ནུབ་བྱང་མི་རིཊ་སློབ་ཆེན་དུ་«ཐར་ལོ»འི་སྐོར་གྱི་བགྲོ་གླེང་འཚོགས་པ།

640.jpeg

གཡས་དགེ་རྒན་ཡུམ་སྐྱབས།  པདྨ་ཚེ་བརྟན།  དགེ་རྒན་དཔའ་རྩེ།

སྤྱི་ལོ་༢༠༡༦ལོའི་ཟླ་༡༡པའི་༢༨ཉིན་གྱི་དགོང་མོར། ནུབ་བྱང་མི་རིགས་སློབ་ཆེན་དུ་གློག་བརྙན་ཐར་ལོའི་སྐོར་གྱི་བགྲོ་གླེང་སྤེལ་བ་དང་། ཚོགས་ཐོག་ཏུ་གློག་བརྙན་ཐར་ལོའི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དངོས་སུ་ཞུགས་ཡོད་པ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔའ་རྩེ་དང་ཡུམ་སྐྱབས་གཉིས་ཀྱིས་མདོ་འཛིན་མཛད་ཡོད་པ་རེད། གཤམ་ནས་ཐེངས་འདིའི་ཚོགས་རའི་ཟུར་ངོས་ཀྱི་གནས་ཚུལ་མདོ་བསྡུས་ཤིག་ལ་གཟིགས་མོལ་གནང་ཆོག

དགེ་རྒན།  དཔའ་རྩེ། 

ཐོག་མར་ངས་འདི་ནས་བོད་ཀྱི་རྩོམ་པ་པོ་དང་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་འདིར་ཕེབས་པར་དགའ་བསུ་དང་དཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་ནས་ངས་འདི་ནས་ཁོང་གི་གནས་ཚུལ་སྐོར་ངོ་སྤྲོད་བསྡུས་པ་ཞིག་ཞུ།

པད་མ་ཚེ་བརྟན་ལགས་ནི་ནུབ་བྱང་མི་རིགས་སློབ་ཆེན་ནས་དངོས་གཞི་དང་ཞིབ་མཇུག་སློབ་མའི་སློབ་མཐར་ཡོངས་སུ་ཕྱིན་ཏེ། ༢༠༠༢ལོར་པེ་ཅིང་གློག་བརྙན་སློབ་གླིང་དུ་གློག་བརྙན་འཁྲབ་ཁྲིད་སྐོར་སྦྱོང་འགོ་ཚུགས་ཏེ་ད་ལྟའི་བར་གློག་བརྙན་མང་པོ་ཞིག་བཟོས་ཡོད་པ་དང་། དེ་དག་ལས་ཚབ་མཚོན་རང་བཞིན་ཅན་གྱི་གློག་བརྙན་༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།༽ ༼འཚོལ།༽༼ ཁྱི་རྒན།༽༼གཡང་མདའ།༽དེ་རིང་ཁ་སང་གི་གླེང་བཞིན་པའི་གློག་བརྙན་གསར་པ༼ཐར་ལོ༽བཅས་མང་པོ་ཡོད་པ་རེད། ཡོད་པར་མ་ཟད་དེ་དག་ལ་རྒྱལ་སྤྱི་དང་རྒྱལ་ནང་གི་བྱ་དགའ་མང་པོ་རག་ཡོད་པ་རེད།

དེ་མིན་ཁོང་ནི་ཐོག་མར་༡༩༩༡ལོར་རྩོམ་རིག་གསར་རྩོམ་གྱི་ལམ་ལ་ཞུགས་ཤིང་། ད་ལྟའི་བར་ཁོང་གིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བརྩམས་སྒྲུང་མང་པོ་བྲིས་ཡོད་པ་རེད། ད་དུང་ཁོང་གིས་བོད་ཀྱི་རྩོམ་པོ་གྲགས་ཅན་སྟག་འབུམ་རྒྱལ་གྱི་༼ མི་ཚེའི་གླུ་དབྱངས༽སོགས་ཀྱིས་གཙོས་པའི་༼ མི་རོ་རྩེ་སྒྲུང་༽སོགས་རྩོམ་ཡིག་མང་པོ་ཡིག་སྒྱུར་བྱས་ཡོད་པ་རེད། 

