༄༅། །པྲ་དྲའི་ངོ་སྤྲོད་རྒྱས་པ་ཀུན་གསལ་མེ་ལོང་།

དང་པོ།  སྤྱིར་བསྟན་པ།

དེ་ཡང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་གློག་བརྙན་རིག་གནས་འདི་ཆེས་ཆེར་དར་ཞིང་འཕེལ་བཞིན་པའི་འགྲོས་དང་བསྟུན་ནས་རང་ཅག་བོད་དུའང་སྒྱུ་རྩལ་གྱི་རྣམ་གྲངས་འདི་ཉིད་མེད་པ་ནས་ཡོད་པར་གྱུར་ཅིང་། ཡོད་པ་ནས་ཡུན་གྱིས་དར་བཞིན་པའི་གནས་སྟངས་ཤིག་བྱུང་། དེ་ལྟ་ན་ཡང་། བོད་སྐད་བོད་ཡིག་གི་ལམ་ནས་གློག་བརྙན་རིག་གནས་འདི་ཉིད་བདེ་བླག་དང་བདེ་ཐང་ངང་ཁྱབ་སྤེལ་གཏོང་སའི་སྡིངས་ཆ་ཡག་པོ་ཞིག་མེད་སྟབས། འདིའི་ཐད་ནས་ཞབས་འདེགས་སམ་ཕན་པ་ཅུང་ཙམ་བསྒྲུབ་ཨེ་ཐུབ་ཀྱི་ཀུན་སློང་དང་བཅས། དྲ་རྒྱ་འདི་ཉིད་བཟོ་བའི་མགོ་བརྩམས།

3232.jpg

པྲ་དྲའི་པར་གཞི་དང་པོ།

དྲ་རྒྱ་འདི་ཉིད་མ་བཟོས་གོང་། ངེད་རྐང་འཛིན་ཚོགས་པ་ནས་གློག་བརྙན་གྱི་དུས་དེབ་བཟོ་བའི་གྲབས་བཤམས་ཤིང་། དྲ་ངོས་ནས་བརྡ་ཐོ་ཡང་བཀྲམས། གཅིག་ནས་རྩོམ་སོགས་གང་ཡང་མ་འབྱོར་བ་དང་། གཉིས་ནས་མ་རྩ་ཡང་དཀའ་ཙམ་ཡོད་པ་བཅས་རྒྱུ་རྐྱེན་དུ་མའི་དབང་གིས་དེང་མའི་དུས་དེབ་བཟོ་རྒྱུའི་འདུན་པ་དེ་དྲ་རྒྱ་བཟོ་རྒྱུའི་ཕྱོགས་སུ་བསྒྱུར། དེ་ལ་དྲ་རྒྱ་བཟོ་རྒྱུའི་སྤྱིར་བཏང་གི་འགྲོ་ལུགས་སོགས་ཡོངས་སུ་འགྲུབ་རྗེས་གློག་བརྙན་སྐོར་གྱི་རྩོམ་ཡིག་དང་རྒྱུ་ཆ་ཅི་རིགས་འཚོལ་བསྡུ་དང་། ལེ་ཚན་རིགས་དབྱེ། དྲ་ངོས་ཇུས་འགོད་སོགས་ཀྱི་སྔོན་འགྲོའི་ལས་ཀ་དག་མུར་མུར་བསྒྲུབས་ཤིང་། ཕྱོགས་གང་ཐད་ནས་སྨིན་ཙམ་བྱུང་བ་དང་། 2013ལོའི་ཟླ5པའི་ཚེས19སྟེ། བོད་རྩིས་ཀྱི་ས་ག་ཟླ་བའི་ཚེས་བརྒྱད་སྟེ་ཉི་བཟང་སྐར་བཟང་འདིའི་ཉིན་དྲ་རྒྱ་འདི་དངོས་སུ་ཀུན་གྱི་སྤྱན་ལམ་དུ་འབུལ་ཐུབ་པ་བྱུང་ཡོད། 

པྲ་ནི་བོད་ཀྱི་པྲ་ཕབ་པའི་རིག་གནས་ལས་བརྗོད་པའི་པྲ་སྟེ། མེ་ལོང་དང་མཐེ་བོང་སོགས་སུ་ཕྱིའི་གཟུགས་ཕབ་པ་ལས་མོ་དཔྱད་དང་ལེགས་ཉེས་བརྟག་པའི་རིག་པ་དེ་ཉིད་དང་། དེང་ང་ཚོས་བརྗོད་ཀྱིན་པའི་གློག་བརྙན་གྱི་སྒྲ་གཟུགས་སྒྱུ་རྩལ་བར་འདྲ་བའི་ཆ་ཞིག་གནས་པས་ན་ཐ་སྙད་དེ་ག་ཚུར་བླངས་ཤིང་། དྲ(དྲྭ་ཞེས་པ་དང་གོ་དོན་འདྲ།)ནི་དྲ་རྒྱའམ་དྲ་ཚིགས་ཀྱི་བསྡུས་མིང་སྟེ། འདི་གཉིས་གཅིག་ཏུ་བསྡུས་པས། རྗེས་གྲུབ་བཏགས་མིང་གི་ཁྱད་ཆོས་དང་ལྡན་པའི་པྲ་དྲ་ཞེས་པ་འདི་ཉིད་ངེད་ཅག་གི་དྲ་རྒྱའི་མིང་དུ་བཏགས་སོ། ། 

