་རིམ་པ་བྱུང་བ་སྒྱུ་འཕྲུལ་དང་དངོས་ཡོད་བསྣོལ་མར་སྦྲེལ་ནས་བསྟན་ཡོད།
སྟག་འབུམ་རྒྱལ། གློག་བརྙན་གྱི་མགོ་ནས་མཇུག་བར་དབུགས་རྨེག་མི་ནུས་པའི་ཤ་འཁོན་གྱི་མཁའ་དབུགས་གྲིམ་པོས་སྦྲེལ་འདུག་ལ། མཇུག་མཐའི་སྙིང་ནད་བཏང་སྙོམས་སུ་བཞག་པའི་སྦྱོར་བ་དེས་སེམས་པར་གཡོ་སྐྱོམ་དྲག་པོ་བྱེད་དུ་བཅུག་སོང་།
མཛེས་སེ།
རླངས་འཁོར་ང་ལ་ཡོད་དེ།། སྙིང་ནད་ང་ལ་ཡོད་དེ།། བདེན་པ་རྨི་ལམ་ཡིན་འདྲ།།
རྐང་ཐང་པའང་ང་ཡིན།། སྙིང་རྗེ་ཅན་ཡང་ང་ཡིན།། བོད་པ་ཨ་ལ་ཐ་ལ།།
བུད་མེད་འཇིག་རྟེན་བརྒྱན་པ།། རལ་གྲི་རྐེད་ནས་འགུལ་དུས།། བདེན་པའི་དོན་ཞིག་ཡོད་ཚེ།།
ཤ་འཁོན་མུན་པའི་སྲོག་ལྟར།། མཆི་མ་སེམས་ནས་བཞུར་སོང་།། ང་ཚོ་ཐ་ལ་ཨ་ལ།།
སྨུག་པོ། གློག་བརྙན«ལག་དམར»ལས་མི་གཉིས་ཀྱིས་ཚེ་སྲོག་གི་ལྟ་སྟངས་མི་འདྲ་བ་གཉིས་འཛིན་པ་སྟེ། གཅིག་གིས་དུད་འགྲོ་ལུག་གི་ཚེ་སྲོག་ཡིན་ཡང་གལ་ཆེན་དུ་བྱས་ཏེ་བདེ་འགྲོ་ཐོབ་པའི་བསྔོ་སྨོན་བྱེད་པ་དང་། ཅིག་ཤོས་ཀྱིས་མིའི་ཚེ་སྲོག་ལའང་ཅི་མི་སྙམ་པའི་འདུ་ཤེས་འཛིན་པ། ཡང་ན། མི་ནི་རང་སེམས་ཞི་བའི་སྐབས་སུ་དུད་འགྲོ་ལུག་གི་ཚེ་སྲོག་ཡིན་ཡང་གཅེས་སེམས་བྱེད་ཀྱང་ཁྲོ་བའི་དུས་སུ་མི་ཡི་ཚེ་སྲོག་ལའང་རྒོལ་བ་བྱེད་འདོད་པའི་ནང་སེམས་ཀྱི་འགྱུར་བ་མི་འདྲ་བའི་གཏམ་རྒྱུད་གཉིས་ཁུངས་སྣེ་གཉིས་སུ་བྲིས་ནས་མཇུག་མཐར་སོ་སོའི་སེམས་ཀྱི་མདུད་པ་གྲོལ་བ་བརྒྱུད། མི་སེམས་ཀྱི་གཏོལ་བྲལ་དང་འགལ་འདུ་གཏིང་ནས་མངོན་པར་བྱས་ཏེ། འཇིག་རྟེན་ངོས་འཛིན་ཐད་གྲོལ་བ་དང་མ་གྲོལ་པའི་བར་ན་ཡོད་ཚད་ཀྱིས་འཕག་འཚག་བྱེད་པའི་སྣང་ཚུལ་ཀྱང་ཞར་དུ་བསྟན་འདུག་སྙམ།
ཁྲི་སེམས་དཔའ། ངས་གློག་བརྙན་འདིར་ལྟ་དུས་མ་ཡིག་གི་སྒྲུང་གཏམ་གཉིས་ཀ་ཡིད་ལ་བཅངས་ནས་བལྟས་པ་ཡིན། སྒྲུང་གཏམ་གཉིས་མཉམ་དུ་བསྲེས་པའི་ཤུལ་མེད་པར་ཆུ་ལ་ཆུ་བཞག་ཏུ་སོང་བ་དེས་འཁྲབ་གཞུང་སྒྲིག་སྒྱུར་ཐད་རྩལ་བཏོན་པ་ཤེས་ཐུབ། དེ་མིན་གློག་བརྙན་གྱི་མགོ་སློང་སྟངས་དང་མཇུག་སྡུད་སྟངས་ཧ་ལས་པ་ཡག་སོང་། མདོར་ན་སྒྱུ་རྩལ་གྱི་རོལ་མྱོང་ནི་མི་སོ་སོར་ཁ་ཁར་སྣང་བས། གློག་བརྙན་ལ་དངོས་སུ་བལྟས་རྗེས་ལྟ་མཁན་རེ་རེར་དེ་འབྲེལ་གྱི་མྱོང་སྣང་ཡན་གར་བ་རེ་འབྱུང་སྲིད་དོ།།
