གློག་བརྙན«དར་སྐུད་དམར་པོ»དང་འབྲེལ་བའི་བརྙན་མིག་གི་སྐད་ཆ།


—— བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་ཞིག་གི་སྒྱུ་རྩལ་གྱི་ནང་སེམས་དང་ཤུབས།

 

ཨེ་ཙིའི་ནད་ནི་འཛམ་གླིང་ཧྲིལ་བོར་ཁད་ཀྱིས་སིམ་འཛུལ་དང་འཇབ་རྒོལ་ཐེབས་ཀྱིན་པའི་དུས་རབས་འདིའི་ལག་དམར་བ་ཞིག་ཡིན།    དངོས་ཡོད་ཀྱིས་བཤད་ན།  ལོ་རེར་མི་འབོར་ཁྲི་ཚོ་སྟོང་ཕྲག་གི་ཚེ་སྲོག་བཅོམ་མཁན་གྱི་གཤེད་མའི་རིགས་སུ་བགྲང་བ་དབྱེ་ཞིབ་བྱས་ཡོད།      དེ་རིང་གི་བོད་ཡུལ་ལུང་བར་འཚམ་པའི«དར་སྐུད་དམར་པོ»ཞེས་བའི་གློག་བརྙན་ཞིག་བཞེངས་བ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་བའི་དོན་དངོས་ཀྱི་ར་སྤྲོད་དང་བརྙན་མིག་གི་གསང་བརྡ་གལ་བོ་ཆེ་ཞིག་ཡིན་པ།  གློག་བརྙན་དེ་ལས་ཤེས་རྟོགས་སུ་གྱུར་ངེས་ལ་འགྱུར་ཡང་དགོས།     འདིར་དམིགས་སུ་གླེང་བར་བྱ་བའི་ཡུལ་ནི་ན་གཞོན་འཁྲབ་ཁྲིད་པ་ཞིག་གི་ནང་སེམས་ཀྱི་ཆགས་སྡང་ནི་བརྙན་མིག་ལ་བརྒྱུས་པའི་གསང་བ་དེ་ཉིད་སྔོག་པར་འཇུག  

ལྡོག་བརྗོད་ཀྱི་ལམ་ནས་གློག་བརྙན་འདི་ནི«བྱེ་ཐང་གི་མེ་ཏོག»ཅེས་པའི་གློག་བརྙན་གྱི་མཇུག་སྒྲིལ་ཐབས་ལ་མཆུངས་ཆོས་སུ་སྣང་བ་དེ་ནི་གློག་བརྙན་རང་ངོས་ཀྱི་རིག་པ་གསར་བ་དང་བརྙན་མིག་གི་བརྡ་སྤྲོད་ལུགས་ཡག་ཤོས་སུ་འགྲོ།     ཨེ་ཙི་བུ་མོའི་ནང་སེམས་ཀྱི་འགྱུར་བ་དེ་ཉིད་དམིགས་བརྙན་གྱི་བརྙན་ཐབས་ལས།   སྐྱེས་མ་དཔའ་མོ་ཞིག་གི་སྣང་བརྙན་ཚུར་བཟུང་ནས་དེ་རིང་གི་འཚོ་བའི་འཇིག་ཉེན་དང་དུས་སྐབས་ཀྱི་གཤེད་མ་ལ་ཁ་རྡུང་དང་འཐབ་རྩོད་བྱས་པའི་རང་གཤིས་ལྷད་མེད་ཅིག་བརྐོ་བཞེངས་བྱས་འདུག  གཏམ་རྒྱུད་ཀྱི་འབབ་ས་དེ་འདྲ་ཡིན་ཡང་གློག་བརྙན་གྱི་སྐད་ཆ་ནི་དེ་ལས་ཀྱང་གསང་བའི་ཟབ་ས་འདུག  དེ་ནི་གློག་བརྙན་གྱི་མཇུག་མཐའི་སྒྱུ་རྩལ་གྱི་ལྗིད་ཚད་དང་བདེན་དོན་གྱི་ལྗིད་ཚད་མིན་པའི་ངེས་པ་ག་ལ་ཡོད།  

