ཆོས་རྒྱམ་དྲུང་པ་རིན་པོ་ཆེ་ཕ་བུ་དང་ཁོང་གཉིས་ཀྱི་གློག་བརྙན།

       1967737137.jpg

             ཡོངས་གྲགས་སུ་ཆོས་རྒྱམ་དྲུང་པ་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་ནུབ་ཕྱོགས་སུ་དར་དུ་འཇུག་མཁན་གྱི་བླ་མ་ཐོག་མའི་གྲས་ཡིན་ལ། དབྱིན་སྐད་ནང་གསུང་ཆོས་སྤེལ་ཏེ་ནུབ་ཕྱོགས་སུ་ཆོས་དར་སྤེལ་བྱེད་མཁན་ཐོག་མའི་ཐོག་མ་དེ་རེད། ཁོང་གི་སྐུ་ཚེ་གང་པོའི་ནང་དུ་མཛད་པ་འཕྲིན་ལས་ཆེས་ཆེ་ཤོས་དེ་ནི་བོད་བརྒྱུད་ནང་བསྟན་དེ་ཉིད་སྐད་དང་ཡི་གེ་མི་གཅིག་ཅིང་། རིགས་དང་ཤ་མདོག་མི་གཅིག་པ། འཚོ་བའི་གོམས་སྲོལ་ཐ་དད་ཡིན་ཞིང་། ཐ་ན་བསམ་པའི་འཁྱེར་སོ་མཐའ་དག་རྦད་དེ་ཁ་ཁ་སོ་སོ་ཡིན་པའི་ནུབ་ཕྱོགས་འཇིག་རྟེན་གྱི་ཡུལ་དུ་དར་ཁྱབ་བཏང་བ་དེ་ཆགས་བསྡད་ཡོད། དེ་བས་ཁོང་གིས་བོད་བརྒྱུད་ནང་བསྟན་ནུབ་ཕྱོགས་འཇིག་རྟེན་དུ་དར་ཆེད་སྐུ་ལས་དཀའ་ཚེགས་མང་པོ་བསྐྱོན་པ་རེད། དེར་མ་ཟད་ཆོས་རྒྱམ་དྲུང་པ་རིན་པོ་ཆེ་ཁོང་སྙན་ངག་དང་རི་མོ། ཡིག་གཟུགས་དང་རོལ་དབྱངས། གློག་བརྙན་སོགས་ལའང་དད་པ་དང་དུངས་བ་བླ་ལྷག་ལྡན་པའི་སྐྱེས་བོ་ཁྱད་པར་བ་ཞིག་ཡིན། རྩོམ་ཐུང་འདིར་ཁོང་གིས་གསུང་ཆོས་སྤེལ་བ་ལས་གཞན། གློག་བརྙན་སྒྱུ་རྩལ་སོགས་ཀྱི་ཁྱབ་ཁོངས་ཐད་ཚོད་ལྟ་བགྱིས་པའི་མཛད་འཕྲིན་སྐོར་དམིགས་སུ་བཀར་ཏེ་བརྗོད་རྒྱུ་ཡིན་ལ། དེ་དང་བསྟུན་ནས་ཁོང་གི་མཛད་འཕྲིན་དེའི་འཕྲོ་ཁོང་གི་བུ་གེ་སར་གྱིས་བསྐྱངས་པའི་ལོ་རྒྱུས་རགས་ཙམ་ངོ་སྤྲོད་བྱས་ཡོད།

གཅིག རྣམ་ཐར་མདོར་བསྡུས།

            དེ་ཡང་ཆོས་རྒྱམ་དྲུང་པ་རིན་པོ་ཆེ་ཁོང་བོད་ཤར་ཕྱོགས་སུ་གནས་པའི་དགོན་སྡེ་ཆེ་གྲས་ཟུར་མང་དགོན་གྱི་མཁན་པོ་དང་། དྲུང་པའི་སྐུ་ཕྲེང་བཅུ་གཅིག་པ་རེད། ༡༩༤༠ལོར་སྐུ་འཁྲུངས་ཤིང་། ༡༩༥༩ལོར་རྒྱ་གར་དུ་ཕེབས་དགོས་བྱུང་། ༡༩༦༣ལོར་ཁོང་ཨོག་སི་ཧྥོརད་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་གནང་བར་དབྱིན་ཡུལ་དུ་བསྐྱོད། དབྱིན་ཡུལ་དུ་བཞུགས་སྐབས། ཁོང་གིས་ནུབ་ཕྱོགས་པ་སྟོང་ཕྲག་དུ་མར་ནང་ཆོས་ངོ་སྤྲོད་གནང་ཆེད། ནང་སེམས་དང་འབྲེལ་བའི་བརྒྱ་ཕྲག་ཉི་ཤུའི་ནང་གི་སྲོལ་རྒྱུན་སྤུས་གཙང་གི་བརྩམས་ཆོས་སྒོམ་སྒྲུབ་(Meditation in Action)ཞེས་པ༡༩༦༩ལོར་པར་སྐྲུན་གནང་ཡོད། སྤྱི་ལོ༡༩༧༠ལོར་ཨ་རིར་གནས་སྤོར་གྱིས༡༩༧༣ལོར་ཆོས་མིན་གཅོད་པ(Cutting Through Spiritual Materialism)དང་། སྤྱི་ལོ༡༩༨༤ལོར་ཤམྦྷ་ལ། དཔའ་བོའི་ལམ་མཆོག(Shambhala:Sacred Path of the Warrior)ཅེས་པ་གཉིས་ཐེ་བའི་གྲགས་ཆེ་ལ་ཤུགས་རྐྱེན་ཆེ་བའི་ནང་ཆོས་དང་འབྲེལ་བའི་གསུང་རྩོམ་དེབ་གྲངས་བཅུ་ཕྲག་ལས་མང་བ་པར་བསྐྲུན་གནང་ཡོད། དེ་མིན་ཁོང་གིས་མི་ལོ་བཅུ་བདུན་ལྷག་གི་རིང་ལ་ཨ་རི་དང་ཁེ་ན་ཌ། ཡོ་རོབ་བཅས་སུ་སློབ་མ་སྟོང་ཕྲག་ལྷག་སྐོང་འགུག་བྱས་ཏེ་གསུང་ཆོས་དང་བཀའ་མོལ་མང་པོ་བསྩལ་ཅིང་། ལྷག་པར་དུ་ནཱ་རོ་པ་མཐོ་སློབ་སོགས་གཙུག་ལག་སློབ་གཉེར་གནང་ས་དང་ཆོས་ཚོགས་མང་པོ་བཙུགས་ཏེ་ཆེན་པོ་ཤར་གྱི་ཉི་མ་ཞིག་ནུབ་ཕྱོགས་ཀྱི་འཇིག་རྟེན་དུ་གསལ་ལེར་འཕྲོས་སུ་བཅུག