རྡོ་རིང་པད་མ་དབང་ཆེན། «ལག་དམར»ཞེས་པའི་གློག་བརྙན་འདི་ནི་ཞེ་སྡང་གིས་མགོ་བརྩམས་ཤིང་། བྱམས་སེམས་ཀྱིས་མཇུག་བསྡུས་པའི་གཏམ་རྒྱུད་ཅིག་ཡིན་ལ། གློག་བརྙན་ནང་གི་མི་སྣ་སྦྱིན་པ་གཉིས་ནི་གཞི་གཅིག་ལས་གྲུབ་པའི་མི་སྣ་གཉིས་དང་། ཡང་ན་མི་སྣ་གཉིས་གཞི་གཅིག་ཏུའང་བསྡུས་ཆོག་སྟེ། སྦྱིན་པ་ཁྲག་གིས་སྦགས་པའི་རླངས་འཁོར་གྱི་འདུག་སྟེགས་སྟེང་སྡོད་དུས་སེམས་སུ་དམར་བོ་ཁྲག་གི་ཤ་འཁོན་གྱིས་ཁེངས་ཡོད་ལ། ཁ་ལོ་བ་སྦྱིན་པས་མཇུག་མཐར་སེམས་པ་ལྷོད་ལ་བབས་ཏེ་གདོང་གི་མིག་ཤེལ་ནག་པོ་དེ་ཕུད་དུས་ཡོད་ཚད་རྨི་ལམ་ལྟ་བུའི་འཇིགས་སྣང་གི་ཚོར་བ་དེ་ལས་སད་བྱུང་།
གོང་བ་ནོར་བུ་ཡོན་ཏན། མིའི་སེམས་ནི་འགྱུར་ལྡོག་གི་རང་བཞིན་ཅན་ཞིག་སྟེ།འགྱུར་ལྡོག་དེས་གཏམ་རྒྱུད་ཀྱི་བྱུང་རིམ་སོ་སོར་འགྱུར་ལྡོག་དང་འགལ་འདུ་སྤྲད། གློག་བརྙན«ལག་དམར»གྱིས་ལུག་ཅིག་བསད་པའི་ལག་དམར་ཞིག་གི་འགྱོད་བཤགས་དང་ཕ་ཞིག་བསད་པའི་ལག་དམར་ལ་བཟུང་བའི་ཤ་འཁོན་གཉིས་གཞུང་ལམ་གཅིག་དང་རླངས་འཁོར་གཅིག ད་དུང་ཇ་ཁང་གཅིག་ཏུ་བཞག་ཅིང་ལྟ་མཁན་རེ་ལ་བསམ་གཞིག་གི་བར་སྟོང་སྤྲད།ཡིན་ཀྱང་གཏམ་རྒྱུད་ཀྱི་མདུན་ལྗོངས་དེ་མུན་ཁྲོད་ཀྱི་ལམ་ཁ་ལྟར་གདམ་ཀ་མེད་པའི་གདམ་ཀ་ཞིག་ཡིན་པས་འགལ་བ་ཐག་གཅོད་ཀྱི་མཇུག་འབྲས་དེ་ནི་བསམ་ཡུལ་ལས་འདས་ཀྱང་། དེ་ནི་གནས་ལུགས་དང་མཐུན་པ་ཞིག་ཏུ་འདོད། མདོར་ན།སྦྱིན་པ་ཞེས་པའི་བོད་མིའི་འདུ་ཤེས་འཛིན་སྟངས་དེས་སྣུམ་ཚོན་རི་མོ་ལྟ་བུའི་བརྙན་རིས་ལས་བྱུང་བའི་གཏམ་རྒྱུད་དེ་ལ་གཞན་དང་མི་འདྲ་བའི་མངར་ཁ་བསྩལ་ཡོད།
སྙན་བུ། པད་མ་ཚེ་བརྟན་གྱི་གློག་བརྙན་དག་ནི་རང་གིས་རང་ལ་ཚོད་བགམ་བྱེད་པའི་གོ་རིམ་ཞིག་ཡིན་ལ། རང་གིས་རང་ལ་ཐོད་བརྒལ་བཟོ་བའི་སྙིང་སྟོབས་ཤིག་ཀྱང་རེད། ད་རེས«ལག་དམར»ལ་མཚོན་ན་ཡང་། ཁོའི་གློག་བརྙན་སྔ་མ་དག་དང་བསྡུར་ན་རང་གི་སྒེར་གཤིས་གང་ཞིག་རྒྱུད་འཛིན་བྱེད་པའི་རྨང་གཞིའི་ཐོག་སྤྱིའི་བློས་བསླངས་དང་སྒྲོམ་གཞི། མགོ་རྩོམ་སྟངས་དང་མཇུག་སྡུད་སྟངས། བརྙན་མིག་རེ་རེའི་སྐད་ཆ་སོགས་གང་ཅིའི་ཐད་ནས་མཐོ་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་ཧ་ཅང་མངོན་གསལ་རེད། གཞན་རྩོམ་རིག་གི་བློ་སྦྱོང་ངེས་ཅན་ཞིག་མེད་པ་ཡིན་ན། གློག་བརྙན«ལག་དམར»གྱི་སྒྱུ་རྩལ་གྱི་ཁྱད་ཆོས་གང་དེ་ཧ་ལམ་རྟོགས་མི་ཐུབ་པ་འདྲ་ཞིག་སྙམ་ཡོང་། དཔེར་ན“དེང་རབས་ཕྱི་མ”དང“སྒྱུ་འཕྲུལ་དངོས་ཡོད།” “ཆོ་མེད་པ” སོགས་བརྡ་ཆད་འདི་དག་ལ་བག་ཆགས་ངེས་ཅན་སྔོན་དུ་སོང་ཡོད་ཚེ། གློག་བརྙན་གྱི་བརྗོད་དོན་དང་བྱུང་རིམ། ཐབས་རྩལ་དང་མི་སྣའི་སྐད་ཆ་བཅས་ལ་གོ་བ་ཡག་པོ་ལེན་པར་ཕན་ཐོགས་པའི་གདེང་ཚོད་རྙེད་ཐུབ། གང་ལྟར། པད་མ་ཚེ་བརྟན་གྱི་གློག་བརྙན་ལ་འཛམ་གླིང་གི་མིག་ཟུང་གིས་བལྟ་དགོས་པ་ལས་མི་རིགས་ཤིག་གི་རིག་གནས་སྒྲོམ་གཞི་ཞིག་ཏུ་བཙན་གྱིས་བཅུག་སྟེ་དགེ་སྐྱོན་གླེང་བ་ནི་གུ་དོག་པའི་བསམ་བློ་རང་ཡིན་པར་འདོད། འཁྲབ་ཁྲིད་པ་ཁོང་ཡང“ཇི་ལྟར་མི་རིགས་ཀྱི་དགེ་ཐོན་ན་དེ་ལྟར་འཛམ་གླིང་གི་རྒྱན་དུ་ངེས”ཞེས་པའི་སྐད་ཆ་འདི་ལ་མོས་འཐད་མེད་པར། ཁོང་གིས་ནམ་ཡང“ཇི་ལྟར་མི་གཤིས་ཀྱི་རྩལ་རྫོགས་ན་དེ་ལྟར་འཛམ་གླིང་གི་རྒྱན་དུ་ངེས”ཞེས་པ་འདི་ཉིད་མཆོག་ཏུ་འཛིན་པ་ལས་ཀྱང་རྟོགས་ཐུབ་པའོ།།
ཕ་བོང་། སྦྱིན་པར་མཚོན་ན་ཆེས་སྤྱིར་བཏང་གི་ཁ་ལོ་པ་ཞིག་ཡིན་ཡང་ཁོ་ལག་དམར་གྱི་དགྲ་ཤ་ལེན་པར་སེམས་ཁྲལ་གྱིས་གང་འདུག་པ་དང་། དེ་འགོག་པའི་ཐད་ལ་ཐབས་དང་བློ་གྲོས་འདོན་པར་ཤ་ཐང་ཐང་གིས་འབད་པ་བྱས་ཤིང་ལམ་གྱི་དཀའ་བ་ཡོད་ཚད་ཀྱང་སྔར་བཞིན་རང་ཉིད་གཅིག་པུས་སྤྲོ་སྣང་གིས་བསུས། སྦྱིན་པས་བོད་པའི་འཚོ་བའི་ཁྲོད་ཀྱི་གོ་རྒས་མ་སྐོར་ཞིག་གི་ལས་དབང་སེམས་སུ་དྲན་འོངས་དུས། ཕའི་དགྲ་ཤ་བུ་དང་བུ་མེད་ན་དེའི་དགྲ་ཤ་མནའ་ཡའམ་གྲོགས་པོས་ལེན་དགོས་པའི་སྲོལ་རྒྱུན་ངན་པ་དེའི་རིགས་རྩ་བ་ནས་གཅོད་འདོད་ཀྱི་ཀུན་སློང་གཙང་མའི་དབང་གིས་འཚོ་བའི་ངལ་དུབ་ཀྱིས་ཇི་འདྲས་མནར་ཀྱང་རྨི་ལམ་ལས་མངོན་འགྱུར་བྱས་སོང་།
བོང་སྟག་བདུད་འདུལ་སྐྱབས། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་དང་རྒྱའི་འཁྲབ་ཁྲིད་པ་ཝང་ཅ་བེ་ཡིས་ལྟ་སྐུལ་བྱས་པའི་གློག་བརྙན«ལག་དམར»ནི་ད་ལྟའི་བར་བོད་ཀྱི་འཚོ་བ་མཚོན་པའི་གློག་བརྙན་དག་ལས་ཆེས་ཕུལ་དུ་བྱུང་བའི་སྒྱུ་རྩལ་གློག་བརྙན་ཞིག་རེད་ཅེས་སྨྲས་ཀྱང་ཆོག གཏམ་རྒྱུད་ཀྱི་བཀོད་སྒྲིག་དང་དངོས་ཡོད་སྒྱུ་འཕྲུལ་ལ་བརྒྱུས་པའི་མཚོན་ཐབས་ཁྱད་པར་བ། བརྙན་མིག་གི་བསྡུར་ཚད4/3གྱིས་གློག་བརྙན་གྱི་ཞིབ་ཆ་འབུར་དུ་ཐོན་པར་བྱས་པ་དང་བསྒྲགས་ཞིབ་ཆའི་གནད་རེ་རེ་ལས་གློག་བརྙན་གྱི་བསྟན་དོན་གཞན་དག་ཀྱང་ཞར་ལ་མཚོན་འདུག དེ་མིན་གློག་བརྙན་གྱི་མཛེས་རིས་བཀོད་སྒྲིག་སོགས་གང་ཐད་ནས་བལྟས་ཀྱང་སྒྱུ་རྩལ་གྱི་ཚད་མཐོན་པོ་ཟིན་ཡོད་པ་རེད།
འཁྲབ་གཞུང་གི་ཆ་ནས་འཁྲབ་ཁྲིད་པ་ཁོང་གི་སྒྲུང་གཏམ«ལུག་གཅིག་ལྔ་ལམ་དུ་བརྫངས་པ»ཞེས་པ་དང་ཚེ་རིང་ནོར་བུ་ལགས་ཀྱི་སྒྲུང་གཏམ«ལག་དམར»གཉིས་མཉམ་བསྲེས་བཅོས་སྒྲིག་བྱས་ཏེ་བོད་མིའི་འགྱོད་གཤགས་ཀྱི་འདུ་ཤེས་དང་ཤ་འཁོན་རྩོད་པའི་ནང་སེམས་ཀྱི་འགལ་འདུ་དེ་གློག་བརྙན་ནང་གི་མི་སྣ་གཙོ་བོ་སྦྱིན་པས་ལུག་གཅིག་བསད་པའི་སྡིག་གཤེགས་ཀྱི་བསམ་བློ་དང་སྦྱིན་པ་གཞན་དེས་རང་གི་ཕ་གསོད་མཁན་གྱི་ལག་དམར་གུ་ཡངས་སུ་བཏང་བ། མཇུག་མཐར་རྨི་ལམ་ལས་གཏམ་རྒྱུད་མཇུག་སྒྲིལ་བ་དང་གློག་བརྙན་ནང་གི་མི་སྣ་གཙོ་བོ་ཁ་ལོ་བ་སྦྱིན་པ་དང་དགྲ་ཤ་རྩོད་མཁན་སྦྱིན་པ་གཉིས་མི་སྣ་གཅིག་ཏུ་གྲུབ་པར་བྱས་འདུག མདོར་ན་གློག་བརྙན་འདིའི་བསྟན་དོན་ཞིབ་ཆའི་སྟེང་ན་ཡོད་པས་ཐེངས་གཅིག་ལ་བལྟས་པ་ཙམ་གྱིས་ནང་དོན་ཟབས་མོ་རྟོགས་དཀའ་བར་འདོད་དོ།།