  གློག་བརྙན་ནི་འཚོ་བ་ལས་བྱུང་ཡང་སྔར་བཞིན་འཚོ་བ་ལ་བསྐྱར་ཞིབ་དང་དོགས་སློང་ལ་འཇུག་པའི་ཚད་ཤིང་ཞིག་ཏུའང་ངེས།     སྤྱིར་བཏང་གི་གློག་བརྙན་ལྟ་མཁན་ཞིག་ལ་མཚོན་ན། གློག་བརྙན«དར་སྐུད་དམར་པོ»ནི་ཨེ་འགོག་བརྒྱུད་སྒྲོག་གི་ཆེད་བརྙན་དང་ཡང་ན་བརྙན་རིས་ལས་ཨེ་ཙི་འགོས་བའི་སྐྱེས་མ་ཞིག་གི་སྐྱོ་སྡུག་གི་འཚོ་བ་དང་ཨེ་ཙིའི་འཇིག་ཉེན་ལས་ཐར་ལམ་བྲལ་བའི་མངོན་སུམ་གྱི་དམྱལ་བ་མཐོང་བར་མ་ཟད།     འཁྲབ་ཁྲིད་པའི་ནང་སེམས་ཀྱི་གསང་བ་དང་འབོད་བརྡ་མང་པོ་ཞིག་བརྙན་མིག་གི་མཚོན་ཐབས་གཞན་ཞིག་ནས་མངོན་ཡོད།   དེ་ནི་གློག་བརྙན་འདི་ཉིད་ཀྱི་སྤྱིར་བཏང་གི་མཚོན་ཐབས་ལས་འཛིན་པའི་སྤྱིར་བཏང་མ་ཡིན་པའི་བསམ་བློའི་གོད་ཆག་ཞིག་འགོས་ནད་གང་ཞིག་གི་ཟུར་སྣེ་བཟུང་བ་ཤུགས་སུ་སྦས་ཡོད།

གློག་བརྙན་འགོ་བརྩམས་ཚེ་ཀྱག་ཀྱོག་གི་ལམ་ཕྲན་ཞིག་སྣང་བ་ནི་བག་འཁུམ་དང་རྒོད་གཤིས།   སྒོ་གཏན།   གུ་དོག་གི་མི་ཚུལ་མཚོན་པའི་ལམ་ཡིན།    ལམ་དེ་ནི་བོད་མིའི་གཤིས་དང་མི་གཞི་ལའང་ལུང་བའི་རིག་གནས་དང་བས་མཐའི་ལྟ་སྤྱོད་ཀྱིས་ཡོད་ཚད་བག་ལ་ཉལ་བའི་བརྟུལ་ཞུགས་འཛིན་པ་གློག་བརྙན་གྱི་བརྙན་མིག་ལས་མཚོན་བྱེད་དུ་ཟིན་ཡོད།    གློག་བརྙན་གྱི་མཇུག་སྒྲིལ་བའི་བརྙན་རིས་སུ་ཚངས་ཐིག་འཐེན་འདྲའི་གཞུང་ལམ་ཞིག་གི་སྣང་བརྙན་བརྐོ་བཞེངས་བྱས་པ་དེ་ནི་འགྱུར་བ་གང་ཞིག་གི་བརྡ་རྟགས་ཡིན།  དེ་ལས་གསར་བརྗེ་དང་མི་ཚུལ།  ཚུར་ལེན།  དཀྱེལ་ཡངས།  བློ་འབྱེད་ཀྱི་ལམ་སྣ་དྲངས་བའི་ཟུར་ཤུབས་སུ་ཉར་ཡོད།   གློག་བརྙན་གྱི་མགོ་མཇུག་མཐུན་སྦྱོར་གྱི་རིག་པ་ལས་གློག་བརྙན་གྱི་གཏམ་རྒྱུད་ལ་སྐྱོམ་འགུལ་ཇི་འདྲ་བསླངས་ཡང་མཐར་ཐུག་གི་འབབ་ས་ནི་སྔར་བཞིན་གཏམ་རྒྱུད་ཀྱི་དམིགས་པ་དེ་ཡིན་པས།    གློག་བརྙན་གྱི་ཐབས་རྩལ་ཡང་དེ་བཞིན་ཡིན།   

དང་བླངས་པ་ཟུང་གིས་ཨེ་འགོག་གི་བསྒྲགས་ཡིག་དང་བསྒྲགས་གཏམ་འཁྱེར་བ་ནི་གཏམ་རྒྱུད་ཀྱི་སྐུད་སྣེ་འཛིན་ས་ཡིན་ལ།   དེ་ལས་བོད་མིའི་དངོས་ཡོད་འཚོ་བ་དང་འགལ་རྐྱེན་དུ་བཞེངས་བ་ནི་གཏམ་རྒྱུད་ཀྱི་རང་ངོས་ཙམ་ཞིག་གི་ཆེད་དུ་མ་ཡིན་པར།   གཏམ་རྒྱུད་ཀྱི་སྐད་ཆ་ནི་གློག་བརྙན་གྱི་སྐད་ཆའི་ལམ་ནས།   དེ་རིང་གི་བོད་མི་བྱིངས་ལ་བསམ་བློའི་ཉེན་ཁ་དང་ཀུན་སྤྱོད་ཀྱི་ནད་ཚ་ལ་གསལ་བརྡ་བཏང་བ་ཡིན།   སྤྱིར་ན་མིང་སྲིང་དང་ནང་མི་ངོ་སྲུང་བ་ནི་བོད་མིའི་གནའ་སྲོལ་ལས་ཆེས་ཆེར་འགངས་ཆེ་བའི་སྲོལ་རྒྱུན་ཞིག་ཡིན་ལ།   ནང་མིའི་མདུན་གྲལ་ནས་སྲུང་ཤུབས་གནམ་ལ་དཔྱར་ནས་ཨེ་ཙི་དང་འབྲེལ་བའི་ཚན་རིག་གི་གནས་ལུགས་ཇི་འདྲ་བཤད་ཀྱང་སྲོལ་རྒྱུན་གྱི་འགེབས་སྲུང་ལས་རིག་གནས་གང་ཞིག་གི་གཞི་རྐང་ལ་གས་ཆག་གཏོང་མི་སྲིད་པ་རེད།  དེ་ནི་གློག་བརྙན་གྱི་ཕྱི་ངོས་ལས་འཁྲབ་པའི་དངོས་ཡོད་ཀྱི་ཉེན་བརྡ་མིན་པའི་ངེས་པའང་མེད།  

ཨེ་ཙི་བུ་མོའི་གོམ་ཁ་འཁྱར་འཁྱོར་གྱི་གོམ་འགྲོས་ནི་བརྙན་མིག་གི་འགྲོས་ཚད་ཅུང་དལ་བའི་ཚད་རིམ་ལ་གཞིགས་ནས།   བརྙན་རིས་སུ་སྣང་བ་ནི་སྐྱེས་མ་ཞིག་གི་མྱ་ངམ་ཐང་ཆེན་དུ་ལྷུང་འདྲའི་སེམས་ཁམས་ཀྱི་འཇིག་རྟེན་ཞིག་ཡིན་མོད།   དངོས་ཡོད་ཀྱི་བལྟས་ན།  ཁ་སྣ་སིམ་པ་དང་མིག་སྡང་གི་བལྟས་བ།   མྱི་ཁ་རྒོདཔའི་ངང་ཚུལ་ནི་འགལ་བའི་ཆ་རུ་གཏོགས་མོད།   དེ་ནི་བརྙན་མིག་གི་དགོས་མཁོ་གང་ཞིག་ཡིན་སྲིད།   ཁོ་མོའི་མིག་མདངས་ལས་སྐྱོ་གདུང་གི་ས་བོན་རྙེད་པ་དང་དཔའ་སྤོབས་ཀྱི་རང་བཞིན་ཞིག་གི་མི་སྣའི་གཤིས་ཀའང་ངང་ངམ་ཤུགས་ཀྱིས་བཞེངས་འདུག   དེ་ནི་དམིགས་བརྙན་གྱི་ལམ་ནས་མཚོན་ཐབས་གང་ཞིག་གི་གཏེར་ཁ་སྔོག་པ་ཡིན་ལ།   ཉེར་བརྙན་གྱི་ཐབས་སུ་མི་སྣའི་ནང་སེམས་ཀྱི་སྐྱོ་གདུང་ལ་སིམ་འཛུལ་བྱས་པ་ཡིན།  བརྙན་ཐབས་ཀྱི་འགྱུར་བ་ཇི་ལྟར་རྒོད་ན་མི་སྣ་དང་ཁོར་ཡུག  སེམས་ཁམས་ལ་གཅིག་བསྡུས་སུ་གྲུབ་པའི་གཏམ་རྒྱུད་ཀྱི་གཡོ་བསྐྱོམས་དེ་འདྲ་བསླངས་པ་ཡིན།    ཟུར་གཞན་ཞིག་ནས་འཁྲབ་ཁྲིད་པའི་སྒྱུ་རྩལ་གྱི་བློ་མིག་རྩེར་སོན་པའི་འཚོ་བའི་ཚུར་སྣང་དང་མཚོན་བྱའི་སྣང་བརྙན་ཡིན།   དེ་ནི་སྒྱུ་རྩལ་གྱི་སྐད་བརྡ་གཟུར་གནས་ཅན་ཡིན།