པྲ་དྲའི་ཐོག་མའི་དུས་སྐབས་ཀྱི་པར་གཞིར་གཙོ་བོ་ཡི་གེ་དང་པར་གྱི་ལམ་ནས་གློག་བརྙན་སྐོར་གྱི་གསར་འགྱུར་ཁྱབ་སྒྲོག་དང་། གློག་བརྙན་ཤེས་བྱ་དང་གཞུང་ལུགས་སྐོར་ངོ་སྤྲོད། བརྙན་དཔྱད་དང་འཁྲབ་གཞུང་སོགས་བཀོད་ཅིང་། ཞོར་དུ་དྲ་རྒྱའི་ཁྱབ་ཁོངས་ཆེར་བསྐྱེད་ཀྱིས་ཡན་ལག་ཏུ་གྱུར་པའི་བརྒྱུད་ལམ་ལ་ཞིན་ལང་པོད་ཐུང(新浪微博:藏语喳喳网)དང་སྐད་འཕྲིན་སྤྱི་སྟེགས།(微信公众号:Filmtbt)གཉིས་གསར་དུ་བཏོན། 2014ལོར་གློག་བརྙན་གཙོར་བཅས་གླུ་གར་དང་རྩོམ་རིག །རི་མོ་དང་བྲིས་རིས་སོགས་ལེ་ཚན་ཉི་ཤུ་ལྷག་གིས་ཟུར་བརྒྱན་ཏེ། iosདང་Androidམ་ལག་གཉིས་ཀར་ཕབ་ཐུབ་པའི་པྲ་དྲའི་APPཞིག་ཕྱིར་བཀྲམས་པ་དང་། ཀུན་གྱིས་དགའ་བསུ་ཆེར་ཐོབ་ཅིང་། རྒྱུ་ཆ་འདྲ་མིན་བསྐུར་ཡོང་མཁན་དང་བེད་སྤྱོད་མཁན་སོགས་ཧ་ཅང་མང་པོ་བྱུང་། (སྒྱུ་རྩལ་གྱི་དོ་ར་ཆུང་ཆུང་ཞིག་དང་འདྲ་བའི་APPཡི་མ་ལག་འདི་བཀྲམས་ནས་ལོ་གཅིག་ལྷག་གི་མཚམས་སུ། དེ་གའི་ལས་ཁུངས་རང་གི་རྐྱེན་པས་གནས་སྐབས་སྒོ་རྒྱག་དགོས་བྱུང་།) གོང་སྨྲས་འཕྲིན་སྦྱོར་གྱི་འདི་དག་བརྒྱུད་ནས་དྲ་རྒྱའི་ནང་དོན་དག་ཐད་ཀར་ལྟ་མཁན་གྱི་སྤྱན་ལམ་དུ་དྲངས་ཏེ་ལྟ་ཆོག་ཆོག་དང་མྱོང་ཆོག་ཆོག་གི་བགྱི་བ་དོན་དུ་གཉེར་ཅིང་ཡོད།

8ed01e32ca6a3169528c3f7c7eb2b290.png

དྲ་རྒྱ་རང་སྟེང་དུ་མི་འདང་བའི་ཆ་དང་ལེགས་བཅོས་བྱེད་དགོས་ས་ཁ་ཤས་ཡོད་པ་ལྟར་དུ།  2016ལོར་པྲ་དྲའི་པར་གཞི་གསར་པར་བསྒྱུར་ཏེ། པར་གཞི་རྙིང་པའི་མི་འདང་ས་དང་སྐྱོན་རྣམས་ལེགས་པར་བཅོས་ཐོག །དྲ་རྒྱའི་རྣམ་པ་དང་ནང་དོན། བྱེད་ནུས་སོགས་སྒོ་ཀུན་ནས་གྲ་རྒྱས་ཕུན་སུམ་ཚོགས་པོར་བཏང་ཡོད། དེ་ཡང་ཐོག་མར་དྲ་ངོས་ཇུས་འགོད་ཀྱི་ཐད་ནས་རྒྱལ་ཕྱི་ནང་གི་གློག་བརྙན་སྐོར་གྱི་དྲ་རྒྱ་གྲགས་ཅན་དག་ལ་དཔེ་ལྟ་བ་དང་སྦྲགས། རང་གི་ཁྱད་ཆོས་ཀྱང་འདོན་སྤེལ་སྒོས། དྲ་རྒྱའི་ངོས་སོ་སོའི་དབྱིབས་དང་ཁ་དོག །ཐིག་དང་ཡི་གེ་སོགས་གནད་ཆེ་ཕྲ་ཀུན་ལ་ཡང་ནས་ཡང་དུ་རྣམ་པར་དཔྱད་དེ་གཏན་ལ་ཕབ་པ་ཡིན། དེ་མིན་པར་གཞི་གསར་པ་འདིར་ཡི་གེ་དང་པར་གྱི་ལམ་ནས་གློག་བརྙན་བརྗོད་ཀྱིན་པ་གང་ཞིག་ལ་བརྙན་གྱི་ལམ་ནས་ཐད་ཀར་གློག་བརྙན་དེ་དང་། གཞན་དེ་འབྲེལ་གྱིMVསྣ་ཚོགས་ལ་ལྟ་ཐུབ་ཀྱི་ཡོད་པས། དྲ་བའི་བར་སྟོང་སྔོན་མ་ལས་ལྡབ་འགྱུར་གྱིས་ཆེར་བསྐྱེད་ཡོད། ལེ་ཚན་གྱི་ཐད་ནས་སྔོན་མའི་ལེ་ཚན་དག་གི་རྨང་གཞིའི་ཐོག་བོད་ཀྱི་གློག་བརྙན་གྲངས་མཛོད་(བརྙན་རིང་བརྙན་ཐུང་གཉི་ག་འདུས་ཡོད།)དང་བརྡ་ཆད། པྲ་བརྙན་སོགས་གསར་དུ་བསྣན་ཏེ་ལེ་ཚན་གྱི་རིགས་ཆེད་ལས་ཅན་དུ་ཕྱོགས་ཅི་ཐུབ་བྱས་ཡོད། སྤྱོད་སྒོའི་ཐད་ནས་དྲ་རྒྱའི་ཀློག་པ་པོ་དང་རྩོམ་སྒྲིག་པ་གཉིས་ཆར་སྔར་བས་སྟབས་བདེ་དང་ཟོར་ཡང་གི་ཁོར་ཡུག་ཅིག་བསྐྲུན་ཡོད་དེ། ཀློག་པ་པོ་ལྷན་རྒྱས་ཀྱིས་དྲ་རྒྱའི་གདོང་ཤོག་གི་འཚོལ་གནས་སུ་འཚོལ་བྱའི་ནང་དོན་གང་དེའི་འབྲེལ་ཡོད་ཐ་སྙད་གཏགས་པ་ཙམ་གྱིས་ལམ་སང་འཚོལ་འབྲས་འཆར་ཡོང་བ་བཟོས་ཡོད། 