སྤྱིར་སྒྱུ་རྩལ་གློག་བརྙན་ལ་རོལ་མྱོང་བྱེད་རྒྱུ་ནི་ཅུང་དཀའ་མོ་ཞིག་ཡིན་ལ་ནམ་རྒྱུན་གློག་བརྙན་ལ་ལྟ་བར་མི་སྤྲོ་མཁན་ཞིག་ལ་མཚོན་ན་གློག་བརྙན་ལག་དམར་ལ་རོལ་མྱོང་བྱེད་རྒྱུ་དེ་བས་ཀྱང་དཀའ་བར་འདོད། བརྙན་ཞེན་པ་དག་གིས་གློག་བརྙན་འདིར་ཐེངས་དུ་མར་ལྟ་བའམ་ཡང་ན་མ་བལྟས་སྔོན་དང་བལྟས་པའི་རྗེས་སུ་བརྙན་དཔྱད་མང་པོར་བལྟས་ན་གོ་བ་ལོན་པར་ཕན་ཐོགས་ལོས་ཡོད་སྙམ། མཇུག་མཐར་བོད་བརྙན་གྱི་བསྟན་པ་སྔར་ལས་དར་བ་དང་འཁྲབ་ཁྲིད་པ་ཁོང་གི་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།
ཐོ་རེངས། «ལག་དམར»ཞེས་པའི་བརྩམས་སྒྲུང་དེའི་ཁྲོད་ཀྱི་མི་སྣའི་སྣང་བརྙན་དང་བྱང་ཐང་གི་ཡུལ་ལྗོངས། ཟོང་སྐྱེལ་རླངས་འཁོར། ཞེ་འཁོན་སྡང་འཛིན། ད་དུང་འགལ་འདུ་དང་དད་མོས་སོགས་ཀྱིས་བསྐྱེད་པའི་སེམས་ཁམས་དེས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་མྱོང་། རྗེས་སུ«ལག་དམར»ཞེས་གླེེང་དུས་ངའི་མིག་ལམ་དུ«མི་མེད་ལུང་སྟོང»ཞེས་པའི་རྒྱ་ནག་གི་གློག་བརྙན་དེའི་ཁྲོད་ཀྱི་མི་སྣ་དང་ཡུལ་ལྗོངས་སོགས་འཕྲོ་རིམ་འཕྲོར་སྣང་གིན་འདུག འོན་ཀྱང་བརྩམས་སྒྲུང་དེ་དང་གློག་བརྙན་གཉིས་ལ་འདྲ་ས་ཡོད་ལ་འབྲེལ་བ་མེད་པ་ཞིག་ཀྱང་རེད། ད་རེབ་ཀྱི«ལག་དམར»ནི་བརྩམས་སྒྲུང་མ་ཡིན་པར་གློག་བརྙན་ཡིན་པའི་ཆ་ནས་སེམས་ཁྲལ་ལྷག་མ་ཞིག་ཡོད་མོད་དགའ་བ་དང་རེ་བ། དོགས་འདྲི་སོགས་ཀྱིས་ཁེངས་ཏེ་གློག་བརྙན་འདིའི་སྒོ་ཡོལ་ཡུན་གྱིས་འབྱེད་དུས། ངས་མཐོང་བ་ནི་མི་སྣའི་སེམས་ཁམས་དང་ཁོར་ཡུག་གཉིས་ཆུ་ལ་ཆུ་བཞག་ཏུ་སོང་བ། གླུ་གཞས་དང་རྒྱབ་ལྗོངས་རོལ་མོས་རྒྱན་སྤྲས་པ། བརྩམས་སྒྲུང་གཉིས་བསྲེས་པར་གས་ཁ་མེད་པ། འཁྲབ་སྟོན་མི་སྣར་ལྷོད་ཆ་ལྡན་པ། མཚོན་དོན་གྱི་ཁོང་ཡངས་པ། མགོ་མཇུག་གི་བརྙན་མིག་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་བཅས་ནི་ཕལ་ཆེར་བརྩམས་སྒྲུང«ལག་དམར»གྱི་སྒྱུ་རྩལ་མཚོན་ཐབས་དང་ཁྱད་མེད་དུ་སྣང་། གློག་བརྙན་གཞན་དང་འདྲ་བར་བརྩམས་སྒྲུང་གི་ཁྱད་ཆོས་ཡོངས་སུ་མཚོན་ཐུབ་མེད་ཅིང་བྲོ་བའང་གཞན་ཞིག་ཏུ་བསྒྱུར་འདུག་པ་ལྟ་བུའི་སྣང་ཚུལ་མ་མཐོང་ཡང་། ཞན་ཆ་རེ་གཉིས་ཤིག་མི་འབྱུང་བའི་དཔེ་མེད་པས་ཐེ་ཚོམ་ཁ་ཤས་དང་དོགས་འདྲི་རེ་འགའ་མཆིས་མོད་གླེང་རིན་ཡོད་མེད་ཀྱི་གསལ་ཐག་མ་ཆོད་པས་རེ་ཞིག་བཞག་པ་ཡིན། བརྩམས་སྒྲུང་དང་གློག་བརྙན་གཉིས་འདྲ་ནའང་དེ་གཉིས་གཏན་ནས་མི་འདྲ་བས་ངས་བཤད་འདོད་པ་ནི་གློག་བརྙན་ལས་མངོན་ཐུབ་མེད་པའི་སྒྱུ་རྩལ་ཡོད་ཚད་ནི་བརྩམས་སྒྲུང་ལས་མངོན་གྱིན་ཡོད་པས་ཐོག་མར་དེབ་ལ་འཇུག་རྒྱུ་ནི་ལེགས་པར་སྙམ་མོ། མཐར་བོད་བརྙན་དར་བར་ཤོག