大师傅士大夫.JPG

གཉིས། ཆོས་རྒྱམ་དྲུང་པ་རིན་པོ་ཆེ་དང་གློག་བརྙན།

             སྤྱིར་སངས་རྒྱས་ཀྱི་ཆོས་ལ་གྲངས་མང་ཞིང་ཆོས་ཚུལ་ཟབ་ཅིང་། ལྷག་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ཁྱད་ཆོས་བཞི་བགྲངས་སྐབས་ཀྱང་གདུལ་བྱ་འདུལ་བའི་ཐབས་ཧ་ཅང་མང་པར་གསུངས། དེ་བས་དྲུང་པ་རིན་པོ་ཆེ་ཁོང་གིས་ཀྱང་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ཡུལ་ལུང་མི་གཅིག་ཅིང་། རིན་ཐང་ལྟ་བ་སོགས་ཡེ་ནས་མི་འདྲ་བའི་ནུབ་ཕྱོགས་ཀྱི་འཇིག་རྟེན་གསར་པ་ཞིག་ནས་དར་སྤེལ་གཏོང་སྐབས། ནུབ་ཀྱི་གདུལ་བྱ་དེ་དག་འདུལ་བའི་ཆེད་དུ་ཐབས་ཚུལ་འདྲ་མི་འདྲ་བེད་སྤྱོད་གནང་ཡོད་ལ། ཐ་ན་ཝུ་ཆང་སྤྱོད་པ་དང་ཉལ་ཐ་འཐེན་པ། གློག་བརྙན་བཟོ་བ། ཟློས་གར་དང་སེམས་ཁམས་རིག་པ་སོགས་ཀྱི་ཐབས་ལམ་སྣ་མང་ལ་བརྟེན་ཡོད། དེ་ཡང་།〝རིན་པོ་ཆེས་གློག་བརྙན་དང་། ཟློས་གར། སེམས་ཁམས་རིག་པ་ལྟ་བུའི་ཆོས་དང་འབྲེལ་མེད་རིག་ཚན་གྱི་ནང་དུ་བོད་ཀྱི་གསང་སྔགས་རྡོ་རྗོ་ཐེག་པའི་ནང་དོན་མཉམ་བསྲེས་གནང་གི་ཡོད་པ་དང་། རྗེས་སུ་ཁོང་གིས་ཁྱབ་ཁོངས་གཞན་པ་མང་པོ་ལའང་རྒྱ་སྐྱེད་གནང་ཡོད། དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་བསྲེས་ཀྱིས་སློབ་འཁྲིད་གནང་རྒྱུ་དེ་ནི་ཁོང་གི་དམིགས་བསལ་ཁྱད་ཆོས་ཤིག་རེད། དབྱིན་ཡུལ་དུ་བཞུགས་དུས་ནས་ཀྱང་ཁོང་ལ་མཛད་སྟངས་འདི་འདུག ཁོང་གིས་སྐྱ་སེར་གཉིས་ཀ་དབྱེར་མེད་ཀྱིས་ཆོས་སྟོན་པའི་འཕྲིན་ལས་སྐྱོང་དགོས་པ་དེ་ཁོང་གིས་ཆིག་སྟོང་དགུ་བརྒྱ་དྲུག་ཅུའི་ནང་ནས་མཁྱེན་གྲུབ་ཡོད། ཁོང་གིས་དེའི་སྐབས་སུ་ཉར་གནང་བའི་ཉིན་དེབ་ཀྱི་ནང་དུ་འདི་ལྟར་བྲིས་ཡོད།〞[1]