ཁོང་གི་གློག་བརྙན་དག་ལ་མཚོན་ན། ཁོང་གི་གློག་བརྙན་མང་པོ་ཞིག་གི་ནང་དུ་ཁོང་གི་ཐུན་མོང་མ་ཡིན་པའི་མིག་དབང་དང་ཚོར་བ་རྣོན་པོ་དེ་ལ་བརྟེན་ནས། བོད་ཁུལ་གྱི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་བྱེ་བྲག་པ་དག་ཕྲ་ཞིང་ཞིབ་པའི་སྒོ་ནས་གློག་བརྙན་དེ་དག་གི་ནང་དུ་མཚོན་པར་བྱས་ཡོད། དེ་ལ་བརྟེན་ནས་མི་ཐམས་ཅད་ལ་བོད་ཀྱི་རིག་གནས་དང་བོད་ཀྱི་དངོས་ཡོད་འཚོ་གནས་ཀྱི་ཐད་ལ་ངེས་ཤེས་གསར་པ་ཞིག་འགྲོང་ཐུབ་པའི་མཐུན་རྐྱེན་མང་པོ་ཞིག་སྐྲུན་ཡོད་པ་རེད། དེས་ན་མཚམས་འདི་ནས་ངས་སྐད་ཆ་ཉུང་བསྡུས་བྱས་ཏེ་དེ་རིང་གི་དུས་ཚོད་དཀོན་མོ་འདི་འཁྲབ་ཁྲིད་པ་ཁོང་ལ་སྤྲོད་རྒྱུ་ཡིིན།  

དགེ་རྒན།  ཡུམ་སྐྱབས།

ཐེངས་འདིར་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་འདིར་ཕེབས་ཏེ་ང་ཚོར་མཉམ་དུ་ཁ་བརྡ་དང་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་བྱུང་བ་འདི་ཧ་ཅང་ཡག་པོ་རེད་སོང་སྙམ། ང་རང་ཡང་ཁོང་གི་སློབ་ཆེན་སློབ་གྲོགས་ཡིན། འོན་ཀྱང་། མི་སོ་སོའི་འབད་བརྩོན་དང་གྲུབ་འབྲས་ཀྱིས་ད་ལྟ་ང་ཅག་ལ་བར་ཆད་ཆེན་པོ་སོང་འདུག ༼ཚང་མའི་དགོད་སྒྲ། ཧ་ཧ་ཧ་་་། ༽སྤྱིར་དེ་རིང་མི་མང་པོ་ཡོད་པ་དང་དྲི་བའང་མང་པོ་ཡོད་ས་རེད་དེ། ཡིན་ཡང་། ཚང་མར་ལན་སྟེར་བའི་དུས་ཚོད་མེད་རྐྱེན་དེ་ལུགས་ལྟར་སློབ་གྲོགས་རྣམ་པའི་ཐུགས་འཇགས་འཚལ། ༼ཡུལ་ངོས་དེར་རྒྱ་མི་མང་པོ་ཞིག་ཀྱང་ཡོད་པས།  རྒན་ཡུམ་སྐྱབས་ཀྱིས་རྒྱ་སྐད་ཀྱི་ལམ་ནས་པད་མ་ཚེ་བརྟན་དང་ཁོང་གི་བརྩམས་ཆོས་དང་བརྒྱུད་རིམ་མདོ་བསྡུས་ཤིག་རྒྱ་སྐད་ཀྱི་ལམ་ནས་ངོ་སྤྲོད་ཅིག་བྱས།༽  

