《དབུས་ལམ་ཀྱི་ཉི་མ》ཡི་མཐོང་ཚོར་ལ་དཔྱད་པ།

 

3656bdac8203cdcc3526f223a2527a6a.jpgགློག་བརྙན་འདི་ནི་ཐོག་མར་འགལ་བ་དང་དེ་རྗེས་བྱུང་རྐྱེན་དང་མཇུག་འབྲས་གསལ་བཤད་བྱས་པ་ཞིག་རེད། གློག་བརྙན་གྱི་བྱུང་རིམ་དང་དོན་རྐྱེན་དག་ནི་བོད་མིའི་སྤྱིར་བཏང་གི་དད་མོས་དང་གོམས་སྲོལ་གཙོ་བོར་བརྗོད་ཅིང་། ཕབ་བསྐྲུན་གྱི་ཚད་གཞི་ནི་གཞན་དང་བསྡུར་ན་སྤྱིར་བཏང་བ་ཞིག་ཡིན་མོད། ཡིན་ཡང་རང་རིགས་ནང་ཁུལ་དང་བསྡུར་ན་ཐུན་མིན་གྱི་ཆ་འགའ་ཤས་ཡོད་དེ། གདོང་གི་རྣམ་འགྱུར་རམ་ཉེ་ལྗོངས་དང་། གློག་བརྙན་གྱི་ཁ་དོག པར་རིས་སོགས་གློག་བརྙན་གྱི་མཐོང་ཚོར་ཕྱོགས་ལ་གཞན་དང་མི་མཐུན་པའི་ཆ་ཡོད་བསམ། དཔེར་ན་འཁྲབ་སྟོན་པ་ཉི་མའི་གདོང་གི་རྣམ་འགྱུར་ནི་བོད་ཀྱི་ཉེ་ལྗོངས་ཕབ་བསྐྲུན་གྱི་མིག་དཔེ་ལྟ་བུ་ཤིག་ཡིན་པར་མ་ཟད། གློག་བརྙན་འདིས་ད་ལྟའི་རང་རིགས་གློག་བརྙན་གྱི་མཐོང་ཚོར་ཐད་སྟོང་ཆ་ངེས་ཅན་ཞིག་ཡོད་པ་དེ་སྐོང་གིན་ཡོད་པས། ཞོལ་དུ་གློག་བརྙན་འདིའི་མཐོང་ཚོར་གྱི་ཁྱད་ཆོས་ཐད་རགས་ཙམ་བརྗོད་པར་བྱ།   

             དང་པོ།   གློག་བརྙན་འདིའི་པར་རིས་དང་པར་མིག

གློག་བརྙན་འདིའི་པར་རིས་དེ་གཟུགས་དང་འབྲེལ་ཆེ་བ་དམིགས་སུ་བཟུང་ནས་ཕབ་ཡོད་ལ། པར་མིག་དུས་ཚོད་དང་འབྲེལ་བ་ཕལ་བར་ཕབ་ཡོད། དཔེར་ན། འཁྲབ་སྟོན་པའི་རྒྱབ་གཟུགས་དང་གདོང་གི་རྣམ་འགྱུར་མང་ཙམ་བཀོད་པ།  དེར་མ་ཟད་པར་རིས་ཀྱི་དངོས་ཡོད་དང་།   མངོན་མཚོན།  གྲགས་ཅན་གསུམ་ལས་དངོས་ཡོད་གཙོར་བྱས་ནས་བཀོད། དཔེར་ན། འཁྲབ་སྟོན་པ་ཉི་མའི་རང་བྱུང་གི་རྣམ་འགྱུར་རམ་དངོས་ཡོད་གཙོ་བོར་བཀོད་ཡོད་པ། དེ་རྗེས་མདུན་ལྗོངས་དང་རྒྱབ་ལྗོངས་གཉིས་ཀྱི་པར་མིག་ཇུས་བཀོད་ཀྱི་ཡུལ་དེར་ཡང་གཞན་དང་མི་མཐུན་པའི་ཆ་ཡོད་དེ། ཡུལ་ཅན་གཙོ་བྱས་ཏེ་འཁྲབ་སྟོན་པའི་རྣམ་འགྱུར་ལས། ཡུལ་ཅན་ཕལ་བ་སྟེ་ཁོར་ཡུག་ཉུང་ཙམ་བཀོད་ཡོད།  དེ་མ་ཟད་མདུན་ལྗོངས་དང་རྒྱབ་ལྗོངས་ནི་ཕལ་ཆེར་འཁྲབ་སྟོན་པའི་གདོང་གི་རྣམ་འགྱུར་ལས་མངོན་པར་བཀོད་ཡོད།  ད་དུང་གློག་བརྙན་འདིའི་བརྗོད་བྱ་ནི་གཤིས་དྲང་སྐྱེས་བུ་ཤིག་གི་ནང་སེམས་ཀྱི་འགྱོད་གདུང་བརྗོད་ཀྱིན་ཡོད་པས།  བརྙན་རིས་མང་ཆེ་བ་ཡང་གཡས་ནས་གཡོན་དུ་འཆར་བ་ཞིག་ཡིན་ལ།      གློག་བརྙན་འདིའི་བརྙན་ལེན་ཟུར་ཚད་དེ་ཡང་གཙོ་བོ་བར་ཐག་དང་གནས་ཚད་ལ་འབྲེལ་ཆེ་ཤིང་།   མཐོ་ཚད་དང་འབྲེལ་བའི་ཆ་ཉུང་ཙམ་བཀོད་ཡོད། དེ་ལས་པར་མིག་འགུལ་སྐྱོད་དེ་བརྙན་ལེན་ཆས་ཀྱི་འགུལ་སྐྱོད་དང་འཁྲབ་སྟོན་པའི་འགུལ་སྐྱོད་རེས་མོས་ཀྱིས་བཀོད་ཡོད་ལ། དེ་ཡང་འགུལ་སྐྱོད་བྱེད་ཐབས་ནི་འཕགས་པ་དང་འདེད་པ། བརྗེས་པ། འབབ་པ་བཅས་གཙོ་བོ་བཀོད་ཡོད།

