༄༅། །ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། ། སྐུ་ཞབས་ཟོན་ཐར་རྒྱལ་གྱིས་ལོ་གསུམ་གྱི་དཀའ་བ་ཆེད་དུ་གསད་ནས་འཛམ་གླིང་ལྟད་མོ་བའི་མིག་མདུན་དུ་གློག་བརྙན་གཙང་པོ་ཞེས་པ་འདི་བཤམས་པ་རེད། ཁོང་གིས་རྒྱ་ནག་གསར་ལམ་དུས་རབས་ཉེར་གཅིག(21世纪)་ཞེས་པ་ཞིག་གི་བཅར་འདྲི་དང་ལེན་བྱས་ནས་གླེང་མོལ་བྱེད་སྐབས། གློག་བརྙན་འདི་ཡི་རྩོམ་ཁྲིད་ཕབ་འགྲེམ་གྱི་བརྒྱུད་རིམ་དང་དམིགས་པ། དཀའ་ངལ་དང་མྱོང་བ་སོགས་ཞིབ་མོར་གསུང་འདུག དེ་ལས། ང་རང་གི་ཡིད་ལ་ལྷག་པར་སོང་བ་ནི་ཁོང་གི་སྐད་ཆ་འདི་འདྲ་ཞིག་ཡིན་ཏེ། ཁོང་གིས་ཐང་ཀ་ལྟ་བུའི་མཛེས་རྟོགས་དམིགས་བསལ་བ་ཞིག་སྐུལ་བསྒྲོགས་བྱེད་འདོད་ཡོད་པར་བརྗོད་པ་དེ་རེད། ཁོང་གིས་འདི་སྐོར་ལ་ཞིབ་སྤྲོས་མུ་མཐུད་དུ་གསུང་མི་འདུག་མོད། ཁོང་གིས་བཤད་པའི་མཛེས་རྟོགས་དེ་ཡི་ཁྱད་ཆོས་གཙོ་བོ་ནི ་་ཆ་ཤས་སུ་མ་བཅད་པ་དང་ཉེ་བྲིས་མིན་པ་་(非局部和特写)དེ་གཉིས་ཡིན་པ་དང་། དེ་ནི་ཐང་ཀ་ལྟར་བརྗོད་བྱེད་གྲུབ་ཆ་སོ་སོ་ངོས་གཅིག་ནས་ཆབས་གཅིག་ཏུ་མཐུན་སྦྱོར་བྱས་ཡོད་པ་དེ་འདྲ་ཞིག་ཡིན་འདུག་ལ། བརྗོད་དོན་གང་ཞིག་རི་མོ་ཆ་ཚང་གཅིག་གི་ནང་ནས་མཚོན་པ་དེ་རེད། སྤྱིར་ན་གློག་བརྙན་གྱི་རི་མོ་ནི་འགྱུར་བའི་རང་བཞིན་ཅན་ཡིན་ལ། རི་མོའི་འགྱུར་བ་དང་དེའི་འགྲོས་ཀྱི་སྟེང་ནས་གློག་བརྙན་གྱི་མཛེས་རྟོགས་ངོམས་དགོས་པ་སྨོས་ཅི་དགོས། དེ་བཞིན་གློག་བརྙན་གྱི་མཛེས་རྟོགས་ལ་དཔྱད་ཞིབ་དགོས་ན་འགྱུར་བ་དེ་འདྲའི་ངོས་ནས་གླེང་དགོས་པ་ཡིན་མོད། འདིར་ང་རང་གིས་གཙང་པོ་ལས་སྐད་ཅིག་བཅད་རིས་ལྔ་བདམས་ཏེ་ཟོན་ཐར་རྒྱལ་གྱི་མཛེས་རྟོགས་དེའི་སྐོར་ལ་སྐད་ཆ་ལབ་འདོད་བྱུང་ཡོད་ལ། དེ་ཡང་གཅིག་ན་ང་ནི་གློག་བརྙན་རི་མོའི་སྐོར་ལ་བཤད་མཁས་པ་མ་ཡིན་པས་འགྱུར་བ་བཤད་དགོས་ན་བཤད་རྒྱུ་མེད་པ་དང་། གཉིས་ན་ང་རང་ལ་བཅད་རིས་འདི་ལྔ་རི་མོའི་དུས་སྐབས་དེ་ཡིས་སྒྱུ་རྩལ་གྱི་མྱོང་བ་དྲག་པོ་ཞིག་སློང་ཡོད་ཅིང་དེ་ཤིན་ཏུ་བརྗོད་འདོད་པར་གྱུར་བས་ཡིན།