ཉེ་ལམ་འགའ་རེས་ད་ལྟའི་ཀྲུང་གོའི་གློག་བརྙན་དག་གི་ནང་དུ་ཐར་ལོ་ལྟ་བུའི་བསམ་བློའི་གཏིང་ཟབ་པའི་གློག་བརྙན་ཞིག་བྱུང་མི་འདུག་ཅེས་ཟེར་གྱིན་འདུག་ལ། ད་དུང་ཉེ་ལམ་ང་རང་པེ་ཅིང་ནས་རྒྱ་རིགས་ཞིབ་མཇུག་སློབ་མ་འགར་འཕྲད་སོང་། ཁོང་ཚོས་བོད་ཀྱི་དགེ་བཤེས་ཤིག་གིས་གྲུབ་མཐའ་ཁྲིད་ཀྱིན་འདུག་ཟེར། ངས་ཁོང་ཚོར་བོད་ལ་གྲུབ་མཐའ་ཁྲིད་མཁན་མི་ཁྲི་གཅིག་མེད་ཀྱང་མི་སྟོང་གཅིག་བརྒྱ་ཆ་བརྒྱ་ཡིས་ཡོད་ཐག་ཆོད་ཡིན། འོན་ཀྱང་། འཛམ་གླིང་ལ་པདྨ་ཚེ་བརྟན་གཅིག་ལས་མེད་ཅེས་ལན་བཏམ་པ་ཡིན། ༼ཐལ་སྒྲ༽


པད་མ་ཚེ་བརྟན།

འདིར་བཞུགས་ཀྱི་དགེ་རྒན་དང་སློབ་གྲོགས་རྣམ་པ། ཁྱེད་ཚོ་བདེ་མོ་ཡིན་ནམ། ༼ཐལ་སྒྲ༽

ཐོག་མར་ཁྱེད་རང་ཚོ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྒྱུ་མཚན་ང་རང་མ་ཡུམ་སློབ་གྲྭ་རུ་ཐོན་དེ་མ་ཡུམ་སློབ་གྲྭའི་དགེ་སློབ་ཚོ་དང་མཉམ་དུ་ཁ་བརྡ་བྱེད་རྒྱུའི་གོ་སྐབས་རག་པ་འདི་ལ་ཧ་ཅང་དགའ་སྤྲོ་ཆེན་པོ་བྱུང་། དེ་ནས་༼ཐར་ལོ༽ནི་ང་རང་གིས་འཁྲབ་ཁྲིད་བྱས་པའི་བོད་སྐད་གློག་བརྙན་ལྔ་པ་དེ་ཡིན། འདི་ཕབ་སྐྲུན་གྱི་གོ་རིམ་ལ། དུས་ཚོད་ཟླ་བ་གཅིག་ལྷག་རིང་ཕབ་སྐྲུན་བྱས་པ་ཡིན། འཛམ་གླིང་གི་གློག་བརྙན་དུས་ཆེན་སུམ་བཅུ་ལྷག་ལ་ཞུགས་ཤིང་། འཁྲབ་ཁྲིད་པ་རྩེ་གྲས་དང་། བརྙན་ལེན་རྩེ་གྲས། འཁྲབ་གཞུང་རྩེ་གྲས། གཏམ་རྒྱུད་གློག་བརྙན་རྩེ་གྲས། འཁྲབ་སྟོན་པ་རྩེ་གྲས་སོགས་བྱ་དགའ་བཅུ་གསུམ་བཅུ་བཞི་ལྷག་ཅིག་འཐོབ་བྱུང་། དེ་ནས་ཐོག་མར་གློག་བརྙན་འདི་ཕབ་སྒྲིག་ལེགས་འགྲུབ་བྱུང་མ་ཐག་ཏུ་འཛམ་གླིང་གི་གློག་བརྙན་དུས་ཆེན་ཆེན་མོ་གསུམ་གྱི་ཡ་གྱལ། ཝེ་ཉེ་ཟི་གློག་བརྙན་དུས་ཆེན་གྱི་གཟིགས་འབུལ་མཛད་སྒོའི་སྟེང་དུའང་ཞུགས་ཐུབ་སོང་། དེ་ནས་ཐེངས་འདིར་༼ཐར་ལོ༽རྒྱལ་ཡོངས་ནས་གཟིགས་འབུལ་བྱེད་པའི་གོ་སྐབས་འདི་འདྲ་ཞིག་འཐོབ་པར་ཡང་དགའ་སྤྲོ་ཆེན་པོ་བྱུང་ཡོད། དེ་མིན་དེ་རིང་གཙོ་བོ་ང་ཅག་གིས་ཕན་ཚུན་བར་བགྲོ་གླེང་བྱེད་པ་དང་། དྲི་བ་དྲིས་ལན་གྱི་སྟེང་ནས་གླེང་མོལ་བྱས་ན་ལེགས་པར་མཐོང་བས། མཚམས་འདི་ནས་དེ་ལྟར་བྱ།  ཐུགས་རྗེ་ཆེ། ༼ཐལ་སྒྲ།༽  

