ཁོང་ཚོ་ཚང་མ་ངའི་གློག་བརྙན་གྱི་བློ་འབྱེད་པ་ཐོག་མ་ཡིན།

“ང་རང་གིས་ད་ལྟ་པེ་ཅིན་དུ་གློག་བརྙན་ཆེད་ལས་སྦྱོང་གི་ཡོད། ང་འགྲོ་སའི་སློབ་གྲྭ་དེའི་མིང་ལ་པེ་ཅིང་འཁྲབ་རྩལ་སློབ་གླིང་ཟེར་ཞིང་། དེ་ནི་དམངས་སྒྲུབ་སློབ་གྲྭ་ཞིག་རེད། སློབ་དངུལ་འཕྲོད་སོང་ན་སློབ་མར་ལེན་ཤག་ཤག་ཅན་པོ་དེ་རེད།”

  “ལོ་ངོ་གསུམ་གྱི་ཡར་སྔོན་དུ་ངས་རང་གི་རེ་འདོད་དང་ཡིད་སྐྱོ་བའི་དངོས་ཡོད་ཀྱི་གནས་སྟངས་འོག་སློབ་གྲྭ་དེ་འདྲ་ཞིག་ཏུ་འགྲོ་རྒྱུ་བྱས་པ་ཡིན། སློབ་གྲྭ་དེ་རུ་ང་རང་དགེ་རྒན་བཟང་པོ་འགའ་དང་འཕྲད། ཁོང་ཚོ་ཚང་མ་ངའི་གློག་བརྙན་གྱི་བློ་འབྱེད་པ་ཐོག་མ་ཡིན།”

  “ཆུང་དུས་བརྙན་འཕྲིན་ལ་ལྟ་རྒྱུར་ཧ་ཅང་དགའ། ཧྲོ་ལིན་དྲག་རྩལ་ཅན་པོར་ལྷག་ཏུ་དགའ། དེས་བསླུ་བྲིད་ཀྱིས་བྱིས་དུས་ཀྱི་བློ་ངོར་ནར་སོན་ན་ཧྲོ་ལིན་དགོན་པར་དྲག་རྩལ་སྦྱོང་དུ་འགྲོ་དགོས་བསམ་མྱོང་། དེ་མིན་ཧོང་ཀོང་གི་ཇག་འདུལ་གློག་བརྙན་སོགས་ལ་མང་པོ་བལྟས་མྱོང་། འོན་ཀྱང་གློག་བརྙན་འཁྲབ་ཁྲིད་བྱ་འདོད་ཀྱི་བསམ་པ་ནི། དམའ་འབྲིང་ལོ་རིམ་གཉིས་པའི་སྐབས་ཤིག་ལ་ཚགས་པར་ཐོག་པད་མ་ཚེ་བརྟན་ཟེར་བ་ཞིག་གིས་༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།༽ཞེས་པའི་གློག་བརྙན་ཞིག་འཁྲབ་ཁྲིད་བྱས་པ་གོ་ཕྱིན་ནས་རིམ་བཞིན་སྐྱེས་པ་ཡིན། རྗེས་སུ་མཐོ་འབྲིང་ལོ་གསུམ་རིང་ལ་ཡང་རེ་འདོད་དེར་འགྱུར་བ་མ་བྱུང་བར་མ་ཟད། དེ་ལ་ཇི་ལྟར་བཅར་བ་དེ་ལྟར་དགའ་བར་གྱུར།”

  “སྤྱིར་རིག་རྩལ་གློག་བརྙན་དང་ཚོང་ལས་གློག་བརྙན་གཉིས་ཡོངས་སུ་བཀར་དེ་འཇོག་སྟངས་འདི་ལ་ང་རང་མི་འཐད། ལྷག་པར་གློག་བརྙན་བཟོ་མཁན་ཞིག་ཡིན་ན་དེ་གཉིས་གང་ལ་འཐུས་ཤོར་བཏང་བ་ཡིན་ན། ཚད་ངེས་ཅན་གྱི་ཐོག་ནས་བཤད་ན་ཕམ་ཁ་རེད་བསམ། དེའི་ཕྱིར་ངས་ནི་རང་ནུས་གང་འཇོན་གྱིས་དེ་གཉིས་ལ་མཐུན་ཆ་ཞིག་འཚོལ་ཨེ་ཐུབ་བསམ་གྱིན་ཡོད།”