བཙན་བུ། «ལག་དམར»ནང་མྱ་ངམ་གྱི་ཐང་ཆེན་ཞིག་གིས་གློག་བརྙན་གྱི་ཡོལ་བ་ཕྱེས་པ་དང་།དེ་ནས་སྦྱིན་པ་སྦྱིན་པ་དང་འཕྲད་པར་དོགས་སློང་དང་སེམས་པ་འཕྲུལ་བའི་སྣང་བ་དེ་སྒྱུ་རྩལ་གྱི་ཁམས་ཡིན་ལ། སྦྱིན་པས་ལུག་བསད་རྗེས་དགོན་པར་འཁྱེར་ནས་བསྔོ་སྨོན་ཞུས་པ་དང་། བར་དུ་སྦྱིན་པས་སྦྱིན་པ་འཁྲབ་པ་དང་རྨི་ལམ་སོགས་ལས་བོད་འདི་བྱམས་དང་སྙིང་རྗེ་ཡིས་ཕྱུགས་པའི་མི་རིགས་ཤིག་ཏུ་བཞེངས་སྐྲུན་བྱས་པ་ནི་འཁྲབ་ཁྲིད་པ་ཁོང་གི་གློག་བརྙན་གྱི་བླ་ན་མེད་པའི་སྒྱུ་རྩལ་གྱི་སྣང་བརྙན་ཞིག་ཏུ་འདོད།
རེ་རྐང་གླིང་། “རྨི་ལམ་མྱི་ལ་བཤད་ན་བརྗེད་འགྲོ། རྨི་ལམ་མྱི་ལ་བསྟན་ན་འཁྱེར་འགྲོ”ཁྱོད་རང་བརྗེད་འགྲོ་མཁན་ཡིན་ནམ། ཁྱེར་འགྲོ་མཁན་ཡིན།
གློག་བརྙན་འདིས་བོད་ཡུལ་ཙམ་མ་ཟད་ཟང་ཐལ་དུ་སོང་བའི་རྒྱ་ནག་གི་གློག་བརྙན་ལ་འཇིགས་སྐྱོབ་ལམ་རོགས་ཐུབ་འདུག སྤྱིར་ལྟ་མཁན་དཀྱུས་མ་ཞིག་གི་ངོས་ནས་བཤད་ན་གློག་བརྙན་ཧྲིལ་བོ་སེམས་ཁམས་ཀྱི་འགུལ་སྐྱོད་ཅིག་སྟེ། བརྙན་དང་སྒྲ་ཡི་བྱིན་རླབས་ཁོ་ནས་ཀྱང་ཡིད་ཚིམ་བློ་དགའ་བསྐྱེད་སྲིད་མོད། ཚེ་སྲོག་གི་རྒྱུན་དལ་བའི་རང་བཞིན་དེ་ལས་ལྟ་མཁན་ཡག་པོ་ཞིག་ལ་མཚོན་ན་སྐབས་འགར་རང་ཉིད་ལག་དམར་ན་གཞོན་དེ་རུ་འགྱུར་ཅིང་ཡང་བསྐྱར་ལག་དམར་རྒན་པ་དེ་དང་ཐ་ན་རྨི་ལམ་ནང་གི་ལག་དམར་དེ་རུ་འགྱུར་ཀྱང་སྲིད་པའི་ཚོར་བ་ཁྱད་པར་བ་ཞིག་བསྩལ་ཡོང་། གློག་བརྙན་འདིའི་རླབས་ལྕེ་སྟུག་ས་དེ་ལག་དམར་རྒན་པ་དམར་ཙ་སྒོ་ཁ་ནས་འཇུར་འོང་བའི་བརྙན་གསོན་པོ་དེས་ད་གཟོད་ང་ཚོ་ལ་དབང་མེད་དུ་མིག་ཆུ་བཞུར་དུ་འཇུག དམར་ཙ་སྒོ་ཁ་ནས་འཇུར་ཡོང་བ་དེས་ང་ཚོ་ལ་མེས་པོ་དག་གི་དད་ཞེན་དང་རྒ་ཤིའི་སྣང་བ་རབ་རིབ་ཅིག་མཐོང་དུ་འཇུག་ལ་ཡང་བསྐྱར་རང་ཉིད་མི་གསོད་མཁན་ཞིག་ཡིན་པའི་སྐབས་དེའི་སྨྲ་བསམ་བརྗོད་འདས་ཀྱི་སེམས་ཁམས་དེ་ལས་བྲེལ་ཤ་ལངས་སུ་འཇུག གློག་བརྙན་འདིའི་ནང་བརྡ་རྟགས་ཀྱི་རང་བཞིན་གསལ་བའི་གསང་མིག་བགྲངས་ལས་འདས་པ་ཞིག་ཡོད་པ་དེ་དག་མི་རིགས་གཞན་གྱི་ལྟ་མཁན་དག་ལ་མཚོན་ན་དཀའ་ངལ་ཤིན་ཏུ་ཆེ་སྙམ། གློག་བརྙན་དངོས་ནས་ཡག་པོ་ཞིག་ཕབ་འདུག