            〝ང་ལས་མཁས་པ་དང་རྟོགས་པ་མཐོ་བའི་མི་མང་པོ་ཡོད་རེད། ཡིན་ན་ཡང་ངས་ཆོས་དང་འཇིག་རྟེན་གྱི་དབར་ལ་དབྱེ་འབྱེད་ནམ་ཡང་བྱས་མེད། གལ་ཏེ་ཆོས་ཀྱི་དོན་དམ་པའི་རྣམ་པ་དེ་ཤེས་ན། འདི་ནི་འཇིག་རྟེན་གྱི་དོན་དམ་པའི་རྣམ་པ་དེ་རེད། གལ་ཏེ་འཇིག་རྟེན་གྱི་དོན་དམ་པའི་རྣམ་པ་དེ་རང་རྒྱུད་ལ་སྐྱེད་དགོས་ན། འདི་ཆོས་དང་མཐུན་དགོས། འདི་ལྟར་བསམ་བློ་བཏང་ནས་ཆོས་སྟོན་མཁན་དེ་ང་གཅིག་པུ་རེད།〞[2]ཞེས་པ་ནང་ལྟར། ཁོང་གིས་དང་ཐོག་ནས་ཆོས་དང་འཇིག་རྟེན་གཉིས་ཁ་ཁར་མཐོང་གིན་མེད་པ་མ་ཟད། ལྷ་ཆོས་དང་མི་ཆོས་མཉས་བསྲེས་སྒོས་སློབ་ཁྲིད་གནང་རྒྱུ་དེ་མཆོག་ཏུ་མཐོང་གིན་ཡོད། དེ་བས། འཇིག་རྟེན་པའི་རིག་གནས་དང་ལྷག་པར་དུ་གྲོང་ཁྱེར་གྱི་རིག་གནས་ཤིག་ཏུ་བརྩི་བའི་གློག་བརྙན་སོགས་ལ་བརྟེན་ནས་ཆོས་སྟོན་པའི་འཕྲིན་ལས་སྐྱོང་དགོས་པར་འདོད།

fc2705a9cb4ea45aaf9f444f8b489cf2.jpg

              དེ་ཡང་། རིན་པོ་ཆེས་གློག་བརྙན་དང་གསང་སྔགས་རྡོ་རྗེ་ཐེག་པའི་ནང་དོན་གཉིས་མཉམ་བསྲེས་གནང་སྟེ། དེ་དང་འབྲེལ་བའི་གློག་བརྙན་ཞིག་བཟོ་རྒྱུའི་ཚོད་ལྟ་གནང་མྱོང་པའི་སྐོར་དེ། ཁོང་གི་སྐུ་ཟླ་ཌ་ན་ཡ་སྨུག་པོས་བརྩམས་པའི༼   འབྲུག་སྒྲ། ཆོས་རྒྱམ་དྲུང་པ་དང་ལྷན་དུ་བསྐྱལ་བའི་ངའི་མི་ཚེ  ༽ ཞེས་པའི་ནང་འཁོད་པ་ལྟར་ན། 〝ཋ་ས་ཇ་ར་ནས་ང་ཚོ་མུ་མཐུད་ལོ་སི་ཨན་ཇིལ་སི་ལ་ཕྱིན་པ་ཡིན། དེར་རིན་པོ་ཆེས་ངར་འཛིན་གྱི་འཐབ་འཁྲུག་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གནང་སོང་། ཁོང་ལ་ལོ་སི་ཨན་ཇི་ལ་དོན་གཉེར་ཅན་གྱི་སློབ་མ་འདུ་འགོ་ཚུགས། ང་ཚོས་རིན་པོ་ཆེ་དང་འབྲེལ་བ་དམ་པོར་གྱུར་བའི་གློག་བརྙན་བཟོ་སྐྲུན་པ། བྷེརད་བྷི་རི་ཡནད་དང་། ཡོ་ཧན་ཌེ་མེ་ཋི་རག་ཁེ་སི་གཉིས་དང་ལྷན་དུ་དུས་ཚོད་བསྐྱལ། སྐབས་དེར་རིན་པོ་ཆེ་མི་ལ་རས་པའི་སྐུ་ཚེའི་སྐོར་ལ་གློག་བརྙན་ཞིག་བཟོ་རྒྱུའི་འགོ་འཛུགས་ཀྱི་གནས་སྐབས་སུ་ཡོད། རིན་པོ་ཆེས་ཁོང་རང་གང་ལ་བྱང་ཆུབ་པའི་ནང་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་གྱི་འདོད་ཚུལ་བཀོལ་ཏེ་གློག་བརྙན་ཞིག་བཟོ་འདོད་གནང་། ཁོང་གིས་རྒྱལ་བ་རིགས་ལྔ་ཞེས་པའི་གསང་སྔགས་ཀྱི་སྒྲོམ་གཞི་བཀོལ་ཏེ་གློག་བརྙན་ཞིག་བཟོ་རྒྱུར་དོན་གཉེར་གནང་ཡོད། སངས་རྒྱས་ཏེ་ཀུན་ཏུ་བཟང་པོ་དང་། རྡོ་རྗེ་སྟེ་ཕྱག་ན་རྡོ་རྗེ། ལས་ཏེ་དོན་ཡོད་གྲུབ་པ། པདྨ་སྟེ་འོད་དཔག་མེད། རིན་ཆེན་ཏེ་རིན་ཆེན་འབྱུང་གནས་བཅས་རྒྱལ་བ་རིགས་ལྔ་ནི་སྲིད་པ་དང་ཞི་བ་གཉི་གའི་སྤྱོད་པ་མི་འདྲ་བ་ལྔ་མཚོན་གྱི་ཡོད། རིགས་རེ་རེ་ལ་དག་པ་དང་མ་དག་པའི་མཚོན་དོན་གཉི་ག་ཡོད། སྤྱི་ལོ་བདུན་ཅུའི་འགོ་སྟོད་དུ་རིན་པོ་ཆེས་ཁོང་རང་གི་མཛད་འཕྲིན་གྱི་ནང་དུ་དཔེ་མཚོན་འདི་བེད་སྤྱོད་གནང་ཡོད། འདི་སྒྱུ་རྩལ་ལ་བེད་སྤྱོད་ཡོད་པ་ཙམ་མ་ཟད་མིའི་སེམས་ཁམས་ཤེས་པ་ལའང་ཕན་ཐོགས་ཡོད། གློག་བརྙན་བཟོ་སྐྲུན་གྱི་ཐད་ནས་བཤད་ན། ཁོང་གིས་རྣམ་པ་ཞིག་ཇི་ལྟར་དཔར་དུ་བླངས་པ་དེས་རིགས་ལྔའི་ནང་གི་གཅིག་གི་མཐུ་ནུས་དེ་མཚོན་པར་བྱེད་པའམ། བཟུང་ཐུབ་པར་དགོངས་ཀྱི་འདུག གནས་སྟངས་གཅིག་ལ་པར་ཆོས་དེས་ཟུར་མི་འདྲ་བ་ལྔ་ནས་བལྟས་ཏེ་རྟོག་པའམ། གོ་བ་མི་འདྲ་བ་ལྔ་ལེན་ཐུབ། རྒྱལ་བ་རིགས་ལྔའི་ཡོན་ཏན་དེ་དག་རང་གི་སྒྱུ་རྩལ་གྱི་ནང་དུ་བཀོལ་རྒྱུའི་བསམ་བློ་དེ་རིན་པོ་ཆེ་ལ་ཐུག་པའི་སྒྱུ་རྩལ་བ་གཞན་མང་པོར་བྱུང་བ་ནང་བཞིན་ཇོ་ཧ་ན་དང་བྷེརད་གཉིས་ལའང་ཡིད་ལ་འཐད་པོ་བྱུང་སོང་།〞[3]ཞེས་པ་ལྟར། ཆོས་རྒྱམ་དྲུང་པ་རིན་པོ་ཆེ་ཁོང་གིས་གཅིག་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་གྱི་འདོད་ཚུལ་བཀོལ་ཏེ་མི་ལ་རས་པའི་སྐུ་ཚེའི་སྐོར་གྱི་གློག་བརྙན་ཞིག་བཟོ་རྒྱུའི་འདུན་པ་ཡོད་པ་དང་། གཉིས་ནས་རྒྱལ་བ་རིགས་ལྔའི་གསང་སྔགས་ཀྱི་སྒྲོམ་གཞི་བཀོལ་ཏེ་གནས་སྟངས་གཅིག་ལ་ཟུར་མི་འདྲ་བ་ལྔ་ནས་བླངས་ཏེ་གོ་བ་མི་འདྲ་བ་ལྔ་ཆགས་པའི་བཟོ་བསྐྲུན་ཐབས་ལམ་ཞིག་བཀོལ་འདོད་པ་རེད།