དྲ་བ་སྤྱིའི་འཁོར་སྐྱོད་ཀྱི་འགྲོས་ཚད་ཀྱང་སྔོན་མ་ལས་ལྡབ་འགྱུར་གྱིས་མགྱོགས། མ་ཟད་རང་ཉིད་དགའ་སའི་ནང་དོན་གྱི་འོག་ཏུ་དཔྱད་མཆན་འགོད་པ་དང་། དེ་ཉིད་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་གཞན་དུ་བརྒྱུད་བསྐུར་དང་མཉམ་རོལ་བྱ་ཆོག་གི་ཡོད། དེ་དང་ཆབས་ཅིག ང་ཚོས་མུ་མཐུད་ནས་པར་གཞི་གསར་པའི་མ་འདང་བའི་ཆ་དག་དུས་དུས་སུ་ལེགས་བཅོས་བྱེད་ཅིང་ཡོད་པ་མ་ཟད། ད་ལོའི་ཟླ་བདུན་པའི་ནང་པྲ་དྲའི་པར་གཞི་གསར་པ་ཡང་གསར་དུ་བསྒྲགས་རྒྱུ་ཡིན་ལ། འདི་ནི་ངེད་ཅག་ལ་མཚོན་ན་མ་དངུལ་ཀྱང་འབོར་ཆེན་བཏང་སྟེ། རྒྱུན་རིང་ལ་བསམ་ཞིབ་ནན་ཏུར་བཏང་སྟེ་བཟོས་པ་ཞིག་ཡིན་པས། མི་འགྱངས་པར་ཀུན་གྱིས་མཐོང་ངེས་ལ། དེར་དམིགས་བསལ་གྱི་བྱེད་ནུས་གལ་བོ་ཆེ་གཉིས་བསྣན་ཡོད་པ་ནི། མི་སྒེར་གྱི་ཐོ་འགོད་ལྟེ་གནས་དང་། གློག་བརྙན་དང་བརྙན་མིའི་སྐོར་གྱི་གྲངས་མཛོད་ཁང་གཉིས་ཡིན། 

མདོར་ན། པྲ་དྲ་ནི་ངེད་ཅག་བརྙན་ཞེན་པ་སྐོར་ཞིག་གིས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་མ་སྐུལ་དང་བླངས་ཀྱི་སྒོ་ནས་གཉེར་གྱིན་པའི་ཆ་འཕྲིན་ཞབས་ཞུའི་རྣམ་པ་ཅན་གྱི་གློག་བརྙན་སྐོར་གྱི་ཆེད་དོན་དྲ་རྒྱ་ཞིག་ཡིན་ལ། རྒྱལ་སྤྱིའི་དྲ་རྒྱ་སྤྱིའི་འགྲོ་ལུགས་ལྟར་བཟོས་པའི་ཁྲིམས་མཐུན་ལུགས་མཐུན་གྱི་དྲ་ཚིགས་ཤིག་ཀྱང་ཡིན། དྲ་ཚིགས་འདི་གཉེར་ནས་ལོ་ལྔ་ལྷག་འགོར་ཡོད་ལ། དེའི་རིང་གློག་བརྙན་སྐོར་གྱི་བརྙན་པར་ཡིག་གསུམ་སྟོང་ཕྲག་བརྒལ་བ་བཀོད་མྱོང་བས། ད་ལྟ་བོད་ཀྱི་གློག་བརྙན་དང་འབྲེལ་བའི་རིག་གཞུང་དཔྱད་རྩོམ་དང་དཔེ་དེབ་དག་གི་ལུང་དང་དཔེ་འདྲེན་སའི་ཁུངས་སུ་ཡང་གྱུར་ཡོད་ལ། ངེད་ཅག་ནས་ཀྱང་ཚད་ལྡན་དང་ཁུངས་ཐུབ་ཅིག་ཏུ་ཨེ་ཡོང་ལ་འབད་པ་ཆུ་བོའི་རྒྱུན་ལྟར་བྱེད་ཅིང་ཡོད།


གཉིས་པ། ལེ་ཚན་རྣམ་བཤད།

2016ལོའི་ཟླ11པར་བཀྲམས་པའི་པྲ་དྲའི་པར་གཞི་གསར་པ་འདི་ནི་ལེ་ཚན་བཅུའི་བདག་ཉིད་ཅན་ཞིག་ཡིན། ལེ་ཚན་རེ་རེ་ཡང་ནང་གསེས་སྡེ་ཚན་དུ་མར་ཕྱེས་སྟེ་དྲ་རྒྱའི་དཀར་ཆག་ཞིབ་ཚགས་སུ་བཏང་ཡོད། དེ་ཡང་ལེ་ཚན་བཅུ་བོ་ནི་ གསར་འགྱུར། སྐྱེ་བོ། གློག་བརྙན་ཁང་། དཔྱད་གཏམ། གྲངས་མཛོད། པྲ་བརྙན། བརྡ་ཆད། སྣ་ཚོགས། ངེད་ཚང་། 汉文English བཅས་སོ། ། 

1) གསར་འགྱུར་ལ་ནང་གསེས་སྡེ་ཚན་ལྔ་སྟེ། དེ་དག་ནི་ཏོག་དང་མི། བརྙན། དོན། ཕལ་རྣམས་སོ། །ཏོག་ཅེས་པའི་ནང་བོད་ཀྱི་གློག་བརྙན་རིག་གནས་ལས་ཅུང་ཙམ་གལ་ཆེ་གྲས་རིགས་ཀྱི་གནས་ཚུལ་སྤེལ་ས་དང་། མི་ཞེས་པར་བོད་ཀྱི་གློག་བརྙན་པ་མི་སྒེར་བ་རྣམས་ཀྱི་གསར་འགྱུར་དང་། བརྙན་ཞེས་པར་གློག་བརྙན་རང་དང་འབྲེལ་བའི་ཕབ་སྐྲུན་དང་མཇུག་བསྡུའི་མཛད་སྒོ། གཟིགས་འབུལ་མཛད་སྒོ་སོགས་ཀྱི་གསར་འགྱུར་སྤེལ་བ་དང་། དོན་ཞེས་པར་གློག་བརྙན་སྐོར་གྱི་དོན་དག་དམིགས་བསལ་བ་སོགས་ཀྱི་གནས་ཚུལ་འགོད་པ། ཕལ་ཞེས་པར་གོང་གི་གསར་འགྱུར་དུ་མ་འདུས་པའི་གློག་བརྙན་སྐོར་གྱི་གསར་འགྱུར་རམ་གནས་ཚུལ་ཅུང་ཙམ་ཕལ་བའི་སྐོར་འགོད་ཀྱིན་ཡོད། གསར་འགྱུར་གྱི་སྡེ་ཚན་འདི་དག་བརྒྱུད་ནས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་གློག་བརྙན་བྱེད་སྒོ་དང་སྣང་ཚུལ་གསར་པ་ཅི་རིགས་དུས་ཐོག་ཏུ་སྤེལ་གྱིན་ཡོད་པས། གློག་བརྙན་ཆ་འཕྲིན་ཁྱབ་སྒྲོག་དང་གློག་བརྙན་རིག་གནས་འཕེལ་རྒྱས་འགྲོ་བར་ཡར་སྐུལ་གྱི་ནུས་པ་ཐོན་གྱིན་ཡོད།