པད་མ་ཕག་མོ་རྟ་མགྲིན་ནམ་ཐོག ༡.པད་མ་ཚེ་བརྟན་གྱི་གློག་བརྙན«ལག་དམར»ནི་བརྙན་ཡོལ་གཏམ་རྒྱུད་གཉིས་ཀྱིས་གྲུབ་པ་སྟེ། བརྙན་ཡོལ་གཏམ་རྒྱུད་གཅིག་ནི་ལག་དམར་གཉིས་ཀྱི་འགྲུལ་བཞུད་ལ་འབྲེལ་ཞིང་། ལུག་བསད་ལག་དམར་ཞིག་དང་ཕ་བསད་དགྲ་ཤ་ལེན་མཁན་གྱི་ལག་དམར་ཞིག་གི་ལམ་གྱི་འགྲུལ་བཞུད་ཡིན། ཁོ་གཉིས་ཀྱི་མིང་ལ་སྦྱིན་པ་ཟེར་ཞིང་། མིང་འདོགས་མཁན་ཐུབ་བསྟན་རིག་གནས་ཀྱི་ཁ་དྲངས་མཁན་སྤྲུལ་སྐུ་ཞིག་ཡིན་ཞིང་། ཁོ་གཉིས་ལམ་དུ་ཞུགས་ཏེ་ཕྱིར་ལོག་པའམ་གར་སོང་ཆ་མེད་དུ་གྱུར་བ་ལས། མི་ཚེ་ལམ་དང་ལམ་རྨི་ལམ་ཞིག་ཡིན་པ་རབ་ཏུ་མངོན་སྙམ། སྒོས་སུ་རིག་གནས་ཁོར་ཡུག་གཅིག་ཏུ་འཚོ་བའི་མི་གཉིས་ཀྱི་ཚེ་སྲོག་འདུ་ཤེས་ཀྱི་འགལ་འདུ་སྨིན་ཡོད། བརྙན་ཡོལ་གཏམ་རྒྱུད་གཞན་ཞིག་ནི་ཕྱིར་དྲན་གཉིས་དང་རྨི་ལམ་གཅིག་ཡིན། ཕྱིར་དྲན་གཉིས་ནི་ཟ་ཁང་གི་བདག་མོ་དང་ཕ་བསད་ལག་དམར་དེའི་ཕྱིར་དྲན་ཡིན་ལ། རྨི་ལམ་གཅིག་ནི་ལུག་བསད་ལག་དམར་སྦྱིན་པའི་རྨི་ལམ་ཡིན། སྤྱིར་ན་ཕྱིར་དྲན་དང་རྨི་ལམ་གྱིས་མི་ཚེ་ལ་བཤགས་སྡོམ་ཆེན་པོ་ཞིག་འཇོག་ཅིང་། འཚོ་བ་ལ་དགའ་དུངས་ཆེན་པོ་ཞིག་བསྐྱེད། གློག་བརྙན་འདིར་ཡང་མདངས་མི་འདྲ་བའི་ཕྱིར་དྲན་གཉིས་དང་རྨི་ལམ་གཅིག་བཞག་ནས། མི་ཚེ་ལམ་དང་ལམ་རྨི་ལམ་ཞིག་ཡིན་པ་གསལ་བོར་བཏང་སྟེ་བསྟན་པ་དང་། མི་རྟག་པ་དང་སྟོང་བ་ཉིད་མཚོན་པའི་སྲོལ་རྒྱུན་རིག་གནས་ཀྱི་དྲན་པ་སྲུང་ཡོད། ༢.པད་མ་ཚེ་བརྟན་གྱི་གློག་བརྙན«ལག་དམར»གྱི་སྒྱུ་རྩལ་གྱི་ཆ་ཆེན་པོ་ཞིག་ཟོང་སྐྱེལ་རླངས་འཁོར་ཁ་ལོ་བ་སྦྱིན་པའི་ངོས་སུ་མཆི་སྟེ། སྒྱུ་རྩལ་གྱི་ཆ་འདི་གཙོ་བོར་ཟོང་སྐྱེལ་རླངས་འཁོར་ཁ་ལོ་བ་སྦྱིན་པ་ལུས་སེམས་ཕྱིར་ལོག་པའི་ངོས་སུ་བབས་འདུག ཟོང་སྐྱེལ་རླངས་འཁོར་ནི་དེང་རབས་རིག་གནས་ཀྱི་བརྡ་རྟགས་ཤིག་ཡིན་ལ་དེང་རབས་རིག་གནས་མཚོན། ལུག་བསད་དེ་ལུག་རོར་བསྔོ་སྨོན་ཞུས་ཤིང་དུར་ཁྲོད་དུ་བྱ་ལ་གཡེང་བ་དེར། དེང་རབས་རིག་གནས་སུ་འགྲེང་སྟེ་སྲོལ་རྒྱུན་རིག་གནས་ལ་ལྟ་བའི་བསམ་འདུན་ཞིག་མངོན་ཞིང་། ཟོང་སྐྱེལ་རླངས་འཁོར་ཁ་ལོ་བ་སྦྱིན་པའི་ལམ་དང་ཤེལ་མིག་གི་འབྲེལ་བས་བློ་མིག་ཅིག་གི་ཤོང་ཚད་དང་གསལ་རྒྱ་མཐོང་ཐུབ། ཕར་ལམ་ནས་ཕྱིར་ལམ་ལ་ལོག་པ་དང་ཤེལ་མིག་གྱོན་པ་ནས་ཤེལ་མིག་འཕུད་པ་ནི། འགྲོ་མི་རང་ཉིད་རང་གི་སྤང་བླང་རྣམ་གཞག་གི་རིག་གནས་སུ་ཕྱིར་ལོག་ཚུལ་ཞིག་རེད་བསམས། ༣.