བརྙན་རིས་བར་མཚམས་སུ་གནམ་ས་འགེབས་པའི་འཚུབ་རླུང་ནི་ཁོ་མོའི་ནང་སེམས་ཀྱི་སྐྱོ་སྡུག་དང་སེམས་གཤིས་འཛིན་པ་མཚོན་སྲིད་པས།   གློག་བརྙན་གྱི་བརྙན་རིས་ནི་འོད་དང་མུན་པའི་འཛིན་པ་ནི་གློག་བརྙན་རང་ངོས་ཀྱི་སྤྱི་ཆོས་སུ་ཡིན་ཡང་།   ལམ་སྐབས་དེ་ནས་ཨེ་ཙི་བུ་མོའི་སྡུག་གི་ནང་སེམས་དེ་ཉིད་བརྙན་མིག་གི་བཟུང་བ་ན།  མེ་འོད་རབ་ཏུ་གསལ།  མིག་ཆུ་ལྡོག་མེད་བཞུར།   དྲན་གདུང་གླུ་གཞས་གྱེར།    སྐར་ཚོགས་གྲང་གིས་འདར་ཡང་།  བརྩེ་བ་དྲོན་མོ་གང་ཞིག་ལ་བཅོལ་བ་ནང་བཞིན།   འཛུམ་གྱིས་འཚོས་ཞིང་སྤོབས་ཀྱིས་བགྲོད།  གཏམ་རྒྱུད་དང་མཚོན་ཐབས་ཀྱི་བར་ནས་བཤད་ན།  ཁོ་མོའི་ལས་དབང་ནི་ཨེ་ཙིའི་ཁྲོད་ནས་འཇིག་དགོས་བ་དང་དེ་ལས་ཁེར་རྐྱང་དང་སྡུག་ཡུས།  ལན་ཆགས།  ལེ་བདའ་ནི་ཇི་འདྲ་ཡོད་ཀྱང་།   སྔར་བཞིན་འཚོ་ཞིང་གནས་ལ་རེ་ཆད་ཀྱི་རྨུ་ཐག་འཐེན་དམུས་སུ་འདུག   བརྙན་མིག་གི་ཟུར་ཚད་ཞིག་ནས་ནོར་ཁྱུ་ལས་ཡ་རུ་འཐེང་འགྲོས་ཞིག་གི་ལས་དབང་ལ་སྦྱར་བ་ནི་བརྙན་མིག་གི་ཐབས་ཤེས་དང་སྐྱོ་དབྱངས་ཀྱི་ཟུར་སྣེ་བཟུང་ནས་གོམ་འགྲོས་ལས་བརྙན་མིག་དལ་བ་ནི་ལྟ་མཁན་གྱི་ནང་སེམས་སློག་བྱེད་ཀྱི་སྒྱུ་རྩལ་གྱི་ཟུར་ངོས་གཞན་ཞིག་ཡིན།   གྱེན་ཟུར་དང་དྲང་ཟུར་གྱི་བརྙན་མིག་གི་ལམ་ནས་གཏམ་རྒྱུད་ཀྱི་བླ་སྲོག་རྙེད། 