2) སྐྱེ་བོ་ལ་ནང་གསེས་སྡེ་ཚན་དྲུག་སྟེ། དེ་དག་ནི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ། བཟོ་སྐྲུན་པ། བརྙན་ལེན་པ། རོལ་མོ་བ། གཞན་བཅས་སོ། །སྐྱེ་བོ་ཞེས་པའི་ལེ་ཚན་འདིར་གཙོ་བོ་བོད་ཀྱི་གློག་བརྙན་པ་རྣམས་ཀྱི་ངོ་སྤྲོད་དང་མིག་སྔའི་གནས་ཚུལ་སོགས་འགོད་བཞིན་ཡོད་པ་དང་། དེ་ལས་གཞན་ཞེས་པའི་སྡེ་ཚན་འདིར་གོང་གི་ལས་རིགས་ལྔ་གར་མ་འདུས་པའི་ལས་རིགས་གཞན་པའི་ཁྲོད་ཀྱི་གློག་བརྙན་པའི་གནས་ཚུལ་སྤེལ་བཞིན་ཡོད། 

3) གློག་བརྙན་ལ་ནང་གསེས་སྡེ་ཚན་ལྔ་སྟེ། དེ་དག་ནི་སྔོན་བརྡའི་བརྙན་དང་གཏམ་རྒྱུད། འགུལ་རིས། དངོས་བཤུས། བོད་འབྲེལ་གློག་བརྙན་བཅས་སོ། །སྔོན་བརྡའི་བརྙན་དུ་གློག་བརྙན་དངོས་སུ་མ་བཀྲམས་གོང་གི་སྔོན་བརྡ་ལྟ་བུའི་བརྙན་གྱི་སྐོར་གཏོང་གིན་ཡོད། བོད་འབྲེལ་གློག་བརྙན་དུ་ད་སྔ་དྲ་ལམ་ནས་ལྟ་ཐུབ་པའི་མི་རིགས་གཞན་གྱིས་བཟོས་པའི་བོད་བརྗོད་བྱ་བྱས་པའི་གློག་བརྙན་སྐོར་གཏོང་གིན་ཡོད། སྡེ་ཚན་གཞན་གསུམ་ནི་ཡོངས་གྲགས་ཀྱི་གློག་བརྙན་རྣམ་གྲངས་དགར་ཕྱོགས་ལྟར་བོད་བརྙན་དག་རིགས་ཆེན་པོ་གསུམ་དུ་དགར་བ་ཞིག་ཡིན། གློག་བརྙན་ཁང་ཞེས་པའི་ལེ་ཚན་འདི་ཉིད་གཙོ་བོ་བརྙན་རྐྱང་བའི་ལེ་ཚན་ཞིག་ཡིན་ཏེ། འདིར་བཀོད་པའི་གློག་བརྙན་རིང་ཐུང་ཚང་མ་ཐད་གར་པྲ་དྲ་རང་ནས་ཚེགས་མེད་གེགས་མེད་དུ་ལྟ་ཐུབ་ཀྱི་ཡོད་པས། ག་ལེར་ལེ་ཚན་འདི་ཉིད་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་འཆར་གཞི་མུ་ནས་འཐེན་གྱིན་ཡོད།

4) དཔྱད་གཏམ་ལ་ནང་གསེས་སྡེ་ཚན་ལྔ་སྟེ། དེ་དག་ནི་ངོ་སྤྲོད་དང་གཤིས་ལུགས། གཏམ་རྒྱུད། བྱུང་བ། བརྙན་མིག། གཞན་བཅས་སོ། །འདི་ནི་གློག་བརྙན་དཔྱད་གཏམ་རིག་པའི་ཁྱབ་ཁོངས་ལྟར་དཔྱད་བྱའི་གློག་བརྙན་ལ་དབྱེ་ཞིབ་བྱེད་སྟངས་ཀྱི་ཟུར་རམ་དཔྱད་སྟངས་མ་འདྲ་བ་གཞིར་བཟུང་ནས་རིགས་དགར་བ་ཞིག་ཡིན། འདིས་ནི་དཔྱད་བརྗོད་པ་རྣམས་ལ་གློག་བརྙན་དཔྱད་བརྗོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་ཆེད་ལས་ཅན་དུ་ཕྱོགས་པའི་བླང་བྱ་ཞིག་ཀྱང་བཏོན་ཡོད། 

5) གྲངས་མཛོད་ལ་ནང་གསེས་སྡེ་ཚན་གཉིས་སྟེ། བརྙན་རིང་དང་བརྙན་ཐུང་ངོ་། ། གྲངས་མཛོད་བཟོ་སྟངས་ནི་ཨ་རིའི་གློག་བརྙན་སྐོར་གྱི་ཡིག་མཛོད་དྲ་རྒྱIMDBསོགས་ལ་དཔེ་ལྟོས་སྒོས། གློག་བརྙན་རེ་རེའི་འཁྲབ་ཁྲིད་པ་དང་ཕབ་སྐྲུན་པ། འཁྲབ་གཞུང་འབྲི་མཁན། འཁྲབ་སྟོན་པ། བརྙན་ལེན་པ། ལོ་ཚིགས། སྐད་རིགས། མཛེས་རྩལ། རོལ་མོ། རིང་ཚད། སྦྲེལ་ཐག །དེ་མིན་བྱ་དགའ་གང་ཐོབ་དང་། ནང་དོན་གནད་བསྡུས། འབྲེལ་པར། འབྲེལ་ཡོད་གློག་བརྙན་སོགས་ཀྱི་ཆ་འཕྲིན་རྣམས་ཕུད། གློག་བརྙན་རེ་རེར་པྲ་དྲ་རང་གི་པྲ་རྟགས་ཀྱིས་རྒྱས་བཏབ་ཡོད་པ་སྟེ། TF15L017ལྟ་བུའི་པྲ་རྟགས་ལྟ་བུ་ཡིན་ན། གྲངས་ཀ་འདི་དག་ལས་བོད་བརྙན་ཡིན་མིན་དང་ལོ་ཚིགས། བརྙན་གྱི་རིང་ཐུང་། གྲངས་མཛོད་ནང་གི་ཨང་རིམ་སོགས་མཚོན་བཞིན་ཡོད་པས། ཆོས་ཉིད་ཞིབ་མོ་གློག་བརྙན་རེ་རེའི་པྲ་རྟགས་ལ་བལྟས་པས་གསལ་ཡོང་།  