 དྲི་བ། དགེ་རྒན། ཡུམ་སྐྱབས།

ཐར་ལོའི་ལག་པའི་ནང་ནས་ཤོག་སྦག་བཀད་པ་དེས་ཅི་མཚོན། མང་པོ་ཞིག་གིས་རང་སྲོག་བཅད་པ་ཡིན་མིན་ཐད་གླེང་སློང་འབྱུང་གིན་འདུག་པས།

པདྨ་ཚེ་བརྟན།

དེས་རང་ལ་ཉེས་ཆད་བཅད་པ་ཙམ་ལས། ཐར་ལོ་ལྟ་བུའི་མི་ཞིག་གིས་རང་སྲོག་གཅོད་མི་སྲིད། དེ་མིན་ཉེ་ལམ་མང་པོ་ཞིག་གིས་ཐར་ལོའི་མཇུག་འབྲས་ག་འདྲ་ཡིན་ནམ། ཐར་ལོ་འདོན་ཐེངས་གཉིས་པ་ཞིག་ཕབ་སྐྲུན་བྱས་ན་ཅི་འདྲ་ཞེས་དྲི་བ་འདོན་ཡོང་གིན་འདུག འོན་ཏེ། དེ་ང་ལའང་གསལ་ཁ་འདེབས་རྒྱུ་མེད། གནས་སྐབས་འདོན་ཐེངས་གཉིས་པ་སོགས་ཀྱི་དྲ་སྒྲིག་མེད།

དགེ་རྒན། དཔའ་རྩེ།

གློག་བརྙན་འདི་མཚོན་ཐབས་ཀྱི་ཆ་ནས་ཚང་མ་ཚོན་མེད་དུ་བཟོས་པའི་དམིགས་ཡུལ་དང་། དེ་ལྟར་བྱ་དགོས་པའི་མཚོན་དོན་ག་རེ་ཡོད། ང་ཚོར་ངོ་སྤྲོད་ཅིག་གནང་རོགས།

པདྨ་ཚེ་བརྟན།

སྤྱིར་བཏང་འཛམ་གླིང་གློག་བརྙན་ལོ་རྒྱུས་འཕེལ་རིམ་ཁྲོད། ཐོག་མར་ཚོན་མེད་གློག་བརྙན་དང་སྒྲ་མེད་གློག་བརྙན་ནས། ཚོན་ལྡན་དང་སྒྲ་ལྡན་ཅན་དུ་གྱུར་པ་རེད། འོན་ཀྱང་ད་ལྟ་ཚོན་མེད་གློག་བརྙན་བཟོ་བཞིན་ཡོད་པ་འདི་མཚོན་སྟངས་ཀྱི་ཆ་ནས་རེད། ཐར་ལོར་མཚོན་ན་ཁོ་རང་རིག་གསར་གྱི་འཚོ་བ་བརྒྱུད་མྱོང་མཁན་ཞིག་དང་། དེའི་ལྟག་རྒྱབ་ཀྱི་འཚོ་བ་རོལ་མཁན་ཞིག་ཡིན་པའི་ཆ་ནས། འཚོ་བ་དེ་མཚོན་བདེ་བའི་ཕྱིར་དུ་ཚོན་མེད་དུ་བཟོས་པ་ཡིན།

དྲི་བ།  འདོན་མཁན།  སློབ་མ།

ཐོག་མར་རྒན་ལགས་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་ཁྱེད་ཀྱི་བརྩམས་སྒྲུང་མང་པོ་དང་ཐར་ལོ་སོགས་ཀྱི་ནང་དུ་ཧ་ཅང་ཁེར་རྐྱང་དང་ཆིག་རྐྱང་གི་སྣང་ཚུལ་འདི་ཤུགས་དྲག་པོ་རེད། དེ་ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བ་ཡོད་དམ། ༼དགོད་སྒྲ༽