གློག་བརྙན་ལས་ཁོ་མོར་བྱིས་པ་བཙའ་བའི་དུས་སུ་བརྙན་མིག་གི་མྱུར་ཚད་ཇེ་མགྱོགས་སུ་ཕྱིན་ཡོད་ལ།  གཏམ་རྒྱུད་ཀྱི་རྦ་རླབས་རྩེ་མོར་བསྐྱོམས་པའི་སྐབས་སུ་འཁེལ་འདུག    ཁོ་མོའི་ནང་སེམས་ཀྱི་དཀའ་སྡུག་ལྷག་པར་ཇེ་ལྕི་ལ་གྱུར་འདུག   དེ་ནི་གཏམ་རྒྱུད་ཀྱི་གོ་རིམ་ཡིན་ལ་གློག་བརྙན་གྱི་འགྱུར་བའང་ཡིན་པས།   མཐར་གློག་བརྙན་ཧྲིལ་བོ་ལས་ཁོ་མོའི་དྭངས་གཙང་གི་འཛུམ་ཞིག་མཐོང་བ་ནི་བྱིས་པ་བཙས་བའི་བརྙན་མིག་གི་བརྡ་དེ་ཡིན།  ཁོ་མོ་ལ་རེ་བ་ཞིག་འདུག་པ་ནི་བྱིས་པ་བཙས་དགོས་བ་དེ་ཡིན་ལ།   རེ་བ་དེ་ནི་ལུང་བའི་རིག་གནས་སུ་ཆེས་གལ་འགངས་སུ་འཛིན་པའི་རིག་གནས་ཀྱི་བརྒྱུད་ལམ་རྙིང་བ་ཞིག་ཡིན།  རྒྱུ་མཚན་མི་རིགས་དང་ཚོ་བ་གང་ཞིག་གི་རིགས་རྒྱུད་ནི་དང་པོ་ཡིན།   རིགས་རྒྱུད་ཚར་བ་ནས་ལོ་རྒྱུས་གང་ཞིག་གི་བདག་པོ་ངོ་མ་ཤི་ཚར་བ་ཡིན་ལ།   མཐུན་འཇུག་གི་བསམ་བློ་ནི་དེ་བས་ཀྱང་འཇིག

ཨེ་ཙིའི་ནད་ནི་འཇིག་ཉེན་ཆེ་བ་ཞིག་ཡིན་ལ་དེ་ལས་ཀྱང་འཇིག་ཉེན་ཆེ་བ་ནི་སྤྱི་དང་བྱེ་བྲག་གི་འབྲེལ་ཆོས་ནི་གཏན་ཚིགས་དང་ཆོས་ཉིད་ལ་ངོས་འཛིན་མ་བྱས་པའི་སྟབས་སུ།  མཐུན་སྒྲིལ་གྱི་དཔུང་ཡ་ཆད་པ་ནི་ཨེ་ཙི་ལས་སྡུག་པ་ནི་འཁྲབ་ཁྲིད་པའི་སྐད་ཆ་དང་བློ་མིག་ཡིན་པ་ཤེས་ཐུབ།  དེ་ལས་ཤེས་ཡོན་པ་དང་ཡིག་རྨོངས་པའི་བར་གྱི་བསམ་སྦྱོར་གྱི་ནད་རྙིང་གཤག་བཅོས།   གནའ་སྲོལ་དང་དེང་སྲོལ་ཟུང་འཇུག་གི་བློ་འབྱེད་ཀྱི་རྒྱང་ལྟ་མངའ་དགོས་བའི་ལྟ་སྤྱོད་ནི་གློག་བརྙན་གྱི་མཇུག་མཐའི་སྐད་ཆ་ཡིན་ལ།   ཨེ་ཙི་སྐྱེས་མའི་ཁ་ཆེམས་ལས་བཞུར་བའི་ཟུངས་ཁྲག་གི་གོ་བརྡའང་ཡིན། 


★ དར་རྒྱས་བསྟན་འཛིན་གྱི་གློག་བརྙན«དར་སྐུད་དམར་པོ»ཕབ་ནས་གྲུབ། http://www.filmtbt.com/people/director/2015-04-30/419.html

★ དར་སྐུད་དམར་པོ། http://www.filmtbt.com/movies/trailer/2016-10-09/621.html 

དཔྱད་མཆན་ཡོད།