ཐོག་མའི་སྙན་སྒྲོན།

 


༄༅།། བརྙན་ཞེན་པ་ལྷན་རྒྱས།

     

       དེ་ཡང་ཇི་སྐད་དུ།༼མ་དར་བ་རྣམས་སུ་དར་བར་བྱེད་ཅིང་། དར་བ་རྣམས་སུ་དག་ཅིང་འཕེལ་བ་དང་། ཉམས་པ་རྣམས་གསོ་ནུས་པར་གྱུར་ཅིག༽ཅེས་གསུངས་པ་ནང་བཞིན་དུ། དེང་གི་ཆ་འདིར་བོད་ཡུལ་ལུང་པ་སོ་སོ་རུ་གློག་བརྙན་དང་འབྲེལ་བའི་སྣང་ཚུལ་མང་དག་ཅིག་འབྱུང་གིན་པ་ལ། སྣང་ཚུལ་འདི་དག་དྲིལ་བ་དང་བསྡོམས་པ། གསེད་པ་སོགས་ཀྱི་ཆ་ནས་སྟོང་བར་གྱུར་ཅིང་། ཀུན་གྱི་བློ་ཁ་འདི་སར་ལིང་གིས་ཕྱོགས་ཡོད་ན་ཡང་རིག་གནས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་འདི་དག་ལ་བདག་པོ་བརྒྱབ་སྟེ། བོད་སྐད་བོད་ཡིག་གི་སྟེང་ནས་སྨྲ་བརྗོད་ཀྱི་སྡིངས་ཆ་བསྐྲུན་པ་མེད་པས། དྲ་ཚིགས་འདི་ཡང་འདི་ལྟའི་ཀུན་སློང་གི་སྒོ་ནས་བཟོ་བའི་འདུན་པ་ཐོག་མར་སྐྱེས། དེ་ཡང་གནད་ཕིགས་པར་སྨྲས་ན། འདི་ཡང་བོད་ཀྱི་རིག་གནས་འདི་ཉིད་བོགས་ཐོན་པའི་སྒོ་ནས་ཡུན་རིང་བོར་གནས་ཐུབ་པའི་ཐབས་དང་ལམ་ཙམ་དུ་ཟད།

    ༢༠༡༡ལོའི་ཟླ༦པའི་ཚེས༡༡ཉིན་ཧ་ཅང་གདེང་ཚོད་ཡོད་པའི་སྒོ་ནས«གློག་བརྙན»ལོ་དེབ་ཀྱི་རྩོམ་བརྡ་ཞིག་པེ་ཅིན་མཁར་ནས་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་དུ་བཏགས་མྱོང་། དེ་ནས་བཟུང་ཀློག་པོ་མང་པོས་ཁ་པར་དང་རྩོམ་ཡིག་ཀྱང་ལན་གྲངས་མང་དུ་ཐོན་ཞིང་། ངེད་རྩོམ་སྒྲིག་ཁང་གི་ངོས་ཐད་ནས་ཀྱང་ལས་འདི་རྒྱུན་འཁྱོངས་པའི་དམིགས་པ་ཆེན་པོ་ཡོད་རབས་ལབ་པ་ཡིན། ཡར་འདང་མར་འདང་མང་པོ་བརྒྱབ་རྗེས་བརྡ་འཕྲིན་དུས་རབས་འདིའི་གོམ་འགྲོས་དང་དུས་རབས་ཉེར་གཅིག་པའི་མི་རྣམས་ཀྱི་འཚོ་བ་རོལ་སྟངས་ལ་གའུ་ཁ་སྦུབ་ཏུ་སྦྱོར་ཕྱིར། དུས་དེབ་ནས་དྲ་བར་བསྒྱུར་ཅིང་། ད་ལྟ་ཁྱེད་ཅག་གི་སྤྱན་ལམ་དུ་བསྟར་ཡོད་པ་འདི་རེད།

     ལེ་ཚན་དགར་སྟངས་སྤྱན་སྔར་བསྟར་ཡོད་པ་འདི་བཞིན་ལགས་ཤིང་། བོད་པ་བརྙན་ཞེན་པ་དང་ཁོ་ཚོས་བྲིས་པའི་དཔྱད་བརྗོད། བོད་སྐད་གློག་བརྙན་གྱི་གནས་སྟངས་སོགས་དྲ་བ་འདིའི་གཟུང་གཞུག་དང་ང་ཚོས་ཤུགས་རྒྱག་སའི་གནད་གཙོ་བོར་ངེས་ཤིང་། བོད་སྐད་སྐད་ཁོངས་འདིའི་ཕྱི་ལོགས་ཀྱི་སྣང་ཚུལ༼དཔེར་ན་ཕྱིའི་རྒྱལ་ཁབ་ཀྱི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ། གློག་བརྙན་ཡག་ཤོས༽དག་ངོ་སྤྲོད་པའི་གནས་སྐབས་སུ་ཡང་གང་བྱུང་མང་བྱུང་དུ་ངོ་སྤྲད་པ་ཞིག་མ་ཡིན་པར། བོད་མི་རིགས་སྤྱི་ལ་འཕྲོད་མིན་དང་འགབ་མིན་ལ་དམིགས་རྒྱུ་དེ་གཙོ་བོར་འཛིན་རྒྱུ། པྲ་དྲ་ཞེས་པའི་ལེ་ཚན་ནང་དུ་ངེད་གློག་བརྙན་དྲ་བའི་ངོས་ཐད་ནས་བོད་པ་རང་གི་གནས་དང་དུས་ཁྱད་པར་བ་དག་ནས་བྱ་འགུལ་རེ་སྤེལ་འཆར་ཡིན་ཞིང་། གློག་བརྙན་གྱི་རྨང་གཞིའི་ཤེས་བྱ་རྒྱུད་ལ་འཇགས་པ་དང་ཁྲིད་པའི་གློག་བརྙན་འཕྲིན་གང་རུང་ལ་ཆུ་ཚད་ངེས་ཅན་རེ་ལྡན་ཕྱིར། གཞུང་ལུགས་ཞེས་པའི་ལེ་ཚན་ཞིག་ཀྱང་ཁར་བསྣན་ཏེ་གློག་བརྙན་དར་འཕེལ་གྱི་ལོ་རྒྱུས་དང་གཞུང་ལུགས་སྐོར་ཕབ་བསྒྱུར་བྱས་ཏེ་ཀུན་གྱི་གཟིགས་མོར་འགྲེམ་འདང་ཡིན། གློག་བརྙན་དང་འབྲེལ་ཚད་ཀྱི་དོན་གང་ཡིན་དྲ་བ་འདིར་དགོད་འཆར་ཡིན་པས། ཁྱེད་ལྟ་མཁན་ལྷན་རྒྱས་ནས་ཕྱག་རྩོམ་སྐྱིད་པོ་མང་པོ་བསྐུར་ཡོང་བའི་རེ་བ་ནི་ཤིན་ཏུ་ཆེ། ལམ་དཀར་པོ།

 

[CropImg]BD305773-2325-437E-9A6A-E476A54B49B4.JPGབསྐུར་ས།  filmtbt@gmail.com



དྲ་བདག  
དམར་པོ། འཐོར་རླུང་། ཏིང་འཛིན་བཀྲིས།


   པྲ་དྲ་སྤྱི་ཁྱབ་ཁང་ནས།


ཟླ་ཚེས་བཟང་བོར་སྤེལ་བ་ལེགས་ཚོགས་ཐམས་ཅད་འཕེལ་བའི་རྒྱུར་འགྱུར་ཅིག་གུ།


 

དཔྱད་མཆན་ཡོད།