བཅད་རིས་དང་པོ། འགལ་བ།
གློག་བརྙན་འདིའི་གཏམ་རྒྱུད་ནི་འགལ་བ་སྣ་ཚོགས་ཀྱིས་སྐུལ་སློང་བྱས་ཏེ་ཡོད། འབྲེལ་བའི་སྟེང་ནས་ཕ་བུའི་འགལ་བ། མ་སྨད་ཀྱི་འགལ་བ། བཟའ་རོགས་བར་གྱི་འགལ་བ། བུ་མོ་དང་མངལ་གྱི་ནུ་བོའི་བར་གྱི་འགལ་བ་ཡོད་ལ། དོན་བྱ་སོ་སོ་རང་སྟེང་ནས་བསླར་ཡང་ནང་སེམས་ཀྱི་འགལ་འདུས་ཤིག་ཀྱང་གཏམ་རྒྱུད་ཀྱི་འགུལ་ཤུགས་སུ་གྱུར་ཡོད་པ་རེད། བཅད་རིས་དང་པོ་ནི་དོན་བྱ་བཟའ་རོགས་གཉིས་ཀ་པར་མིག་རི་མོ་གཅིག་ཏུ་འཛོམས་པ་ཐེངས་དང་པོ་ཡིན། མ་གཞི་གློག་བརྙན་འདི་ཡི་གཏམ་རྒྱུད་ནི་ཁྱོ་གས་ཆང་བཏུང་སྟེ་མོ་ཐོ་འགྱེལ་ས་ནས་མགོ་བརྩམས་ཡོད་པ་དང་དེ་ནས་རིམ་གྱིས་བུ་མོ་དང་ཆུང་མ་གཉིས་བརྙན་ཡོལ་དུ་བྱུང་བ་རེད་ལ། སྥྱིར་བཏང་གི་ཚིག་བབ་ཁྲོད་དུ་བཟའ་ཚང་མགོ་འཛོམས་བྱུང་བ་དེ་ནི་སྐྱིད་ཀྱི་རྟགས་སུ་གོ་བ་ལེན་དགོས་པ་ཞིག་ཡིན་མོད། འོན་ཀྱང་གློག་བརྙན་གྱི་སྐབས་འདི་རུ་བཟའ་རོགས་གཉིས་ཀ་པར་མིག་གཅིག་ཏུ་འཛོམས་པ་ནི་བདེ་སྐྱིད་དང་མཐའ་ན་བག་ཡངས་ཀྱི་དུས་ཚོད་ཅིག་ཏུའང་མ་བཀོད་པར། དེ་ཉིད་འགལ་བ་སྦས་མ་ཞིག་ཕྱིར་མངོན་དངོས་སུ་བྱེད་པའི་སྐྱོ་ཤས་ཀྱི་རི་མོ་ཞིག་ཏུ་ཆགས་བཅུག་ཡོད་པ་རེད། ཁྱོ་ག་ད་དུང་མལ་ས་ལས་ལངས་མ་ཐུབ་པར་ཉལ་དགོས་ཐུག་ཡོད་པ་དང་། ཆུང་མ་བསྟེན་མ་ལ་བསྡད་དེ་ངུ་བཞིན་ཅ་ནེ་ཕྱི་བའི་རི་མོ་འདི་ཡིས་གློག་བརྙན་འདིའི་འགལ་བའི་འདྲེན་ཤུགས་དེ་མངོན་པར་བསྟན་ཐུབ་འདུག་སྙམ་བྱུང་ལ། མཉམ་འཛོམས་འདི་མ་བྱུང་བའི་རིང་ལ། བཟའ་རོགས་གཉིས་བར་ལ་ཁ་བརྡ་ངོ་ཐུག་བྱས་པ་གང་ཡང་བསྟན་མེད། མཉམ་འཛོམས་སྐབས་འདི་ལའང་ཁ་བརྡ་མེད། རབ་གསལ་གྱི་འོད་སྣང་སྐྱ་དཀར་དེས་རི་མོའི་མཚོན་མདོག་སྣ་ཚོགས་དེ་དཀར་ནག་གཉིས་སུ་སྡུད་ཅི་ཐུབ་བྱས་ཡོད་ལ། དེ་ཡིས་འགལ་བ་ཇེ་དྲག་ཏུ་བཏང་ཡོད་ལ། ཆུང་མ་ངུས་པ་དེ་ཡིས་ཁྱོ་ཤུག་བར་གྱི་འགལ་བ་སྨྲ་འདས་དེ་གློག་བརྙན་སྒྱུ་རྩལ་གྱིས་མངོན་པར་བྱས་ཡོད་པ་རེད། དེ་ཡང་ཆུང་མ་ངུ་བ་དེ་ལ་དོན་སྙིང་སྣ་ཚོགས་ཡོད་འདུག་སྙམ་སྟེ། བུ་མོ་དབྱངས་ཅན་ལྷ་མོ་ལ་བྱིས་པ་གཞན་གྱིས་བསམ་གནག་བྱེད་སྐབས། མོས་ཁ་ནས་ཐོན་པའི་འཁྲབ་ཚིག་ནི ་་ངས་ཁྱོད་ཨ་མ་ལ་ཟེར་་ ཞེས་པ་བསྐྱར་བཟློས་བྱེད་རྒྱུ་དེ་དང་། མོ་རང་གཏད་སའང་ཕྱི་རོལ་ན་ལས་ཀ་བྲེལ་བཞིན་པའི་ཨ་མ་དེ་ཡིན། མ་ཟད། བུ་མོ་དང་ཨ་ཕའི་བར་གྱི་འབྲེལ་གཏུགས་ཐེངས་དང་པོ་ནི་བཙན་སྐུལ་འོག་ནས་བྱུང་བ་རེད་ལ། བཙན་སྐུལ་འོག་ནས་ཀྱང་བུ་མོས་ཨ་ཕ་ལ་ལྐོག་ལྟ་བྱེད་ཙམ་གྱིས་ཕྱིར་ལོག་སོང་བ་རེད། དེ་བས། ཁྱིམ་ཚང་འདིའི་བརྩེ་དུང་ཆགས་ལུགས་སྟེང་ན། རི་མོ་ལས་བསྟན་པ་བཞིན། ཁྱོ་ག་ནི་གྲགས་འགུལ་མེད་པའི་བེམ་པོ་ལྟ་བུ་ཞིག་ཏུ་ཆགས་ཡོད་ལ། ཆུང་མའི་རྒྱབ་ཁྱོ་ག་ལ་བསྟན་ནས་ངུ་བཞིན་ཅ་ནེ་ཕྱིས་པ་དེ་ཡིས་ཆུང་མའི་ཕྲག་ཐོག་གི་འགན་འཁྲི་དང་མོའི་ནང་སེམས་ཀྱི་སྐྱོ་ངལ་མཚོན་ཐུབ་པ་རེད་སྙམ། འོན་ཀྱང་ཁྱོ་ཤུག་བར་གྱི་འགལ་བ་དེ་ད་དུང་ཆེས་ཛ་དྲག་གི་གནས་སུ་ཐོན་མེད་དེ། ང་ཚོས་རྗེས་སུ་ཆུང་མ་བྲོས་ཤོར་བྱེད་སྐབས་ད་གཟོད་འགལ་བ་འདིའི་མཐོ་རླབས་མཐོང་ཐུབ་སྲིད་པ་རེད། དེས་ན། བཅད་རིས་དང་པོའི་སྐབས་འདི་ནི་གཏམ་རྒྱུད་ཀྱི་འདྲེན་སྣེ་རེད་དེ། ཆུང་མ་དང་བུ་མོ་གཉིས་ཀས་ཁྱོ་ག་དེ་ ་་རྒྱབ་ཕྱོགས་་ སུ་འཇོག་པར་གཞིགས་ན། ང་ཚོས་འགལ་བ་སྣ་ཚོགས་དེ་མཐར་གཏུགས་ན་ཁྱོ་གའི་སེམས་ནད་ཅིག་ལ་ཐུག་ཡོད་པ་ཤེས་ནུས་ཤིང་། གློག་བརྙན་དེ་མོ་ཐོ་འགྱེལ་ས་ནས་མགོ་བརྩམས་ཡོད་རུང་། གཏམ་རྒྱུད་ན་དུས་སྐབས་འདི་ནས་ད་གཟོད་མགོ་བརྩམས་པ་དང་། ལྟད་མོ་བའི་ཡིད་སེམས་དུས་སྐབས་འདི་ནས་ད་གཟོད་གཏམ་རྒྱུད་ལ་འཁོར་ཐུབ་ཡོད་པ་རེད།
བཅད་རིས་གཉིས་པ། བྲོས་བྱོལ།
གོང་བརྗོད་ལྟར། འགལ་བ་སྣ་ཚོགས་ལ་ཞི་ཐབས་རེ་རེ་མེད་དེ་འགལ་བ་ཐམས་ཅད་མི་གཅིག་གི་སྟེང་ལ་བབ་ཡོད་པས་ཕྱིར། འོན་ཀྱང་སེམས་ནད་གྲོལ་བ་ནི་མིའི་ལས་སྟེང་གི་དཀའ་ངལ་ཆེས་ཆེ་ཤོས་དེ་ཡིན་སྲིད། དེ་བས། ཁྱོ་གས་བདམས་པའི་འགལ་བ་དང་སེམས་ནད་གྲོལ་བའི་ཐབས་ཤེས་དང་པོ་ནི་བྲོས་བྱོལ་བྱེད་པ་དེ་རེད། བཅད་རིས་གཉིས་པ་ནི་ཁྱིམ་ཚང་འདིའི་གཞིས་བ་ཆགས་སའི་གྲོང་སྡེ་ཡིན་ལ། འདི་ནི་རྒྱལ་ཁབ་ཀྱིས་འཆར་གཞི་ལྟར་བསྐྲུན་པའི་ ་་གཏན་བསྡོད་་ གཞིས་ཆགས་ཆེན་པོ་ཞིག་ཡིན་ལ། པར་མིག་གིས་གཞིས་ཆགས་ཀྱི་ཡུལ་ལྗོངས་ཆ་ཚང་ཐལ་རྡུལ་གྱིས་འོག་ནས་ལྟད་མོ་བའི་མིག་མདུན་ལ་བཤམས་སྐབས། དེ་ཡིས་དབང་བཙན་པོས་གཏན་ཁེལ་བྱས་པའི་འཚོ་གནས་ཤིག་ལ་ཟིན་བྲིས་བཏབ་ཡོད། རི་མོ་བཀོད་སྟངས་འདི་ལ་ཉི་འོད་ཡོད་མེད་མི་གསལ་ལ། འདི་ལ་གསོན་ཉམས་ཡོད་མེད་ཀྱང་མི་ཤེས། འོན་ཀྱང་དབང་བཙན་པོ་དེ་ནི་ཡོད་པ་མ་ཟད། གཞིས་ཆགས་དེའི་ཟད་མཐའ་མཐོང་མི་ཐུབ་ལ། བྱེ་རྡུལ་དང་ཐང་སྐྱ་མོའི་ཁྲོད་ནས་རྒྱང་རིང་ཏུ་མནར་ཡོད་རེད། བཅད་རིས་གཉིས་པ་འདི་ཡིས་གློག་བརྙན་གཏམ་རྒྱུད་ནང་གི་ཁྱིམ་ཚང་དེའི་འཚོ་གནས་ཀྱང་ལས་དབང་བཙན་པོ་ཞིག་གི་འོག་ཏུ་ཚུད་ཡོད་པ་ཤུགས་བསྟན་བྱས་ཡོད་སྙམ་ལ། སྐབས་འདིར། ཁྱོ་གས་ཁྱིམ་ཚང་གཅིག་པོ་དབྱར་ས་ལ་ཁྲིད་ཀྱིན་ཡོད་དེ། ཁོ་རང་གཞིས་ཆགས་ལས་བྱོལ་བར་བྱེད་པ་ནི། ཁྱིམ་མཚེའུ་བྱིས་པ་སྤྲ་ཆལ་དག་ལ་བྲོས་པ་མིན་པར། རང་སེམས་ཀྱི་མི་བདེ་བའི་ཚོར་ཤུགས་དེ་ལ་བྲོས་པ་ཡིན།