6) པྲ་བརྙན་ལེ་ཚན་ནི་ཆེད་དུ་པྲ་དྲ་དང་འབྲེལ་ཡོད་ཀྱི་བརྙན་གཏོང་ས་ཡིན་ལ། འདིར་པྲ་དྲའི་བྱེད་སྒོ་དང་འབྲེལ་བའི་བརྙན་སྣ་ཚོགས་གཏོང་རྩིས་ཡིན། ལེ་ཚན་འདི་ཡང་ངེད་ཅག་གིས་ཇུས་འགོད་བྱེད་དང་བྱེད་སྒང་ཡིན།

7) བརྡ་ཆད་ལ་ནང་གསེས་སྡེ་ཚན་ལྔ་སྟེ། དེ་དག་ནི་གཞུང་ལུགས་དང་རིགས་དབྱེ། འཁྲབ་ཁྲིད་དང་འཁྲབ་སྟོན། འཁྲབ་གཞུང་དང་བརྙན་ཕབ། མཛེས་རྩལ་དང་རོལ་མོ། སྒྲིག་སྦྱོར་དང་དོ་དམ་བཅས་སོ། །ནང་དོན་དེ་དག་དང་འབྲེལ་བའི་བརྡ་ཆད་རྣམས་ལ་པར་ཡིག་(བོད་རྒྱ་ཡིག་རིགས་གཉིས་ཀ་ཡོད།)སྦྲགས་མའི་ལམ་ནས་ངོ་སྤྲོད་བྱས་ཤིང་། མཇུག་ཏུ་འདེམ་ཤོག་འཕེན་པའི་ཐབས་སྤྱད་དེ། མང་མོས་ལྟར་ཐག་གཅོད་སྒོས་བརྡ་ཆད་གཅིག་གྱུར་བྱེད་པའི་ཐབས་སྤྱད་དེ་ལོ་ཕྱེད་རེའི་མཚམས་སུ་གློག་བརྙན་སྐོར་གྱི་བརྡ་ཆད་རྣམས་སྤྱི་བསྒྲགས་བྱེད་ཀྱིན་ཡོད། བརྡ་ཆད་ཀྱི་ལེ་ཚན་འདི་ཡང་བོད་ཡིག་ལམ་ནས་གློག་བརྙན་སྐོར་གྱི་བརྡ་ཆད་སྐོར་སྐོར་གཅིག་གྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་ཆེད་བཀོད་སྒྲིག་བྱས་པ་ཡིན་ལ། གལ་འགངས་ཆེ་བས། འདི་ཡང་ངེད་ཅག་ནས་ཅུང་ཟད་ནན་ཏན་ངང་བཟོ་བཞིན་པའི་ལེ་ཚན་ཞིག་ཡིན།

8) སྣ་ཚོགས་ལ་ནང་གསེས་སྡེ་ཚན་བདུན་སྟེ། དེ་དག་ནི་བྱེད་སྒོ་དང་། འཁྲབ་གཞུང་། གཞུང་ལུགས། ཁྱབ་སྒྲོག ། པར། བརྙན། གཞན་བཅས་སོ། །བྱེད་སྒོའི་ནང་པྲ་དྲའི་ངོས་ནས་སྤེལ་བའི་གློག་བརྙན་སྐོར་གྱི་བྱེད་སྒོ་རྣམས་དང་། དེའི་རྗེས་ཀྱི་སྡེ་ཚན་གཉིས་གའི་ནང་དུ་དེ་འབྲེལ་གྱི་ནང་དོན་སྐོར་སྤེལ་གྱིན་ཡོད། ཁྱབ་སྒྲོག་ཏུ་ཚོང་ལས་ཁྱབ་སྒྲོག་སྐོར་སྤེལ་གྱིན་ཡོད། པར་བརྙན་སོ་སོར་གློག་བརྙན་དང་འབྲེལ་མིན་ལ་མ་ལྟོས་པར་རྒྱལ་ཕྱི་ནང་གི་པར་གྱི་བརྩམས་ཆོས་གྲགས་ཅན་དང་། བོད་ནང་གི་བརྙན་བྲིན་ཤོས་སོགས་འགོད་ཀྱིན་ཡོད།

9) ངེད་ཚང་ལ་ནང་གསེས་སྡེ་ཚན་དྲུག་སྟེ། དེ་དག་ནི་ང་ཚོར་འབྲེལ་བ་དང་། ལོ་འཁོར་བྱ་དགའ། དྲ་བའི་ས་ཁྲ། གློག་བརྙན་མཁོ་སྤྲོད། དོན་ཆེན་རེའུ་མིག །གཞན་བཅས་སོ། །ངེད་ཚང་དུ་ངེད་དྲ་བའི་རྩོམ་སྒྲིག་པ་རྣམས་ཀྱི་ངོ་སྤྲོད་དང་ངེད་ཅག་གི་འབྲེལ་གཏུག་བྱེད་ཐབས། རྩོམ་བསྐུར་ས་བཅས་བཀོད་ཡོད། ལོ་འཁོར་བྱ་དགའི་ནང་ལོ་དེའི་རྡེབ་ཚད་མང་ཤོས་ཀྱི་རྩོམ་ཡིག་ཁག་ཅིག་ལ་བྱ་དགའ་སྤྲོད་ཀྱིན་ཡོད། གློག་བརྙན་མཁོ་སྤྲོད་དུ་པེ་ཏུའུ་ཡོན་(百度云)བརྒྱུད་དེ་ཕྱི་གླིང་གི་གློག་བརྙན་གྲགས་ཅན་དག་བརྙན་ཞེན་པ་རྣམས་ལ་རིན་མེད་མཁོ་སྤྲོད་བྱེད་ཀྱིན་ཡོད། དོན་ཆེན་རེའུ་མིག་ཏུ་པྲ་དྲའི་དོན་ཆེན་དག་དུས་ཀྱི་རིམ་པ་བཞིན་ཐོ་བརྒྱབ་ཡོད། གཞན་ཞེས་པ་འདིར་གོང་གི་སྡེ་ཚན་དག་གི་ནང་མ་འདུས་པའི་པྲ་དྲ་དང་འབྲེལ་ཡོད་ཀྱི་ནང་དོན་གཞན་རྣམས་འདུའོ། ། 