པདྨ་ཚེ་བརྟན།

ངའི་བརྩམས་སྒྲུང་དག་གི་ཁྲོད་ནས་ང་རང་མཐོང་རྒྱུ་ཧ་ཅང་མང་པོ་ཡོད་ངེས། འོན་ཏེ། གློག་བརྙན་ནི་ཕབ་སྐྲུན་ཆོག་མཆན་གྱི་དབང་གིས་ཅུང་བཤད་ཁག་པོ་རེད། སྤྱིར་བཏང་བརྩམས་སྒྲུང་ལ་ཚད་བཀག་དེ་འདྲ་མེད་རྐྱེན་ངའི་བརྩམས་སྒྲུང་དག་གི་ནང་དུ་ང་རང་གི་ནང་སེམས་ཀྱི་ཚོར་བ་དང་ཧ་ཅང་ཐག་ཉེ་བོ་ཡོད་ངེས་རེད། གློག་བརྙན་ནི་ཚད་བཀག་ཡོད་རྐྱེན་ཅུང་དཀའ་མོད། ཐེངས་འདིའི་ཐར་ལོ་ནི་ངའི་བརྩམས་སྒྲུང་དངོས་དང་བར་ཐག་ཧ་ཅང་ཉེ་ཤོས་ཀྱི་གློག་བརྙན་དེ་ཡིན། དེ་ནས་ང་ལ་མཚོན་ན་གསར་རྩོམ་གྱི་ཆ་ནས་གློག་བརྙན་ལ་བལྟས་ནའང་བརྩམས་སྒྲུང་དག་ལ་ཚོར་བ་ཆེན་པོ་ཡོད། 

དེ་ནས་ངའི་གློག་བརྙན་ཚང་མ་ནི་དངོས་ཡོད་ཀྱི་འཚོ་བ་མཚོན་པ་ཤ་སྟག་ཡིན་པས་ཁྱེད་ཅག་གིས་ངའི་གློག་བརྙན་དག་ལ་བལྟས་ན་དེ་ལྟར་བལྟས་ན་འགྲིག་སྙམ།  

དྲི་བ། སློབ་མ།

ཐར་ལོའི་ནང་དུ་གཡང་མཚོ་དང་ཐར་ལོ་གཉིས་ཀྱི་འབྲེལ་འདྲིས་ཀྱི་གོ་རིམ་དེ་མཐའ་གཅིག་ཏུ་མེ་ལོང་དུ་འཆར་བར་བྱས་པའི་རྒྱུ་མཚན་དེ་གང་།

པདྨ་ཚེ་བརྟན།

སྤྱིར་བཏང་བོད་ཀྱི་རིག་གནས་ནང་དུའང་མེ་ལོང་ལས་མཚོན་ཐབས་བྱས་པ་མང་པོ་འདུག དཔེར་ན་ཆུ་ནང་གི་དྲ་བ་ཟེར་བ་དང་། མེ་ལོང་ནང་གི་གཟུགས་བརྙན་ཟེར་བ། སྙན་ངག་མེ་ལོང་མ་སོགས་ཀྱི་ནང་དུ་མེ་ལོང་བཀོས་པ་རབ་ཏུ་མང་པོ་རེད། དེ་ནས་སྤྱིར་མེ་ལོང་ནི་གློག་བརྙན་གྱི་མཚོན་ཐབས་སུ་བཀོལ་བ་མང་པོ་ཡོད་རེད། ཐར་ལོ་ནི་མྱི་རྐྱང་ཞིག་རེད། ཁོ་རང་ཐོག་མར་གྲོང་ཁྱེར་དུ་ཐོན་དེ་སྐྲ་བཞར་བུ་མོ་གཡང་མཚོ་ལ་བརྩེ་དུངས་ཆགས་པ་དེ་ཕྱོགས་གཅིག་ནས་ངོ་མ་ཞིག་གི་སྣང་ཚུལ་ཡོད་པ་དང་། ཕྱོགས་གཅིག་ནས་བརྩེ་དུངས་རྫུན་མ་ཞིག་གི་སྣང་ཚུལ་ཀྱང་ཡོད་པས། དེ་དག་མེ་ལོང་ནང་དུ་ཤར་བར་བྱས་ཏེ་གསལ་པོར་མཚོན་པར་བྱས་པ་རེད།  