ང་ཚོས་ཁ་སྐད་དུ་སེམས་མ་བདེ་བ་ལ་འདུག་གཟོད་མེད་ཟེར་སྲོལ་ཡོད་དོན་ནི། མིའི་ནང་སེམས་ཀྱི་མི་བདེ་བ་དེ་ཐོག་མ་ལུས་པོ་དང་ཁོར་ཡུག་གི་འཁྲུག་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་། མི་བདེ་བ་དེ་ཡིས་ལུས་པོ་དེད་ནས་བྱ་བ་ཞིག་ལ་སྐུལ་རྒྱུ་དང་མི་བདེ་སེལ་ཐབས་འབད་པ་རེད། སེམས་ནད་ནི་སེམས་དང་སེམས་ཀྱི་ཁོར་ཡུག་མ་འཆམ་པ་ཞིག་ལ་གོ་ཆོག་ན། སེམས་ཀྱི་མངོན་བྱེད་དུ་གྱུར་བའི་ལུས་པོ་དེའང་ཤན་སྟོབས་དེ་འདྲའི་འོག་ནས་ལུས་དང་མངོན་སུམ་ཁོར་ཡུག་གི་མ་འཆམ་པ་ཞིག་ལ་འགྱུར་འགྲོ་སྲིད། དེ་བས་ཁོར་ཡུག་ལས་ཐར་བར་འདོད་པ་ནི་སེམས་མནར་ལས་ཐར་བར་བྱེད་པའི་ལྟ་གོན་ཞིག་ཡིན་ལ། དེ་ནི་བྲོས་བྱོལ་ཐེངས་ཤིག་རེད། གློག་བརྙན་ཁྱོན་ནས་ལྟས་ན། བྲོས་བྱོལ་ནི་ཐེངས་འདི་ཙམ་མ་ཡིན་པར། ད་དུང་ཁྱོ་གའི་ཨ་ཕ་ལ་བྲོས་པ་དང་། ཆུང་མ་ཁྱིམ་ནས་བྲོས་པ་སོགས་ཡོད། བྲོས་བྱོལ་གྱིས་མཚོན་པའི་ལྡོག་ཕྱོགས་ཀྱི་དཔེ་སྟོན་འདི་འདྲ་ཞིག་གིས་བུ་མོ་དབྱངས་ཅན་ལྷ་མོའི་སྙིང་སྟོབས་འབུར་དུ་ཐོན་པར་བྱས་ཡོད་དེ། དབྱངས་ཅན་ལྷ་མོ་ཁོ་ནས་གནད་དོན་གདོང་ལེན་གྱི་ནུས་ཤུགས་ཤིག་ཕ་མེས་མི་རབས་གཉིས་དང་མ་འདྲ་བར་གསར་ཏུ་ཚུགས་ཐབས་འབད་ཡོད་རེད། མོ་རང་གིས་ལུག་རོ་མཐོང་སྐབས། མོ་རང་གིས་ནུ་བོའི་བལྟམས་ཕེབས་ལ་མཐར་ཐུག་གི་སེམས་ཐག་གཅད་སྟངས་སོགས་ཀྱིས་གདོང་ལེན་གྱི་སྙིང་སྟོབས་ཤིག་མངོན་གྱིན་ཡོད་པ་རེད། དེ་ཡིས་མཐར་ཐུག་ཏུ་མི་ཆེན་ཚོའི་འགལ་བ་སྣ་ཚོགས་སེལ་ཐབས་ལ་དཔེ་སྟོན་གྱི་ཕན་ཐོགས་བྱས་ཡོད་པར་སྙམ་ལ། ཕྱིར་གཏམ་རྒྱུད་ཀྱི་འཕེལ་རིམ་ལ་ལོག་ན། གཞིས་ཆགས་ནས་བྲོས་བྱོལ་བྱས་རྗེས། ང་ཚོས་ཚོད་དཔག་ཐུབ་པ་ལྟར། དེ་ཡིས་སེམས་ནད་དང་འགལ་བ་སེལ་མི་ཐུབ་སྟེ། གལ་ཏེ་གཞིས་ཆགས་ཀྱི་བྲེལ་བ་སྣ་ཚོགས་ཀྱིས་འགལ་བ་དེ་སྦྲིདཐབས་བྱས་ཡོད་པར་གོ་བ་བླངས་ན། ཁེར་བུར་ཐོན་པའི་དབྱར་མཚེར་དེ་ཡིས་ཁྱིམ་ཚང་འདི་ལ་སེམས་ནད་ལྷིང་ངེར་བྱེད་པའི་སད་སངས་ཀྱི་ཆ་རྐྱེན་བཟོས་ཡོད་རེད་ཟེར་ཆོག །