10) 汉文 Englishཞེས་པའི་ལེ་ཚན་འདི་ནི་ཆེད་དུ་སྐད་རིགས་གཞན་པའི་ཀློག་པ་པོ་རྣམས་ལ་དམིགས་ནས་བཀོད་སྒྲིག་བྱས་པ་ཡིན་ལ། ཡང་ཅིག་བཤད་ན་བོད་ཡིག་ལམ་གྱི་ཀློག་མཁན་རྣམས་ལ་སྐད་རིགས་གཞན་པ་སྟེ་རྒྱ་དབྱིན་གྱི་དཔྱད་རྩོམ་རྣམ་པའི་རྩོམ་ཡིག་དག་དཔྱད་གཞིའི་ཚུལ་དུ་མཉམ་སྤྱོད་བྱེད་ཀྱིན་པ་ཞིག་ཡིན། གོང་བསྟན་ལྟར་མིག་སྔར་གྱི་པྲ་དྲའི་སྒྲོམ་ནི་ལེ་ཚན་བཅུ་བོ་འདིས་གྲུབ་ཡོད་དོ། །


གསུམ་པ། འཕྲིན་སྦྱོར་སྐོར།

དུས་རབས་གསར་པའི་ཚན་རྩལ་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་འཕྲིན་སྦྱོར་གསར་པའི་(New Media)སྟོབས་ཤུགས་ཀྱིས་སྲོལ་རྒྱུན་གྱི་འཕྲིན་སྦྱོར་རིགས་སྣ་ཚོགས་ལ་བརྡབ་གསིག་ཆེན་པོ་ཐེབས་ཀྱིན་པའི་སྐབས་འདིར། སྤྱི་དམངས་འཕྲིན་སྦྱོར་རམ་མི་སྒེར་འཕྲིན་སྦྱོར་(We Media)གྱི་རིགས་ཆར་རྗེས་ཀྱི་ཤྭ་མོ་བརྡོལ་བ་བཞིན་ཆེས་ཆེར་འཕེལ་གྱིན་པ་ཀུན་གྱི་མཁྱེན་གསལ་ལྟར་རེད། དེ་ཡང་བརྙན་འཕྲིན་དང་རླུང་འཕྲིན། དུས་དེབ་དང་ཚགས་པར་ཙམ་དུ་མ་ཟད། ཐ་ན་དྲ་རྒྱ་ཡང་སྲོལ་རྒྱུན་གྱི་འཕྲིན་སྦྱོར་ལྟ་བུར་འགྱུར་དང་འགྱུར་གྱིན་པའི་གནས་སྟངས་འོག །ངེད་པྲ་དྲ་ཚང་ནས་ཀྱང་དྲ་རྒྱའི་དུས་རབས་ཀྱི་འཕུར་འགྲོས་བཞིན་དྲ་རྒྱ་འདི་གའི་ཡན་ལག་བརྒྱུད་ལམ་གྱི་ཚུལ་དུ། ཞིན་ལང་པོད་ཐུང་དང་པྲ་དྲའི་འཕྲིན་སྟེགས། ཐུན་ཞོན་བརྙན་མཛོད། པྲ་དྲའི APP སོགས་བསྟུད་མར་བཟོས་ཤིང་། རིམ་བཞིན་དེ་དང་འབྲེལ་ཡོད་ཀྱི་བརྒྱུད་ལམ་གཞན་ཡང་གསར་སྤེལ་བྱེད་འཆར་ཡོད།

Jietu20180705-163427@2x.jpg

ཞིན་ལང་པོད་ཐུང་ (藏语喳喳网) དུ་བོད་རྒྱ་ཡིག་རིགས་གཉིས་ཀའི་ལམ་ནས་བོད་ཕྱི་ནང་གི་གློག་བརྙན་དང་འབྲེལ་བའི་གསར་འགྱུར་དང་། འཛམ་གླིང་ཤར་ནུབ་ཀྱི་གློག་བརྙན་ཡག་ཤོས་དག་ངོ་སྤྲོད། དེ་བཞིན་པྲ་དྲའི་ནང་དོན་གསར་ཤོས་དག་བརྒྱུད་སྤེལ་དང་། སྐད་འཕྲིན་སྤྱི་སྟེགས་ (Filmtbt) སུ་གཙོ་བོ་བོད་ཡིག་གི་ལམ་ནས་གློག་བརྙན་གཙོས་གླུ་གར་རོལ་མོ་དང་། པར་བརྙན་སོགས་སྒྱུ་རྩལ་བརྩམས་ཆོས་ཀྱི་རིགས་སུ་གྱུར་པ་རྣམས་ཁྱབ་སྤེལ་བྱེད་ཀྱིན་ཡོད། དེ་མིན་པྲ་དྲའིAPPནི་ལེའུ་དང་པོའི་སྐབས་སུ་གླེང་ཟིན་པ་དེའོ། །ད་དུང་འཕྲིན་ལམ་གཞན་དག་ཀྱང་ཡོད་དེ། འདིར་རེ་རེ་བཞིན་ངོ་སྤྲོད་པའི་ངལ་བ་མི་བྱའོ། །

Collage_Fotor.jpg

མདོར་ན། པྲ་དྲའི་མི་སྒེར་འཕྲིན་སྦྱོར་(自媒体)གྱིས་དྲ་རྒྱའི་ཨ་མ་འདི་ཉིད་ལ་བརྟེན་ནས་ཆ་འཕྲིན་ཞབས་ཞུ་འདོན་སྤྲོད་བྱེད་ཀྱིན་ཡོད་ལ། འདིར་བརྟེན་ནས་པྲ་དྲ་གསར་དུ་ངོ་ཤེས་ཤིང་རིམ་བཞིན་འབྲལ་མི་ཐུབ་པའི་གྲོགས་པོར་གྱུར་པའང་ཤིན་ཏུ་མང་ངོ་། །