གཉིས་པ། ལྗོངས་ཀྱི་རིགས་དག་གི་ཁྱད་ཆོས།

འདི་ལ་གཙོ་བོ་བཅར་མཚོན། ལྗོངས་ཕྱེད་ཀ  ཉེ་ལྗོངས་བཅས་བཀོད་ལ། དེ་ལས་བཅར་མཚོན་དང་ཉེ་ལྗོངས་བཀོད་པ་ཤིན་ཏུ་ལེགས་ཏེ།  དཔེར་ན།  འཁྲབ་སྟོན་པ་ཉི་མའི་གདོང་གི་རྣམ་འགྱུར་ལྟ་བུ ། ད་དུང་ལྗོངས་ཀྱི་རིགས་འདི་དག་ལ་སྒྲིག་རིམ་ཡང་ངེས་ཅན་ཞིག་ཡོད་དེ། ཐོག་མར་བཅར་མཚོན་ནམ་ཉེ་ལྗོངས་དང་།  དེ་ནས་ལྗོངས་ཕྱེད་ཀ དེ་ནས་ལྗོངས་ཧྲིལ་བོ།  དེ་ནས་རྒྱབ་ལྗོངས་བཅས་རིམ་བཞིན་བཀོད་པ་མང་ཙམ་མཆིས།  དཔེར་ན།  གློག་བརྙན་མགོ་བརྩམས་དུས།  མིག་ལམ་དུ་འཁྲབ་སྟོན་པའི་མིག་མདངས་སམ་གདོང་གི་རྣམ་པ་འཆར་བ།  དེ་ནས་ཁོག་སྟོད་ཡན་འཆར་བ།  དེ་ནས་འཕྲུལ་རྟ་དང་འཁྲབ་སྟོན་པ་འཆར་བ།  དེ་ནས་གད་པ་ཞིག་གི་འགྲམ་ནས་སྤུན་ཟླ་གཉིས་ཀ་སར་འགྱེལ་བའི་རྣམ་པ་འཆར་བ་ལྟ་བུ།  གཞན་ཡང་འཁྲབ་སྟོན་པ་ཉི་མ་འདྲུད་འཁོར་ལས་བྲོས་བའི་སྐབས་དེར།  ཐོག་མར་སར་འགྱེལ་བའི་རྗེས་ཀྱི་མིག་མདངས་སམ་གདོང་གི་རྣམ་པ་འཆར་བ།  དེ་ནས་ཁོག་སྟོད་དམ་ལུས་ཧྲིལ་བོ་འཆར་བ།  དེ་ནས་མཐའ་འཁོར་གྱི་ཡུལ་ལྗོངས་འཆར་བ་ལྟ་བུའོ།།   

གསུམ་པ།   གློག་བརྙན་འདིའི་ཁ་དོག་དང་འོད་འདེམས་བཀོད་བྱེད་སྟངས།

ཁ་དོག་ནི་མི་སྣའི་གཤིས་ཀ་དང་བྱུང་རིམ་ཁྲོད་ཀྱི་འགལ་ཟླ།  འཁྲབ་གཞུང་གི་བརྗོད་གཞི།  རྩོམ་མཁན་གྱི་བསམ་བློ་ལྟར་བསྡེབ་དགོས་ཕྱིར།  གློག་བརྙན་འདིའི་བརྗོད་བྱ་འབུར་དུ་ཐོན་ཆེད་བརྗོད་གཞིའི་ཁ་དོག་དང་ཡུལ་གྱི་ཁ་དོག་གཉིས་འདྲེས་ཏེ་བཀོལ་ཡོད།  དཔེར་ན། འཁྲབ་སྟོན་པའི་གྱོན་གོས་ཀྱི་ཁ་དོག་དང་ཁོར་ཡུག་གི་ཁ་དོག་གཉིས་གཞི་གཅིག་ཏུ་འབྲེལ་ཡོད་ལ་གཉིས་ཀའི་ཁ་དོག་སྐྱ་བོ་ཡིན། འོད་འདེམ་སྟངས་ཐད་ལ་མགོ་བརྩམས་དུས་ནས་མཇུག་སྒྲིལ་བའི་བར་དུ་རང་བྱུང་འོད་གཙོར་བྱས་ཤིང་སྐབས་རེར་མིས་བཟོས་འོད་ཀྱང་འགའ་ཙམ་མཆིས། དེར་མ་ཟད་གློག་བརྙན་འདིར་སྐྱོ་ལྷང་ལྷང་གི་སྣང་བརྙན་ཞིག་བཞེངས་ཆེད་ལྡོག་ཕྱོགས་འོད་དང་དྲང་ཕྱོགས་ཀྱི་འོད་ཀྱང་བཀོད་སྤྱོད་བྱས་ཡོད།