  ཁྱོད་རང་ཆེས་དགའ་སའི་འཁྲབ་ཁྲིད་པ་སུ་རེད།

  “ཆེས་དགའ་གཅིག་ཅེས་བཤད་ཁག་པོ་འདུག ང་ལ་ཞེ་འགྲོ་ས་མང་པོ་ཡོད། Peter Jackson Robert zebeckis Abbas ཅང་ཝུན་སོགས་རེད།”

  “གློག་བརྙན་འཁྲབ་ཁྲིད་པ་ཞིག་ལ་མེད་ཏུ་མི་རུང་བའི་རྩ་བའི་ཆ་རྐྱེན་དག་ནི་མི་རང་གི་སྒྱུ་རྩལ་དང་རིག་གནས་ཀྱི་བློ་སྦྱོང་ལ་རག་ལས་ཀྱི། ཆེད་ལས་ཞེས་སློབ་གྲྭ་རུ་སྦྱོང་ཐུབ་པ་ཞིག་མ་རེད། དེ་མིན་གློག་བརྙན་ནི་གཏམ་རྒྱུད་དང་མང་ཚོགས་ཀྱི་རང་བཞིན་ཅན་ཞིག་ཡིན་པས། ལྟ་མཁན་དག་ལ་གཏམ་རྒྱུད་གང་དེ་ལེགས་པོར་སྟོན་ཐུབ་པ་དང་གོ་ཐུབ་པ་བྱེད་རྒྱུ་ནི་རྩ་བ་རེད།”

  “ངའི་གློག་བརྙན་བརྩམས་ཆོས་དེ་ད་བར་གློག་བརྙན་དུས་ཆེན་སོགས་ཀྱི་དངོས་གཞིའི་ནང་ཐེངས་དགུ་ཙམ་ལ་ཚུད་སོང་། འོན་ཀྱང་དེ་ལས་མཐའ་མཇུག་གཟེངས་རྟགས་རེག་དུས་ཉུང་ཉུང་རེད། གློག་བརྙན་རང་སྟེང་ན་སྒྱུ་རྩལ་གྱི་ཚད་གཞི་ངེས་ཅན་ཞིག་འཛོམས་ཀྱི་ཡོད་ནའང་ལག་རྩལ་གྱི་ཆ་དང་གཏམ་རྒྱུད་ཀྱི་སྒྲིག་གཞི་སོགས་ཀྱི་ཐད་ནས་སྐྱོན་ཆའང་ཡོད་ངེས་རེད་བསམ་གྱིན་ཡོད། ”

  ཁྱོས་ད་ལྟའི་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་ངོས་འཛིན་གང་འདྲ་བྱེད་ཀྱིན་ཡོད།

  “ཨ་མ་འབོད་པའི་བུ་ཕྲུག་དང་འདྲ་སོང་། ང་རང་དེ་ལ་ཉེ་བར་བཅར་འདོད།”

  ཁྱོད་ལ་དགའ་རོགས་ཨེ་ཡོད། “དེ་སྔ་དགའ་རོགས་ཤིག་གི་དོན་ལ་སེམས་ཚེགས་བྱེད་ཁོམ་མི་འདུག་བསམ་ནས་དེ་དོན་ལ་འདང་མ་བརྒྱབ། དེ་བཞིན་དགའ་ས་ཞིག་ལ་འཕྲད་རྒྱུའང་སླ་མོ་ཞིག་མིན་པ་འདྲ། སློབ་གྲྭའི་ནང་མཛེས་མ་མང་ཡང་། འགྲོ་ཞོར་ལ་མིག་བལྟ་ཡང་ཡང་བྱེད་ཟེར་ན་མ་གཏོགས་ཁ་ཡ་མ་བྱས།”

དཔྱད་མཆན་ཡོད།