            〝ཁོང་གིས་ཁ་ལོ་ར་ཌོའི་སློབ་གྲྭ་ཆེན་མོར་བདུན་གཅིག་ལ་ཐེངས་འགའ་ཤོས་སློབ་འཁྲིད་གནང་བ་དང་། མི་ནེ་ཡ་ཕོ་ལི་སི་དང་། ཁན་ས་སི་ནང་གི་ཋོ་ཕེ་ཁོ་ལྟ་བུའི་ས་གནས་ཁག་ཏུ་གསུང་ཆོས་གནང་བར་ཟུར་སྐྱོད་གནང་བ་དང་ལྷན་དུ་ཤར་ནུབ་ཀྱི་མཚོ་ཁུལ་གཉིས་ཀར་ཕེབས་གནང་མཛད། ཁོང་གིས་བྷོལ་ཌར་དུ་འབྱུང་འགྱུར་གྱི་ཟླ་བ་དྲུག་གི་ནང་དུ་བགྲོ་གླེང་ཚོགས་འདུ་ཚར་འགའ་ཤས་གནང་བ་དང་། དེ་བཞིན་སེམས་ཁམས་རིག་པ་དང་། གློག་བརྙན། ཟློས་གར་དང་འབྲེལ་ཡོད་ཀྱི་མི་ཚེ་དང་ལྷན་དུ་ལས་གྲྭ་ཚུགས་པ་དང་དམིགས་བསལ་གྱི་ཚོགས་འདུ་ཚོགས་པ་བཅས་གནང་། སྤྱི་ལོ་༡༩༧༣གྱི་དཔྱིད་ཀ་དེར། ཁོང་དང་བྷོལ་ཌར་དུ་ཡོད་པའི་ཁོང་གི་སློབ་མ་ཚོས་མི་ལ་རས་པའི་གློག་བརྙན་ལས་འཆར་དང་། ད་དུང་ཚོགས་ཡུན་གཟའ་འཁོར་གཅིག་ཅན་གྱི་བགྲོ་གླེང་ཚོགས་འདུ་གཉིས་འདུ་འགོད་གནང་། དེ་གཉིས་ལས་གཅིག་ནི་(རྒྱལ་བ་རིགས་ལྔ་དང་རྟོག་འཆར་གཞན་ཁག་དང་འབྲེལ་བའི་)སེམས་ཁམས་རིག་པ་ལ་མཻཏྲིའི་འདོད་ཚུལ་དང་འབྲེལ་བ་ཞིག་དང་། གཞན་པ་དེ་ནི་རིན་པོ་ཆེས་ཁོང་རང་གི་བོད་དུ་ཡོད་པའི་དགོན་པའི་གར་འཆམ་གྱི་ཉམས་མྱོང་ལ་གཞི་བཅོལ་ཏེ་བཟོ་གནང་བའི་ཉིན་བཅུའི་རིང་གི་ལུས་རྩལ་སྦྱོང་བརྡར་གྱི་ཚོགས་འཛོམས་མུདྲ་ཟློས་གར་ཚོགས་པས་སྦྱིན་བདག་བྱས་པ་ཞིག་རེད། ཟློས་གར་གྱི་ཚོགས་འཛོམས་དེ་ནི་ཇོན་ཁ་ལའོ་ཌི་ཧྥན་ཨི་ཋ་ལི་ཡིས་ཐབས་འཚོལ་བྱས་ཏེ་རྒྱལ་ནང་སྒྱུ་རྩལ་མ་དངུལ་ཐེབས་རྩ་ནས་དཔལ་འབྱོར་མཐུན་རྐྱེན་ཆ་ཤས་ཤིག་ཐོབ་སྟེ་ཚུགས་པ་རེད། ཁོས་ཨ་རིའི་སྒྱུ་རྩལ་བ་དང་འཁྲབ་གཞུང་རྩོམ་པ་པོ་གྲགས་ཅན་རོ་བྷརད་ཝིལ་སོན་ཐེ་བའི་ཁོའི་ཟློས་གར་ཚོགས་པ་དང་། གཞན་ཡང་ཟློས་གར་དང་འབྲེལ་བའི་མི་སྣ་གྲགས་ཅན་མང་པོ་ཞིག་བྷོལ་ཌར་གྱི་ཚོགས་འཛོམས་དེར་གདན་དྲངས་པ་རེད། འདི་ཚོ་ཚང་མ་གྲ་སྒྲིག་བྱེད་པ་ལ་ལས་ཀ་ཧ་ཅང་མང་པོ་འདུག འདི་དག་ནི་འདིའི་སྐབས་སུ་རིན་པོ་ཆོས་ག་རེ་གནང་གི་ཡོད་པའི་དཔེ་མཚོན་ཉུང་ངུའམ། འཁྱག་རོམ་གྱི་རྩེ་མོ་ཙམ་རེད།〞 [4]ཞེས་འཁོད་ཡོད།