བཞི་བ། སྒྲ་བཀོལ་སྤྱོད་བྱས་ཚུལ།

གློག་བརྙན་འདིར་རོལ་མོའི་སྒྲ་ཕལ་ཆེར་བཀོལ་མེད་པར་འདྲ་སྟེ། ལན་རེར་རྒྱབ་ལྗོངས་རོལ་མོ་དང་བར་བཅུག་རོལ་མོ་འགའ་རེ་མ་གཏོགས་མེད་ཅིང་།    གཙོ་བོ་ནི་མི་སྐད་ལས་འགྲེལ་བཤད་མང་ཙམ་བཀོད་ཡོད་ལ།  རྐྱང་བཤད་ཀྱི་ཆ་མེད།  དེ་མ་ཟད་རང་བྱུང་གི་སྒྲ་གཙོ་བོར་བྱས་ཤིང་།  ཆེད་དུ་བཟོས་པའི་སྒྲ་ཕལ་ཆེར་བཀོལ་མེད།  དཔེར་ན། འདྲུད་འཐེན་འཁོར་ལོའི་སྒྲ་དང་གོམ་སྒྲ་སོགས་མང་ཙམ་བཀོལ་ཡོད།

མདོར་ན། གློག་བརྙན་འདིའི་མཐོང་ཚོར་ཕབ་བསྐྲུན་ནི་ཆེད་ལས་ཀྱི་ཚད་ལ་སླེབས་ཡོད་ཅིང་། བོད་ཀྱི་གློག་བརྙན་འཕེལ་རིམ་དུ་དཀྱོགས་མཚམས་རང་བཞིན་གྱི་དོན་སྙིང་ལྡན།  ཡིན་ན་ཡང་མི་འདང་བའི་ཆ་རེ་འགའ་ཡོད་དེ།  འཁྲབ་སྟོན་པའི་བརྗོད་བྱ་དང་རོལ་མྱོང་མཁན་གྱི་གོ་བ་ལེན་སྟངས་ལ་འགལ་འདུ་མང་ཙམ་འབྱུང་སྲིད། ཅིའི་ཕྱིར་ཞེ་ན། གློག་བརྙན་འདིར་གཟིགས་མཁན་ཞིག་ཡིན་ན། སྤྱིར་བཏང་གི་བོད་མི་ཞིག་མིན་ཚེ། བརྗོད་བྱའི་དོན་རྟོགས་མི་ཐུབ་པ་ཁོ་ཐག་རེད། རྒྱུ་མཚན་ནི་བར་བཅུག་དང་རང་བྱུང་སྒྲ་མང་དྲགས་ལ། བོད་ཀྱི་རིག་གནས་ཀྱི་ལངས་ཕྱོགས་ཁོ་ན་ལས་ཕབ་བསྐྲུན་བྱས་པའོ།། དེ་མ་ཟད། ལྗོངས་རིགས་སྣ་རྐྱང་ཡིན་པས། བོད་མིས་མཐོང་ཚོར་གྱི་བློ་ངོར་བབས་པ་ལས། གཟིགས་མཁན་གཞན་དག་གིས་འཁྲབ་སྟོན་པ་ཉི་མའི་གཙང་སྦྲ་ཐད་ལ་དོགས་སློང་བྱུང་ནས་ཞེད་སྣང་སློང་ཀྱང་སྲིད།  གང་ལྟར་ཀྱང་།  བོད་ཀྱི་ཆེད་ལས་གློག་བརྙན་ཞིག་ཡིན་པའི་ཆ་ནས། བོད་མིའི་ལངས་ཕྱོགས་ཁོ་ན་ལས་ཐར་ཏེ། ཕྱི་ཡི་ལངས་ཕྱོགས་དང་འདུ་ཤེས་འཛིན་སྟངས་སོགས་ལ་དོ་སྣང་བྱེད་རྒྱུ་ནི་གལ་ཆེན་རེད་བསམ་བྱུང་། རིག་གནས་ཞིག་གཞན་གྱིས་དང་ལེན་བྱེད་དགོས་ན། རང་གཞན་གཉིས་ཀའི་ལངས་ཕྱོགས་ལ་དོ་སྣང་བྱས་ན་ལེགས་བསམ་མོ།།

དཔྱད་མཆན་ཡོད།