བཞི་པ།  བྱེད་སྒོ་སྐོར།

པྲ་དྲ་སྤྱི་ཁྱབ་རྩོམ་སྒྲིག་ཁང་ནས་བརྙན་ཞེན་པ་རྣམས་དང་ཐག་ཉེ་རུ་བཅར་ཆེད། ད་སྔ་བར་དངོས་བརྒྱུད་གཉིས་ནས་གློག་བརྙན་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་མྱོང་བ་ལ་ཀུན་གྱིས་དགའ་མོས་དང་དང་དོད་ཆེན་པོ་བྱས་སོང་། འདིར་བྱེད་སྒོ་ཁག་རེ་རེ་བཞིན་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ན། 1)གློག་བརྙན་བཅུ་རེ་འོས་སྦྱོར། ༢༠༡༤ལོར། གློག་བརྙན་པ་དང་གློག་བརྙན་ལ་ཉམས་ཞིབ་གནང་མཁན་མི་སྐོར་ཞིག་ལ་རང་ཉིད་ཆེས་དགའ་སའི་གློག་བརྙན་བཅུ་རེ་བདམས་ཏེ་འོས་སྦྱོར་བྱ་བའི་བྱེད་སྒོ་ཞིག་སྤེལ་བ་ལ། སྔ་ཕྱིར་ཧྥི་རན་སི་རོ་བྷེན་དང་འཆིང་གྲོལ། པདྨ་ཚེ་བརྟན། ལྡོང་བུ། ཆགས་མེད་རིན་པོ་ཆེ། ཆོས་ཉིད་དབང་མོ་བཅས་མཉམ་ཞུགས་གནང་བ་དང་སོ་སོས་གློག་བརྙན་ངོ་སྤྲད། 2) འབྲོག་པའི་ངག ། ༢༠༡༦ལོར། ངེད་དྲ་བ་དང་འཚོ་བ་ཞེས་པའི་ཞོ་ལས་སྤྱི་གཉེར་ཁང་གཉིས་མཉམ་འབྲེལ་བྱས་ཏེ་འབྲོག་པའི་འཚོ་བ་བརྗོད་བྱ་བྱས་པའི་དངོས་བཤུས་གློག་བརྙན་སྐོར་ཞིག་པེ་ཅིང་ནས་གཟིགས་འབུལ་བྱ་བའི་བྱེད་སྒོ་སྤེལ། 3) G སྟོང་གསུམ་ཅན་གྱི་གློག་བརྙན་མཁོ་འདོན། ༢༠༡༦ལོར་དྲ་ལམ་བར་སྟོང་བརྒྱུད་ནས་ཤོང་ཚདGསྟོང་གསུམ་ཅན་གྱི་བརྙན་མཛོད་ཅིག་ལས་ལྟད་མོ་བར་གང་མཁོ་རྣམས་ཕངས་པ་མེད་པར་བརྙན་འགྱེད་བཏང་། 4) དུས་བསྟུན་གློག་བརྙན་འོས་སྦྱོར། པྲ་དྲ་ཤར་གཏོང་བྱས་པའི་ལོ་དེ་ནས་བཟུང་ཡུལ་དང་དུས་མི་འདྲ་བར་དམིགས་ནས་དེ་དང་འཚམ་པའི་གློག་བརྙན་འོས་སྦྱོར་བྱས་ཡོད། དཔེར་ན་ས་ག་ཟླ་བར་ལྟ་རྒྱུའི་གློག་བརྙན་དང་མཐར་ཕྱིན་སློབ་མ་རྣམས་ལ་ཕུལ་བའི་ལེགས་སྐྱེས། དགེ་རྒན་དུས་ཆེན་ལ་ལྟ་རྒྱུའི་གློག་བརྙན། དགའ་ལྡན་ལྔ་མཆོད་ཉིན་ལྟ་རྒྱུའི་གློག་བརྙན་སོགས་ལྟ་བུའོ། །

ལྔ་པ། བོད་ཀྱི་གློག་བརྙན་དྲ་རྒྱ་ཆེ་ཤོས།

འདིར་ཆེད་དུ་བོད་ཀྱི་གློག་བརྙན་ཆེ་ཤོས་ཞེས་འབོད་དགོས་དོན་ནི། པྲ་དྲའི་ཕྱི་ནང་གསང་གསུམ་ལ་ཆེ་བ་གསུམ་གྱི་ཁྱད་ཆོས་དང་ལྡན་པས་སོ། ། 

1) དྲ་ངོས་མཛེས་ཆ་ཆེ་བ། དེ་ཡང་པྲ་དྲའི་གདོང་ཤོག་གི་དབྱིབས་དང་ཁ་དོག་གཉིས་ཆ་ནས་དཔྱད་པ་སྔོན་དུ་སོང་སྟེ་ཇུས་འགོད་བྱས་པ་ནི། གདོང་ཤོག་སྤྱིའི་ཆ་ནས་གསུམ་སྡུར་གཅིག་གི་དབྱེ་ཐབས་སྤྱད་དེ་དྲ་ངོས་ཀྱི་ཆ་གཉིས་སུ་ལེ་ཚན་གཙོ་བོ་དག་དང་། ཆ་གཅིག་ལ་ཞར་གཏོགས་ཀྱི་ལེ་ཚན་ཁག་བཀོད་ཡོད། དེ་བཞིན་ས་མིག་དག་ཀྱང་ཆེ་ཆུང་རན་ལ་པར་སྣ་ཚོགས་ཀྱི་ཕྲས་བརྒྱན་ཡོད་པས། མཛེས་དཔྱོད་ཀྱི་ཉམས་དང་ཨེ་འཚམ་འཚམ་ལ་འབད་ཡོད། དྲ་རྒྱའི་ཁ་དོག་གི་ཆ་ནས་རྨང་གདན་དཀར་པོ་དང་དབུ་ཤོག་ལྗང་གུ །དྲ་རྟགས་སེར་པོ་བཅས་ཡིན། དཀར་པོས་དག་གཙང་དྲི་མ་མེད་པ་མཚོན་ཏེ། ལྷག་བསམ་དཀར་པོས་དྲ་རྒྱ་འདི་གཉེར་ཏེ་བོད་ཀྱི་གློག་བརྙན་ལས་རིགས་ལ་སྲི་ཞུ་སྒྲུབ་ཀྱིན་པ་མཚོན་པ་དང་། ལྗང་གུས་གློག་བརྙན་རིག་གནས་ལ་ནམ་ཡང་གསོན་ཤུགས་འབར་ནས་ཡོད་པ་མཚོན་ཡོད། སེར་པོས་ནི་ཞི་རྒྱས་དབང་གྲགས་ལས་རྒྱས་པ་མཚོན་ཏེ། དྲ་ཚིགས་འདི་ཡུན་ནས་ཡུན་དུ་དར་ཞིང་རྒྱས་པའི་རྟེན་འབྲེལ་མཚོན་པ་ཡིན་ནོ། །