u=1756836887,2848159313&fm=26&gp=0.jpg

            དེ་ནས་ཡང་དཔེ་ཆའི་ནང་དུ་གློག་བརྙན་བཟོ་བསྐྲུན་ཐད་ཀྱི་འགལ་རྐྱེན་བཀོད་ཡོད་པ་དཔེར་ན།〝སྤྱི་ལོ་༡༩༧༣ལོར་ཇོ་ཧ་ན་དང་བྷེརད་གཉིས་རིན་པོ་ཆེ་དང་ལྷན་དུ་སི་ཝི་ཌེན་གྱི་སི་ཋོག་ཧོམ་ནང་གི་མི་རིགས་རྣམ་བཤད་ཀྱི་འགྲེམས་སྟོན་ཁང་དུ་བཞུགས་པའི་མི་ལ་རས་པའི་སྐུ་ཚེའི་སྐོར་གྱི་ངོ་མཚར་ཅན་གྱི་ཐང་ཀ་འགའ་ཞིག་གློག་བརྙན་པར་ལེན་གནང་བར་ཕེབས་པ་རེད། ཁོང་གིས་ཐང་ཀའི་སྣང་བརྙན་དེ་དག་གློག་བརྙན་གྱི་ནང་དུ་བེད་སྤྱོད་གཏོང་འདོད་གནང་ཡོད། འོན་ཀྱང་པར་ཆས་ཀྱི་ཆེ་ཤེལ་ཡག་པོ་མ་བྱུང་བའི་རྐྱེན་གྱིས་སྣང་བརྙན་དེ་དག་གསལ་པོ་མ་བྱུང་བ་སོགས་འགལ་རྐྱེན་སྣ་མང་ལ་བརྟེན་ནས་གློག་བརྙན་བཟོ་རྒྱུ་བྱུང་མེད།〞[5]ཞེས་པ་ལྟར་གཞིགས་ན། ཁོང་གིས་བརྙན་ཕབ་ཀྱི་སྦྱོར་བ་དངོས་སུ་བརྩམས་ན་ཡང་སྣང་བརྙན་གསལ་བོ་མ་བྱུང་བ་སོགས་ཀྱི་འགལ་རྐྱེན་ལ་བརྟེན་ནས་གློག་བརྙན་བཟོ་རྒྱུ་བྱུང་མེད་པ་ཡང་ཤེས་ཐུབ།

             གང་ལྟར། ཆོས་རྒྱམ་དྲུང་པ་རིན་པོ་ཆེ་ཁོང་མ་གཞི་ནས་བཀའ་བརྒྱུད་པའི་བླ་མ་ཆེ་གྲས་ཤིག་ཡིན་པ་དང་། ཁོང་གི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་གཙོ་བོ་དེ་ཆོས་རྗེ་མར་པ་དང་མི་ལ་རས་པ་ཡིན་པས། ཁོང་གིས་སྐབས་ཐོག་དེར་དེང་རབས་ཀྱི་སྒྲ་གཟུགས་སྒྱུ་རྩལ་གློག་བརྙན་འདི་བརྒྱུད་ནས་མི་ལ་རས་པའི་མི་ཚེའི་རྣམ་ཐར་སྐོར་བརྙན་དུ་ཕབ་པའི་ཚོད་ལྟ་བགྱིས་མྱོང་མོད། འོན་ཀྱང་རིམ་བཞིན་བརྙན་ལེན་ཆས་ཡག་པོ་མ་བྱུང་བ་སོགས་ཕྱི་ནང་འགལ་རྐྱེན་སྣ་མང་ལ་བརྟེན་འདུག་བྱུང་། མཐར་དངོས་སུ་གློག་བརྙན་བཟོ་རྒྱུ་མ་བྱུང་བ་རེད། འོན་ཀྱང་ཁོང་གིས་སྔ་མོ་ནས་གློག་བརྙན་ཇི་ལྟ་བུ་ཞིག་བཟོ་རྒྱུ་ཡིན་པ་དང་། ཇི་ལྟར་བཟོ་རྒྱུའི་བློ་བཀོད་མ་གཞི་ནས་འཐེན་ཡོད་པ་རེད། དེ་ཡང་ཁོང་གི་གློག་བརྙན་བཟོ་རྒྱུའི་མཛད་པ་འཕྲོ་མ་འདི་ཏག་ཏག་ཁོང་གི་བུ་གེ་སར་སྨུག་པོས་རྒྱུན་བསྐྱངས་པ་རེད།