བཅད་རིས་གསུམ་པ། དབེན་གནས།
དབྱངས་ཅན་ལྷ་མོ་དང་ཕ་མ་དང་སྒོ་ཟོག་དག་ཐང་སྟོང་དུ་བླུགས་པའི་རི་མོ་འདི་ཡིས། རི་མོའི་མདུན་གྱི་སྤང་ཐང་ཆེ་ཅི་ཐུབ་བྱས་ནས་བླངས་ཡོད་པ་དང་། སྦྲ་ནག་དང་ལུག་ཁྱི་སོགས་སྟོད་དུ་མནུར་བ་ལྟར་བྱས་ཡོད། འདི་ཡི་དགོས་པ་ནི་ཁོར་ཡུག་ནུས་ཤུགས་མཚོན་ཆེད་ཡིན་པ་འདྲ་སྟེ། སྐྱ་ཆད་སྔོ་སྡུག་གི་དབྱར་མཚེར་སྤང་ཐང་འདི་ཡིས་དོན་དུ་མི་སྣ་ལ་ཕྱིར་འདང་དང་བསམ་བློ་བྱེད་སའི་དབེན་གནས་ཤིག་བསྐྲུན་ཡོད་པ་རེད་ལ། ཕྱིར་འདང་དང་བསམ་བློ་ནི་ཁེར་རྐྱང་གིས་བཙན་སྐུལ་བྱས་པ་འདྲ། ཁྱིམ་ཚང་ཁོང་མ་གཏོགས་ད་དུང་གནས་འདིར་མཚེར་ས་བཟུང་མེད་པས། ལུང་པ་འདི་ཡིས་ཁྱིམ་མི་གསུམ་པོ་གློག་བརྙན་ནང་གི་དོན་བྱ་ཨ་མེས་དང་འདྲ་བར། ཁེར་རྐྱང་དང་ལྷིང་འཇགས་ཀྱི་སེམས་ཉིད་ངོས་འཛིན་གྱི་ལམ་ཁ་ཞིག་བཙལ་ཏུ་བཅུག་པ་འདྲ། བཅད་རིས་གཉིས་པ་དང་གསུམ་པ་བསྡུར་ནས་ལྟས་ན། གལ་ཏེ་གཞིས་ཆགས་ཀྱི་རི་མོ་དེ་ཡིས་གཏན་ཁེལ་གྱི་འཚོ་གནས་ཞིག་དང་གཞན་དབང་གི་བཀོད་སྒྲིག་ཞིག་སྟོན་གྱིན་ཡོད་ན། བཅོས་མིན་རི་ཆུའི་པང་དུ་ལུས་པའི་སྦྲ་ནག་དེ་ཡིས་ནི་ངེས་གཏན་མེད་པའི་ཉམ་ཐག་ཅིག་དང་རང་དབང་གི་སྦྱངས་བརྡར་རྩུབ་མོ་ཞིག་མཚོན་འདུག དབེན་གནས་འདི་ཡིས་མི་རྣམས་བསམ་བློའི་ཐང་སྟོང་ནང་མནུར་ཏེ་མནོ་བསམ་བྱེད་དུ་བཅུག་ཡོད་རེད། དེ་བས་གནས་འདི་ནས། མཐར་གཏུག་ཏུ་ཕ་མ་དང་བུ་མོ་དབྱངས་ཅན་ལྷ་མོ་གསུམ་གྱིས་སོ་སོའི་སེམས་ངལ་གསོས་ཐུབ་པར་བྱུང་བ་དང་། གནས་འདི་ཡི་དབེན་གནས་ཀྱི་འཚོ་བ་དེ་ལས་ཁྱོ་གས་སེམས་ནད་གྲོལ་བའི་ལམ་སྣེ་ཟིན་པ་རེད། བུ་མོ་དབྱངས་ཅན་ལྷ་མོས་རང་གི་ཨ་ཕ་ལ་སྐུལ་མ་བྱས་པ་དེ་ནི་ཁོར་ཡུག་འདི་འདྲ་ཞིག་ལས་བྱུང་དགོས་ཏེ། གལ་ཏེ་ད་དུང་ཟང་ཟིང་དང་བཀོད་སྒྲིག་གིས