དྲི་བ།  སློབ་མ།

ཁྱེད་ཀྱིས་གློག་བརྙན་ཐར་ལོ་ལ་བསྐྱར་དུ་བལྟས་ཚེ། ད་དུང་མ་འདང་ས་དང་ཡིད་མ་ཚིམ་ས་སོགས་ཡོད་དམ།

པདྨ་ཚེ་བརྟན།

སྤྱིར་གློག་བརྙན་ནི་༼སྒྱུ་རྩལ་ཐེངས་གཅིག༽ཞེས་ལབ་སྲོལ་ཡོད་རེད། དེ་བཞིན་དུ་གློག་བརྙན་ནི་མ་རྩ་ཆེན་པོ་དང་བཟོ་བཅོས་སྟབས་བདེ་མིན་རྐྱེན། ཐོག་མ་ནས་ཕབ་སྐྲུན་ཕྱོགས་ལ་ཞིབ་ཆ་གསལ་པོ་དགོས་པ་རེད། བརྩམས་སྒྲུང་ལྟ་བུར་མཚོན་ན་པར་སྐྲུན་རྗེས་མ་དག་ལ་སྔོན་མའི་མ་འདང་སའི་ཆ་དག་ཁ་གསབ་བྱས་ཆོག་གི་རེད་དེ། གློག་བརྙན་ནི་དེ་འདྲ་མ་རེད། དེ་ནས་ཐར་ལོར་མཚོན་ན་ཕྱོགས་གང་ཐད་ནས་ང་རང་གི་འདོད་བློ་ནང་བཞིན་ལེགས་འགྲུབ་བྱུང་སོང་།  

དྲི་བ། སློབ་མ།

དེང་སྐབས་མང་པོ་ཞིག་གིས་ཐར་ལོ་ནི་བོད་མིའི་བསྡུས་གཟུགས་ཤིག་ཏུ་གྲུབ་མིན་ཐད་རྩོད་པ་མང་པོ་བྱེད་ཀྱིན་འདུག དེ་གང་ཡིན་ཡང་ཆོག་མོད། འོན་ཀྱང་། བོད་ནི་ཆོས་ལྡན་གྱི་ལུང་པ་ཞིག་ཡིན་པའི་ཆ་ནས་ཁོ་རང་གི་དང་རྟེན་འཛིན་ས་དེ་ཅིའི་ཕྱིར་བོད་ཀྱི་བླ་མ་ཆེན་པོ་ཞིག་མ་ཡིན་པར་ཀྲང་སི་ཏེ་ལྟ་བུ་ཞིག་ཡིན་བཞག་པ་རེད། དེ་བཞིན་བོད་ལ་ས་སྐྱ་ལེགས་བཤད་སོགས་མི་བཅའ་སྟངས་ཀྱི་ཆ་ནས་ལེགས་བཤད་མང་པོ་ཡོད་ནའང་། ཅིའི་ཕྱིར་མོ་ཙེ་ཏུང་གི་གསུང་བཏུས་དག་ལུང་འདྲེན་བྱེད་དགོས་པ་རེད། དྲི་བ་གཉིས་པ་དེ། ཐར་ལོ་གྲོང་ཁྱེར་ལ་ཐེངས་གཅིག་སླེབས་པ་དེས་ཁོའི་ཡོད་ཚད་བློས་བཏང་སྟེ། བུ་མོ་གཡང་མཚོའི་ཕྱོགས་སུ་འཁོར་སོང་བ་དེ་བོད་མིའི་འདུ་ཤེས་འཛིན་སྟངས་ཤིག་ཡིན་ནམ།