གསུམ་པ། བུ་གེ་སར་དང་གློག་བརྙན༼   སྤྲུལ་སྐུ། ༽

67892309.jpg

            གེ་སར་སྨུག་པོ་ནི་ཆོས་རྒྱམ་དྲུང་པ་རིན་པོ་ཆེ་དང་ཌ་ན་ཡ་སྨུག་པོ་གཉིས་ཀྱི་སྲས་སུ༡༩༧༣ལོར་སྐུ་འཁྲུངས་ཤིང་། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་བླ་མ་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེའི་ཡང་སྲིད་དུ་ངོས་བཟུང་། རྗེས་སུ་རྒྱ་གར་དུ་ཕྱིན་ཏེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་དྲུང་ནས་སློབ་གཉེར་བྱས་པ་དང་། དེ་གར་ཁོས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་ཀྱང་ཞུས་པ་རེད། ཡབ་ཀྱི་ཡོན་ཏན་མང་པོའི་རྒྱུན་བཟུང་སྟེ་སྒྱུ་རྩལ་གྱི་རྣམ་དཔྱོད་ཁྱད་དུ་འཕགས། འོན་ཏེ། ཆོས་རྒྱམ་དྲུང་པ་རིན་པོ་ཆེ་ཡིས་བླ་མ་བླ་ཆེན་དག་གིས་ནུབ་ཕྱོགས་སུ་སྐྱེ་བ་བཞེས་པ་དེ་ལ་ཐུགས་དགོངས་ཁྱད་པར་ཅན་ཡོད་པར་འདོད་པས། ཁོང་གིས་གེ་སར་ཆུང་དུས་ནས་དགོན་པར་བསྐྱལ་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོ་མྱོང་དུ་བཅུག་མེད་པར། ནུབ་ཕྱོགས་སྤྱི་ཚོགས་ནས་ལག་ཆགས་སུ་བཅུག་ཅིང་ནུབ་ཕྱོགས་ཀྱི་སློབ་གསོ་མྱོང་དུ་བཅུག དེ་བས་གེ་སར་ཁོང་རྗེས་སུ་ཁ་ལི་ཧྥོར་ནི་ཡར་མཐོ་སློབ་འགྲིམ་པ་དང་། རྐང་རྩེད་སྤོ་ལོ་རྩེད་བ། ཧོ་ལི་ཝུད་ཀྱི་གློག་བརྙན་འགའ་ཞིག་ནང་ལས་ཀ་བྱས་པ་བཅས་ཏེ་ལོ་མང་བསྐྱལ་བ་རེད།

          རྐྱེན་དེའི་དབང་གིས། གེ་སར་ཀྱིས་ཀྱང་རྗེས་སུ་གློག་བརྙན་བཟོ་རྒྱུའི་འགོ་བརྩམས་ཤིང་། ༢༠༠༩ལོར་ཁོང་གིས༼   སྤྲུལ་སྐུ ༽ ཞེས་པའི་དངོས་བཤུས་གློག་བརྙན་ཞིག་བཟོས་ཤིང་། གློག་བརྙན་ཁྲོད་དུ་ཧ་ཅང་ཞིབ་ཚགས་ལྡན་པའི་སྒོ་ནས་སྔོན་ཆད་བོད་ཀྱི་བླ་མའི་སྤྲུལ་སྐུ་རུ་ངོས་བཟུང་མྱོང་བའི་ནུབ་ཕྱོགས་ཀྱི་ན་གཞོན་ལྔ་ཡི་གཏམ་རྒྱུད་བརྗོད་ཡོད། ལོ་ངོ་བདུན་བརྒྱའི་གོང་རོལ་ནས་བཟུང་སྤྲུལ་སྐུ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆེས་མཐོའི་དབུ་ཁྲིད་ཡིན་ལ། ༡༩༧༠ལོ་ནས་བཟུང་། ནུབ་ཕྱོགས་སྤྱི་ཚོགས་ཁྲོད་དུའང་སྤྲུལ་སྐུ་ཁ་ཤས་བྱུང་འགོ་ཚུགས་པས། ནུབ་ཕྱོགས་སུ་སྐུ་འཁྲུངས་ཤིང་བོད་ཀྱི་བླ་ཆེན་དག་གི་སྤྲུལ་སྐུ་ཡིན་པའི་དེང་དུས་ཀྱི་ཡང་སྲིད་འདི་དག་ལ་ཏག་ཏག་རིག་གནས་ཀྱི་འགལ་འདུ་ཞིག་དང་ཐོབ་ཐང་ངོས་འཛིན་ཐད་ལ་འགལ་འདུ་ཞིག་བཟོས་ཡོད། 