2)  ནང་དོན་ཁྱབ་རྒྱ་ཆེ་བ། ནང་དོན་གྱི་ཆ་ནས་གློག་བརྙན་འདྲ་མིན་གྱི་ངོ་སྤྲོད་དང་། རྒྱུན་ཤེས། གཞུང་ལུགས་སྐོར་གྱི་རྨང་གཞིའི་ཤེས་བྱ། བརྙན་དཔྱད་སྐོར། གློག་བརྙན་སྐོར་གྱི་བརྡ་ཆད་ཀྱི་ལོ་ཙཱ་དང་གཅིག་གྱུར་གྱི་གནད་དོན། བརྙན་དང་པར་གྱི་སྐོར། བོད་དང་འབྲེལ་ཡོད་ཀྱི་གློག་བརྙན་དག་གི་གྲངས་མཛོད་སྐོར་བཅས་རྩ་བའི་ཆ་ནས་གློག་བརྙན་རིག་པའི་ཁྱབ་ཁོངས་ཧྲིལ་བོར་བསྲིངས་ཡོད་པའི་ཁུལ་དུ་ཡོད། ངེད་ཅག་ནས་ཀྱང་པྲ་དྲ་འདི་ཉིད་གློག་བརྙན་ཕྱོགས་ཀྱི་ཤེས་བྱ་སྣ་ཚོགས་ཚོགས་འདུས་ཡོད་པ་ཞིག་ཏུ་ཡོང་བར་འབད་བཞིན་ཡོད། སྐད་རིགས་ཀྱི་ཆ་ནས་ཀྱང་བོད་ཡིག་གཙོས་རྒྱ་ཡིག་དང་དབྱིན་ཇིའི་ཆེད་རྩོམ་ཡག་ཤོས་དག་བཀོད་པའི་ལེ་ཚན་ཀྱང་བཟོས་པས། པྲ་དྲ་འདི་ཉིད་དུ་ཡིག་རིགས་གསུམ་ལྡན་ཡོད་ཅེས་བརྗོད་ཀྱང་ཆོག་སྙམ། 

3) བར་སྟོང་ཤོང་ཚད་ཆེ་བ། པྲ་དྲའི་ནང་ཡི་གེ་དང་འདྲ་པར་ཕུད། བརྙན་གྱི་ཟིན་ཚད་ཤིན་ཏུ་མང་བས་དྲ་བའི་བཞུར་ཚད་(流量)མཐོ་ཞིང་། ལེ་ཚན་གྱི་གྲངས་མང་བས་གཞི་གྲངས་མང་ལ་བར་སྟོང་གི་ཤོང་ཚད་ཀྱང་ཆེ་ཙམ་ཡོད། སྐབས་རེར་དྲ་བའི་ནང་དོན་དག་ལ་ལྟ་མཁན་མང་དྲགས་པས། གཏན་ཁེལ་གྱི་བཞུར་ཚད་ལས་འགོངས་ཏེ་དྲ་ཁྲལ་ལྷག་མ་འཇལ་དགོས་ཀྱང་ཐུག་གི་ཡོད། ད་ལོའི་ཟླ་བདུན་པའི་ནང་དགྲམ་འགྱུར་གྱི་པར་གཞི་གསར་པར་བར་སྟོང་དེ་ལས་ཀྱང་ཆེ་རུ་བསྐྱེད་དེ། མི་སྒེར་ཐོ་འགོད་དང་གྲངས་མཛོད་ཞིབ་ཆ་བཟོས་ཡོད་པས། དེའི་ཐད་ནས་ང་ཚོས་གང་ཐུབ་ཅི་ཐུབ་སྒོས་ལྟ་མཁན་དག་གི་རེ་བ་བསྐོང་ཨེ་ཐུབ་ལ་འབད་བཞིན་ཡོད།

མདོར་ན། པྲ་དྲ་ནི་བོད་ཀྱི་གཞོན་སྐྱེས་བརྙན་ཞེན་པ་སྐོར་ཞིག་གིས་བོད་སྐད་བོད་ཡིག་གི་ལམ་ནས་བོད་ཀྱི་གློག་བརྙན་དར་སྤེལ་ལ་དམིགས་ནས་གཉེར་གྱིན་པའི་ཞབས་ཞུ་རང་བཞིན་གྱི་དྲ་རྒྱ་ཞིག་ཡིན་ལ། ད་ལྟ་དྲ་རྒྱར་ལས་མི་གཏན་ཁེལ་བཅུ་དྲུག་ཡོད་ཅིང་། ངེད་ཅག་གིས་ཕྱོགས་ཡོངས་ནས་ད་ལོར་དགྲམ་འགྱུར་གྱི་དྲ་རྒྱའི་པར་གཞི་གསར་པར་གྲ་སྒྲིག་བྱེད་ཀྱིན་ཡོད། འདི་ཡང་ངེད་ཅག་བརྙན་ཞེན་པ་རྣམས་ཀྱི་གཞོན་པའི་ལང་ཚོ་ངོམ་ས་ཞིག་དང་། དྲ་རྒྱའི་ལམ་གྱི་བོད་ཀྱི་གློག་བརྙན་སྡིངས་ཆ་ཞིག་ཡིན་པས་ན། འདིར་ཆེད་དུ། ལོ་ངོ་ལྔ་རིང་ལ་ངེད་དྲ་རྒྱར་རྒྱབ་སྐྱོར་བྱེད་མཁན་གྱི་སྡེ་ཁག་དང་མི་སྒེར། དྲ་རྒྱའི་ནང་རྒྱུན་པར་རྩོམ་སྐུར་ཡོང་མཁན་གྱི་རྩོམ་པ་པོ་དང་དྲ་རྒྱར་དོ་སྣང་བྱེད་མཁན་གྱི་ཀློག་པ་པོ་དག་ལ་ཞེ་བསམ་པའི་གཏིང་ནས་བཀའ་དྲིན་ཆེ་ཞུས་པའོ། །

ཏིང་བཀྲ་ནས། 

༢༠༡༨ལོའི་ཟླ་༥པའི་ཚེས་༡༩ཉིན། 



ཟུར་བཀོད། ལོ་གསུམ་རིང་སྔ་ཕྱིར་བཟོས་པའི་པྲ་དྲ་ཡི་རྟགས་(LOGO)སྣ་ཚོགས།  http://www.filmtbt.com/abouts/other/2016-08-28/559.html


དཔྱད་མཆན་ཡོད།