པདྨ་ཚེ་བརྟན།

ད་སྐབས་མང་པོ་ཞིག་གིས་ཐར་ལོ་ནི་བོད་མིའི་བསྡུས་གཟུགས་ཤིག་ཡིན་མིན་ཐད་མང་པོ་ལབ་ཀྱིན་འདུག འོན་ཀྱང་ང་རང་གིས་དེ་གཅིག་ཀྱང་བཤད་མེད། ངས་ཐར་ལོ་ནི་ང་ཚོའི་གཏམ་རྒྱུད་ཡིན་ཞེས་ལབ་མྱོང་། ང་ཚོ་ཞེས་པ་ནི་བོད་མི་རྐྱང་པ་མ་ཡིན་པར། དེའི་སྣང་ཚུལ་དེ་སུའི་སྟེང་ལ་ཡོད་ན་དེ་ལྟར་ཡིན། དེ་ལས་བརྗོད་བྱའི་ཐད་ནས་ང་རང་ཉིད་ལ་མཚོན་ན་ཚད་བཀག་གཅིག་ཀྱང་མེད་།  

སྤྱིར་བཏང་ཐར་ལོའི་རྒྱབ་ལྗོངས་མཚོན་ཐབས་ཀྱི་ཆ་ནས་རིག་གསར་གྱི་བག་ཆགས་མཐིག་པའི་བོད་མི་ཞིག་གི་གཏམ་རྒྱུད་རེད། རྒྱལ་ནང་ལ་མཚོན་ན་རིག་གསར་གྱི་རྒྱབ་ལྗོངས་ལ་ངེས་ཆ་ཡོད་རྐྱེན། ཁོང་ཚོས་མི་ཞིག་གིས་རང་གི་ཐོབ་ཐང་འཚོལ་གྱིན་འདུག་ཅེས་ལབ་ཡོང་གིན་འདུག འོན་ཀྱང་།  ཕྱི་རྒྱལ་པ་ཚོར་མཚོན་ན་རིག་གསར་ལ་རྒྱུས་མངའ་མེད་རྐྱེན། ཁོང་ཚོས་ཐར་ལོ་ནི་མིའི་རིགས་ཀྱི་ཁེར་རྐྱང་མཚོན་བྱེད་ཅིག་རེད་ཅེས་གླེང་གིན་འདུག དེ་བས་མི་རེ་རེར་གོ་བ་ལེན་སྟངས་རེ་རེ་དང་མྱོང་ཚོར་མི་འདྲ་བ་རེ་རེ་ཡོད་པས། ང་རང་ཉིད་ལ་དེའི་མཚོན་དོན་གྱི་ཆ་ནས་ཚད་བཀག་གཅིག་ཀྱང་མེད།  

མཐར་པདྨ་ཚེ་བརྟན་གྱིས་ཉེ་ལམ་པར་སྐྲུན་བྱས་པའི་རྒྱ་ཡིག་གི་དེབ་༼ཐར་ལོ༽ཞེས་པའི་དཔེ་དེབ་ཉི་ཤུ་ལྟག་ཅིག་མིང་རྟགས་བཀོད་ཏེ་སློབ་གྲོགས་ཚོའི་ཕྱག་ཏུ་ཕུལ་འདུག

__________________________________ 

གསལ་བཤད།

 འདི་དག་ནི་ཡུལ་ངོས་འདི་ཡི་གནས་ཚུལ་རགས་བཀོད་ཅིག་བྱས་པ་ཙམ་ལས་ཞིབ་ཕྲ་དུས་ཚོད་སོགས་ཀྱིས་སྟབས་མ་འགྲིག་པས་ཀློག་མཁན་ཡོངས་ལ་དགོངས་དག་ཞུ།

  ཞེས་སྙུག་བཅུད་ལེན་གྱིས་ཡུལ་དངོས་ཐད་གཏོང་གི་བརྙན་མིག་ཁྲོད་ནས་ཟིན་བྲིས་སུ་བཏབ།  

        ༢༠༡༦ལོའི་ཟླ་ཚེས༡༡པའི་༢༩ཉིན་པེ་ཅིང་ནས་སྦྱར། 

དཔྱད་མཆན་ཡོད།