webwxgetmsgimg (3).jpg

           གེ་སར་སྨུག་པོ་ཁོང་ནུབ་ཕྱོགས་སུ་འཚར་ལོངས་བྱུང་ཞིང་། ཆུང་དུས་ནས་སྲོལ་རྒྱུན་གྱི་དགོན་པའི་སློབ་གསོའི་ལམ་ལུགས་མྱངས་མེད་པར་མི་སྐྱ་ཞིག་ལྟར་སྟབས་བདེའི་འཚོ་བ་རོལ་ནས་ཡོང་ཞིང་། ཁོང་ལ་བུ་མོ་ཞིག་སྐྱེས་ཡོད། སྔོན་ཆད་སྒྲ་ཕབ་པ་དང་འཁྲབ་ཁྲིད་པའི་ལས་རོགས་སོགས་ཀྱི་ལས་ཀ་གཉེར་མྱོང་ཞིང་། ཡབ་ཀྱི་ཤུགས་རྐྱེན་དང་བག་ཆགས་ལ་བརྟེན་གློག་བརྙན་རིག་པ་འདིར་དགའ་མོས་ཆེན་པོ་སྐྱེས་ཤིང་། ལྷག་པར་དུ་རང་ཉིད་ཀྱི་གནས་སྟངས་ལ་ཡི་མུག་པ་དང་རང་ཉིད་ཀྱི་མི་ཚེའི་དམིགས་འབེན་སོགས་ཀྱང་རབ་རིབ་མག་མོག་ཅིག་ཏུ་གྱུར་ཡོད་པས། ཁོང་གིས་གློག་བརྙན་ཁྲོད་དུའང་བཅར་འདྲིའི་ཐབས་ལམ་བེད་སྤྱད་དེ། ཁོང་དང་འདྲ་བའི་བོད་ཀྱི་སྤྲུལ་སྐུ་རུ་ངོས་བཟུང་ནའང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོ་ཐེབས་མ་མྱོང་པར། ནུབ་ཕྱོགས་སྤྱི་ཚོགས་སུ་སློབ་གསོ་མྱངས་ཏེ་འཚར་ལོངས་བྱུང་བའི་དྷེ་ལན་ཧེན་དྷེར་སོན་དང་ཝེ་ཡ་ཐི་ཨ་ནོ་ཏི། ད་དུང་རང་གི་སྤུན་མཆེད་ཁམས་སྨྱོན་རིན་པོ་ཆེའི་ཡང་སྲིད་དུ་ཁྲི་འདོན་བྱས་པའི་ཨ་ཤོཀཱ  དེ་མིན་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སོགས་ལ་བཅར་འདྲི་གནང་བ་བརྒྱུད། ཁོང་ཚོའི་གནས་སྟངས་ཀྱང་རང་ཉིད་ནང་བཞིན་མགོ་འཐོམ་ཡོད་མེད་ལ་རྒྱུས་ལོན་གནང་ཞིང་། མ་ཟད་མི་རེ་རེས་སྤྱི་ཚོགས་དང་རང་ཉིད་ཀྱི་གནས་སྟངས་ལ་ཇི་ལྟར་བྱས་ཏེ་གདོང་གཏད་ཚུལ་བརྗོད་ཡོད་ལ། གོ་རིམ་དེའི་ཁྲོད་དུ་ད་དུང་རང་ཉིད་ཀྱི་མི་ཚེའི་གཏམ་རྒྱུད་དང་དཀའ་ཁག་སོགས་ཀྱང་བརྗོད་ཡོད།

          འདི་དག་བརྗོད་པ་དང་བསྟུན་ནས། མཐའ་མར། སྨུག་པོ་རང་ཉིད་ཀྱིས་རང་གི་མི་ཚེའི་མྱོང་བ་དང་སྤྲུལ་སྐུ་གཞན་དག་གི་གནས་སྟངས་ལ་བསམ་གཞིག་ཞིབ་མོ་བཏང་བ་བརྒྱུད། ཁོང་གིས་འགྱུར་བ་རྒོད་པའི་དེང་གི་འཇིག་རྟེན་འདིར་ནུབ་ཕྱོགས་མི་བོད་ཀྱི་སྤྲུལ་སྐུར་ངོས་བཟུང་བའི་རྙོག་འཛིང་རང་བཞིན་དང་འགལ་འདུའི་རང་བཞིན་དེ་ལ་ལན་ཁ་གསལ་བོ་ཞིག་མེད་པར་འདོད་པ་མ་ཟད། ཁོང་གིས་ཁོང་ཅག་གི་གནས་སྟངས་ལ་མཐའ་སྡོམ་གྱི་ཚུལ་དུ། དོན་དམ་པའི་རང་ཉིད་དེ་རྙེད་ན་མ་གཏོགས། ཁོང་ཅག་ལ་འགྲོ་ལམ་གཞན་མེད། ཅེས་བསྟན་ཡོད།