མདོར་ན། རབ་རིབ་མག་མོག་དང་སྐྱ་སྐྱ་རོག་རོག་ནི་པད་མ་ཚེ་བརྟན་གྱི་གློག་བརྙན«ལག་དམར»གྱི་ཚོན་མདངས་སྒྱུ་རྩལ་ཞིག་ཏུ་ལྟ་ལ། མི་ཚེ་ལམ་དང་ལམ་རྨི་ལམ་ཡིན་པ་ནི་པད་མ་ཚེ་བརྟན་གྱི་གློག་བརྙན«ལག་དམར»གྱི་བརྗོད་བྱའི་ནང་དོན་ཞིག་ཏུ་འདོད་པ་དང་། ཕྱིར་ལོག་པའམ་གར་སོང་ཆ་མེད་དུ་གྱུར་བ་ནི་པད་མ་ཚེ་བརྟན་གྱི་གློག་བརྙན«ལག་དམར»གྱི་བསམ་བློའི་བསྟན་དོན་དུ་ངེས་ཏེ། གློག་བརྙན«ལག་དམར»གྱི་ངོས་འདི་གསུམ་གཅིག་ཏུ་དྲིལ་བ་ན། ད་གཟོད་འུ་ཅག་གི་སྣང་ངོར་གློག་བརྙན«ལག་དམར»ཆ་ཚང་བ་ཞིག་གྲུབ་ཐུབ་པར་སྙམ། སྐབས་འདིར། ངས་པད་མ་ཚེ་བརྟན་གྱི་གློག་བརྙན«ལག་དམར»ལ་ཐེངས་ཤིག་བལྟས་པ་ནི། རང་ཉིད་ཀྱིས་ཆང་ཁང་དུ་ལག་དམར་དང་འབྲེལ་བ་ཡོད་མེད་ཀྱི་སྙན་ངག་ཅིག་བྲིས་པ་དང་ཧ་ཅང་མཚུངས་ཨང་།
སྨར་ཁམས་རིན་ཆེན་བཀྲ་ཤིས། འཁྲབ་ཁྲིད་པས་བོད་ཀྱི་དངོས་ཡོད་འཚོ་བའི་ངང་ཚུལ་མཚོན་པ་ཇི་བཞིན། ཧ་ཅང་དལ་དྲག་པའམ། སྒྱིད་ལུག་གི་འཚོ་བའི་ཆ་གང་ཉིད་བརྙན་མིག་རིང་བོའི(长镜头)བཀོད་སྒྲིག་བྱེད་སྟངས་ཀྱིས་མཚོན་པར་བགྱིས་ཤིང་། འཁྲབ་རའི(场面)ཡུལ་དངོས་དེ་དག་དུས་རྒྱུན་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་རྐྱང་ཡིན་ཡང་། མེ་ལོང་ངོས་སུ་ལྡོག་འཆར་བྱེད་པའི་ཐབས་ལ་བརྟེན་ནས། གཞན་གྱིས་ཉམས་འཇོག་མི་བྱེད་པའི་དོན་དག་གི་བརྒྱུད་རིམ་འབའ་ཞིག་མཛེས་དཔྱོད་ཀྱི་ཡུལ་དུ་སྨིན་པར་དོན་སྙིང་ཧ་ཅང་ཆེ། ལྷག་པར་དུ་ཕྱིར་དྲན(闪回)གྱི་ཐབས་ལམ་དེ་དག་གིས་བྱུང་རིམ་རྐྱོང་སྐུམ་ལ་རམ་འདེགས་ཀྱི་ནུས་པ་ཐོན་ཞིང་། རྒྱས་པ་ནས་བསྡུས་པ་དང་། རྙོག་འཛིང་ཅན་ནས་ཁ་གསལ་བའི་ཕྱོགས་སུ་གོམ་པ་སྤོས་ཡོད་ཅིང་། གློག་བརྙན་འདི་ཉིད་ཀྱི་མཇུག་བསྡུ་བར་ཉེ་བའི་མཚམས་སུ་དོས་སྐྱེལ་མོ་ཊའི་ཁ་ལོ་བར་རྨི་ལམ་རྨི་རུ་བཅུག་པ་ནི། གློག་བརྙན་འདི་ཉིད་གྲུབ་པར་བྱེད་པའི་ཏོག་དང་རྒྱལ་མཚན་ནམ། བརྙན་མིག་གི་ཚན་པ་གལ་ཆེན་ཞིག་ཏུ་ཆགས་གཤིས། བརྙན་མིག་གི་ཚན་པ་གང་ཉིད་དོར་བའི་དབང་དུ་བཏང་ན། གློག་བརྙན་འདི་ཉིད་ཀྱིས་བརྗོད་འདོད་པ་འབའ་ཞིག་ལེགས་འགྲུབ་མི་བྱུང་བར་ཡང་ངེས། ཡིན་ནའང་། གློག་བརྙན་གྱི་འགྲེལ་བཤད་ལྟ་བུར་བསྣན་པའི་གཏམ་དཔེ་ཚན་པ་གང་ཉིད་བརྙན་མིག་ཚན་པ་གང་དེའི་རྗེས་སུ་བྱུང་བའི་བསྐྱར་ཟློས་ཀྱི་ཆ་ཞིག་ཏུ་འཁུམས་པར་འདོད། གློག་བརྙན་ནི་བརྙན་མིག་ལ་སྐད་ཆ་བཤད་དུ་འཇུག་མཁན་ཞིག་ཡིན་གཤིས། གློག་བརྙན་སྤྲོས་རྗོད་པ་གང་ཉིད་གློག་བརྙན་གྱི་ཀློང་ཡངས་པོར་ཞུགས་ནས་འགྲེལ་བཤད་ཅིག་བརྒྱབ་འདུག་པ་ལྟ་བུར་ཡང་སྣང་། སྤྱིར་རྨི་ལམ་དང་འཁྲུལ་སྣང་། དངོས་ཡོད་དང་དངོས་མེད། ཆ་ཡོད་དང་ཆ་མེད་ལ་སོགས་བྱུང་རིམ་གྱི་བཀོད་སྒྲིག་མང་པོས་ལྟ་མཁན་རྣམས་ལ་སོ་སོའི་སེམས་ཁོང་ནས་བསམ་བློ་བཏང་ཆོག་པའི་རྣམ་རྟོག་གི་དྲི་བ་རེ་འཕངས་ཡོད་ཀྱང་། གཏམ་དཔེ་དེ་བཀོད་པས་གློག་བརྙན་འདི་ཉིད་ལྟ་མཁན་དག་གིས་བདེ་བླག་ཏུ་རྟོགས་ནུས་པའི་མཐུན་རྐྱེན་ནམ་ལྡེ་མིག་རེ་སྤྲད་འདུག་པར་སེམས།