webwxgetmsgimg (2).jpg

བཞི། སྡོམ་ཆུང་།

              ༼   སྤྲུལ་སྐུ ༽ ཞེས་པའི་དངོས་བཤུས་གློག་བརྙན་འདིར་སྐབས་དེར་ནུབ་ཕྱོགས་ལྟད་མོ་བའི་ཁྲོད་ནས་དགའ་བསུ་མི་དམན་པ་ཐོབ་མྱོང་ལ། འདི་ལ་བརྟེན་ནས་གེ་སར་སྨུག་པོ་ཁོང་ཡང་གློག་བརྙན་བཟོ་བའི་ལམ་ཁར་གོམ་པ་སྤོས་ཤིང་། དང་ཐོག་ཁོང་གི་ཡབ་ཆོས་རྒྱམ་དྲུང་པ་རིན་པོ་ཆེས་ཀྱང་གསང་སྔགས་ཀྱི་ཆོས་དང་འགྲོགས་ནས་མི་ལ་རས་པའི་སྐོར་གྱི་གློག་བརྙན་ཞིག་བཟོ་རྒྱུའི་བློ་བཀོད་པ་སྔོན་དུ་སོང་ཞིང་། དེར་མ་ཟད་དངོས་སུ་ཡུལ་དངོས་སུ་བརྙན་བླངས་ནའང་། རྗེས་སོར་ལམ་ལྷོངས་མ་བྱུང་བ་དང་། ཡིད་སྐྱོ་བ་ཞིག་ལ་དགུང་ལོ་ཞེ་བརྒྱད་སྟེང་དགོངས་པ་ཆོས་དབྱིངས་སུ་འཐིམས་པས་མཛད་པ་འཕྲོ་ཅན་དུ་ལུས། ཡིན་ནའང་། དགའ་འོས་པ་ཞིག་ལ་ཁོང་གི་བུ་གེ་སར་སྨུག་པོས་གློག་བརྙན་སྐོར་ལ་ཆེད་དུ་སྤྱངས་ཤིང་དེ་དངོས་སུ་ལག་ལེན་དུ་ཕབ་ནས༼  སྤྲུལ་སྐུ༽ ཞེས་པའི་གློག་བརྙན་ཞིག་བཟོས་པས། འདིའང་ཕྱོགས་གཞན་ཞིག་གི་སྟེང་ནས་བཤད་ན། ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ཀྱི་རྒྱུན་བསྐྱངས་པ་ལོས་ཡིན།


[1] འབྲུག་སྒྲ། ཆོས་རྒྱམ་དྲུང་པ་དང་ལྷན་དུ་བསྐྱལ་བའི་ངའི་མི་ཚེ། ཌ་ན་ཡ་ཇེ་སྨུག་པོས་ཁ་རོ་ལིན་རོ་སེ་ཇི་མེན་དང་ལྷན་དུ་བརྩམས། སྒྱུར་པ་པོ་པདྨ་ཚེ་དབང་ཤཱསྟི། འགྱུར་བརྒྱ་བརྩ་བརྒྱད། གློག་རྡུལ་དཔེ་དེབ། ཤོག་ངོས༢༨༤

[2]  འབྲུག་སྒྲ། ཆོས་རྒྱམ་དྲུང་པ་དང་ལྷན་དུ་བསྐྱལ་བའི་ངའི་མི་ཚེ། ཌ་ན་ཡ་ཇེ་སྨུག་པོས་ཁ་རོ་ལིན་རོ་སེ་ཇི་མེན་དང་ལྷན་དུ་བརྩམས། སྒྱུར་པ་པོ་པདྨ་ཚེ་དབང་ཤཱསྟི། འགྱུར་བརྒྱ་བརྩ་བརྒྱད། གློག་རྡུལ་དཔེ་དེབ། ༢༨༤

[3] འབྲུག་སྒྲ། ཆོས་རྒྱམ་དྲུང་པ་དང་ལྷན་དུ་བསྐྱལ་བའི་ངའི་མི་ཚེ། ཌ་ན་ཡ་ཇེ་སྨུག་པོས་ཁ་རོ་ལིན་རོ་སེ་ཇི་མེན་དང་ལྷན་དུ་བརྩམས། སྒྱུར་པ་པོ་པདྨ་ཚེ་དབང་ཤཱསྟི། འགྱུར་བརྒྱ་བརྩ་བརྒྱད། གློག་རྡུལ་དཔེ་དེབ། ཤོག་ངོས༢༥༨

[4] འབྲུག་སྒྲ། ཆོས་རྒྱམ་དྲུང་པ་དང་ལྷན་དུ་བསྐྱལ་བའི་ངའི་མི་ཚེ། ཌ་ན་ཡ་ཇེ་སྨུག་པོས་ཁ་རོ་ལིན་རོ་སེ་ཇི་མེན་དང་ལྷན་དུ་བརྩམས། སྒྱུར་པ་པོ་པདྨ་ཚེ་དབང་ཤཱསྟི། འགྱུར་བརྒྱ་བརྩ་བརྒྱད། གློག་རྡུལ་དཔེ་དེབ། ཤོག་ངོས༢༨༤

[5] འབྲུག་སྒྲ། ཆོས་རྒྱམ་དྲུང་པ་དང་ལྷན་དུ་བསྐྱལ་བའི་ངའི་མི་ཚེ། ཌ་ན་ཡ་ཇེ་སྨུག་པོས་ཁ་རོ་ལིན་རོ་སེ་ཇི་མེན་དང་ལྷན་དུ་བརྩམས། སྒྱུར་པ་པོ་པདྨ་ཚེ་དབང་ཤཱསྟི། འགྱུར་བརྒྱ་བརྩ་བརྒྱད། གློག་རྡུལ་དཔེ་དེབ། ཤོག་ངོས༢༥༩


          «ཡེ་ཤེས་འཆོལ་བ»ལ་འདི་ནས་གཟིགས་ཆོག http://www.filmtbt.com/movies/documentary/2020-11-10/1096.html


གསལ་བཤད། 

             རྩོམ་འདི་ནི་དྲ་བའི་མ་རྩོམ་ཡིན་པས།  གང་བྱུང་དགོད་མི་རིགས།  བརྒྱུད་ལམ་གཞན་པས་དགོད་འདོད་ཚེ། ངེད་དྲ་བའི་ཆོག་མཆན་ཐོབ་དགོས། དེ་མིན་ངེས་པར་རྩད་གཅོད་བྱ་ངེས། 

དཔྱད་མཆན་ཡོད།