འབྲོང་ཕྲུག པད་མ་ཚེ་བརྟན་ནི་ཡུན་རིང་ཞིང་རྒྱུན་དལ་བའི་བརྟན་འཇགས་ཀྱི་བརྙན་རིས་བཀོལ་རྒྱུར་དགའ་བའི་འཁྲབ་ཁྲིད་པ་ཞིག་རེད། དེས་ནི་གློག་བརྙན་ལ་ལྟ་མཁན་རྣམས་བྲེལ་སྣང་དང་དངངས་འཚབ་ཀྱི་ཀློང་དུ་འཁྲིད་པར་བྱེད། ད་རེས། ལོ་ངོ་བཅུ་ཡི་དུས་ཚོད་སྤྱད་དེ་དགྲ་ཟླ་འཚོལ་མཁན་ལག་དམར་ཞིག་གི་སྙིང་ནད་དང་སྙིང་རྗེ། ཆུང་མ་དང་བུ་མོས་དོར་བའི་ཁ་ལོ་བ་ཞིག་གི་སྡིག་པ་དང་བསྔོ་སྨོན། ད་དུང་། འབྲོག་སྟོང་ཆེན་བོ་དང་གྲོང་རྡལ་ཆུང་ངུ་། འུར་ཟིང་གི་ཆང་ཁང་། དགོན་སྡེ་དང་དུར་ཁྲོད། ཚོན་མདོག་སྣ་གསུམ་གྱིས་གྲུབ་པའི་བརྙན་མིག་ལས་སྦྱིན་པ་ག་ཚོད་ཀྱི་མངོན་སུམ་དང་མངོན་སུམ་མཐོང་བྱུང་ངམ།
སྙིང་བརྩེ་རྒྱལ། སྤྱིར་གློག་བརྙན་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་དང་བསམ་བློའི་འཁྱེར་ཕྱོགས་སོགས་ཐད་ཀར་འཆར་གཟུགས་རང་བཞིན་གྱི་སྒྱུ་རྩལ་མཚོན་ཐབས་ཤིག་རེད་ལ། ཕྲན་ལ་མཚོན་ན«ལག་དམར»ཞེས་པའི་གློག་བརྙན་འདིའི་སྒྱུ་རྩལ་མཚོན་ཐབས་དང་བརྙན་མིག་རེ་རེའི་ཁྱད་ཆོས་སོགས་བརྗོད་པའི་དབྱེ་ཞིབ་ཀྱི་ནུས་པ་ག་ལ་ཡོད། ཡིན་ན་ཡང་རྒན་པད་མ་ཚེ་བརྟན་གཙོར་བྱས་བོད་ཀྱི་གློག་བརྙན་ལས་རིགས་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་སུ་གཏོང་བཞིན་པ་འདིར་གཞིགས་ན་དངོས་ནས་དགའ་འོས་པ་ཞིག་རེད། ཐེངས་འདིར་ཡང་རྒན་ལགས་ཀྱི་གློག་བརྙན་འདིར་བལྟས་རྗེས་སྔར་མེད་ཀྱི་དགའ་སྤྲོ་སྐྱེ་དགོས་ས་ཞིག་ནི་བར་བཅུག་རོལ་མོ་འདི་རེད་བསམ། «ང་ཡི་ཉི་མ»ཞེས་པ་ནི་དབྱི་ཐ་ལའི་དབྱངས་རྩོམ་མཁན་གྲགས་ཅན་ཁཱ་ཕུའུ་ཨས་བརྩམས་གནང་མཛད་པ་ཞིག་ཡིན་ལ།ད་ལྟ་འཛམ་གླིང་གི་གཞས་གྲགས་ཅན་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་འདིའི་གཞས་གདངས་དང་གཞས་ཚིག་སྟེང་ན་མཚོན་ཐབས་རེ་ཡོད་སྲིད་དེ་གློག་བརྙན་འདི་དང་གཞས་འདིའི་མཚོན་ཐབས་ལ་འདྲ་ས་ཅུང་ཙམ་ཡོད་དེ་སེམས་ཀྱི་ཉི་མ་འཚོལ་ཐབས་དེ་རེད། དོན་གྱིས་སེམས་ཀྱི་ཉི་མ་ནི་འཛུམ་མདངས་ཤིག་ཡིན་སྲིད་ལ། སེམས་ཀྱི་ཉི་མ་ནི་གདུག་རྩུབ་གང་ཞིག་འཇོམས་བྱེད་ཀྱི་སྨན་མཆོག་ཡིན། དེ་བས་གློག་བརྙན་འདི་དང་གཞས་འདིའི་སེམས་ཀྱི་ཉི་མ་འཚོལ་བའི་ཁ་ཕྱོགས་གཅིག་ཡིན་ལ་འདུན་པ་ཡང་གཞི་གཅིག་ཏུ་འདྲེས་པའི་སྣང་བ་སྟེར། འདི་ནི་ཕྲན་ཆུང་གི་མྱོང་ཚོར་ཙམ་ཡིན་ལ། མི་མཐུན་ས་དང་མི་འདང་ས་ཡོད་སྲིད་པས་དགོངས་འགལ་མེད་པར་ཞུ་ཞུ།
དཔྱད་མཆན་ཡོད།