་སྟངས་འཛིན་བྱས་པའི་གྲོང་སྡེ་ཞིག་གི་འོག་ཏུ་ལུས་པ་ཡིན་ན། ཁྱོ་གའི་ནང་སེམས་ཀྱི་ཚོར་བ་དེ་ནམ་ཡང་ཁ་ནས་ཐོན་གི་མ་རེད་བསམ། གཙང་པོ་བཞུར་སའི་སྤང་ལྗོངས་ཞིག་ནི་ཁོ་དང་ཁོའི་ཨ་ཕའི་འགལ་བ་བྱུང་སའི་ཁོར་ཡུག་དེ་ཡིན་ལ། ཁོར་ཡུག་འདི་ཁེར་འཇགས་་ནི་ཁོ་རང་གི་ཨ་ཕའི་ཆོས་སྤྱོད་འཚོ་གནས་བྱེད་སའི་བྲག་ཕུག་གི་ཁོར་ཡུག་དེ་དང་ཅིག་ཡིན། འཁོར་བ་ནི་འཚོ་གནས་ཀྱི་བསྐྱར་བཟློས་རེད། ཁྱོ་ག་ལ་སེམས་འདྲིས་མི་ཐུབ་པའི་ཨ་ཕ་ཞིག་ཡོད་པ་ནང་བཞིན། བུ་མོ་དང་ཆུང་མ་ལ་སེམས་འདྲིས་མི་ཐུབ་པའི་ཨ་ཕ་དང་ཁྱོ་ག་ཞིག་ཡོད་པ་རེད། འོན་ཀྱང་བསྐྱར་བཟློས་ཀྱི་ཁྲོད་དུ་ཐར་སྒྲོལ་གྱི་ལམ་མེད་པ་མིན་ཏེ། བུ་མོ་དབྱངས་ཅན་ལྷ་མོས་དབེན་གནས་འདི་ནས་ཐར་ལམ་རྙེད་བྱུང་བ་ཇི་བཞིན། ཁྱིམ་ཚང་འདི་ཡང་ནམ་ཞིག་ནས་སྐྱོ་གར་གྱི་འཁོར་ལོ་ལས་ཐར་ཐུབ་པ་མདོག་ངན་སྤང་ཐང་རིམ་གྱིས་གསོན་ཉམས་རྒྱས་པ་དེ་ལས་བསྟན་ཡོད།
བཅད་རིས་བཞི་བ། གྲོལ་བ།
བཅད་རིས་བཞི་པ་འདི་ནི་གློག་བརྙན་གྱི་རྫོགས་མཚམས་ཡིན་ཏེ། གཏམ་རྒྱུད་གང་ཡུན་རིང་རྫོགས་ཚུལ་གསུམ་མིན་མེད་དེ། སྐྱོ་གར། སྐྱིད་གཏམ་དང་སྒོ་འབྱེད་དོ།། འདི་གསུམ་ལས་ལོ་རྒྱུས་ཆེས་རིང་བ་ནི་སྐྱིད་གཏམ་རེད། བོད་མིས་གཏམ་རྒྱུད་སྨྲ་སྐབས་སྲོལ་རྒྱུན་ཞིག་ཡོད། དེ་ནི་གཏམ་རྒྱུད་ཀྱི་རྔ་མ་ཕུད་རྗེས། ་་ དེ་ནས་སྐྱིད་ཀྱི་ར་མ་ཆུ་ལ་བརྒལ། སྡུག་གི་རིལ་མ་ཆུ་ཡིས་ཁུར་བ་ཡིན་་ ཞེས་པའི་རྫོགས་ཚིག་བརྗོད་པ་དེ་རེད། གཙང་པོ་ནི་མཛེས་རྟོགས་གསར་པ་ལས་བསྐྱེད་པའི་སྒྱུ་རྩལ་གསར་བའི་ཚོད་ལྟ་ཞིག་ཡིན་མོད། དེ་ཡི་གཏམ་རྒྱུད་ཀྱི་བཤད་སྟངས་ནི་ཤར་ནུབ་མི་རིགས་ཀུན་ལ་ཆ་རྒྱུས་ཡོད་པའི་སྡུག་གི་མཐའ་ཟིན་སྐྱིད་ཀྱི་མགོ་ཚུགས་པའི་འགྲོ་སྟངས་རྙིང་བ་ཞིག་རེད། གཙང་འགྲམ་ནས་རྒྱང་ལྟ་བྱེད་པའི་མི་རབས་གསུམ་གྱིས། སྐྱིད་ཀྱི་ཆུ་བོ་བརྒལ་ཅིང་སྡུག་གི་ལོ་རྒྱུས་ཆུ་ལ་སྐུར་བའི་རེ་བ་ཞིག་ལྟད་མོ་བའི་སེམས་ལ་བཞག་ཡོད་པ་རེད། ། བཅད་རིས་འདི་ལས་ཟོན་ཐར་རྒྱལ་གྱི་རི་མོ་བཀོད་སྟངས་ཀྱི་ནུས་པ་མཚོན་ཐུབ་སྟེ། ཟོན་ཐར་རྒྱལ་གྱིས་དོན་བྱ་གསུམ་པོའི་རྒྱབ་ང་ཚོ་ལ་སྟོན་སྐབས། འདི་ནི་ནམ་རྒྱུད་མི་སྣའི་ཁ་ངོ་སྟོན་པར་བྱེད་པའི་བརྙན་ཕབ་ཐབས་ཤེས་དང་མི་འདྲ་བའི་བྱེད་སྟངས་ཤིག་ཡིན་ཏེ། ལྟད་མོ་བ་དག་གིས་རི་མོའི་བཀོད་སྒྲིག་འདི་འདྲ་ཞིག་བརྒྱུད་ནས་མིག་དེ་དབང་མེད་དུ་མདུན་ཕྱོགས་ཀྱི་རི་ལུང་ནས་རྒྱང་དུ་ཤོར་འགྲོ་བ་ཡིན་ལ། དེ་ནི་ལྟད་མོ་བ་དང་དོན་བྱ་དག་གིས་མཉམ་ཏུ་རི་བོ་ལ་སེམས་ལྷོད་པོའི་ངང་རྒྱང་ལྟ་བྱེད་པ་འདྲ་སྟེ། གཏམ་རྒྱུད་ཀྱི་མི་སྣ་དང་ལྟད་མོ་བའི་སེམས་ཁམས་རི་མོ་བཀོད་སྟངས་འདི་འདྲ་ཞིག་ལ་བསྟེན་ནས་གཅིག་འདྲིས་བྱས་ཡོད་པ་རེད། སྐབས་འདིར། ཁྱོ་ག་འདམ་བག་ནང་ཉལ་བ་དེ་བདེ་བོ་ཞིག་མ་ཡིན་རུང་། ལྟད་མོ་བ་དག་གིས་བཅད་རིས་འདི་འདྲ་ཞིག་མཐོང་དུས། དེ་ལ་དོ་སྣང་མི་བྱེད་པར། མདུན་གྱི་གཙང་པོ་དང་དེའི་རྒྱང་ཕྱོགས་ཀྱི་ཐང་དང་རི་ལུང་ལ་སེམས་དབང་ཤོར་འགྲོ་བ་ཡིན་ལ། དེ་ལ་ལྟས་ནས་འཚོ་གནས་ཀྱི་འབྱུང་འགྱུར་ཞིག་ལ་རེ་འདུན་བྱེད་འགྲོ་བ་རེད་བསམ།
བཅད་རིས་ལྔ་པ། བྲལ་འདུ།
ཟོན་ཐར་རྒྱལ་གྱི་གློག་བརྙན་ལས། ངས་མཐོང་པ་ནི་བོད་མིའི་འདུ་ཤེས་ཀྱི་གསེབ་ཏུ་ཟུག་པའི་ཐར་སྒྲོལ་གྱི་འདུན་པ་དེ་ཡིན་ལ། མི་རིགས་གཞན་པ་ཚོས་འདི་ལ་ནུབ་ཕྱོགས་ཀྱི་བརྗོད་ཚིག་salvationནམ་救赎་འམ་གཞན་གྲོལ་ཞེས་ནས་བརྗོད་ཀྱིན་ཡོད་འདུག་མོད། རྩ་བའི་ཆ་ནས་ཟོན་ཐར་རྒྱལ་གྱིས་གློག་བརྙན་མི་སྣ་ཡིས་སྟོན་བཞིན་པའི་ལམ་ནི་གཞན་པ་ལྷ་ཆེན་ལྟ་བུ་ཞིག་གིས་སྐྱོབ་ནས་གྲོལ་བར་བྱེད་པ་དེ་འདྲ་མིན་པར། དེ་དང་མི་འདྲ་བའི་རང་གྲོལ་ཞིག་ཡིན་གྱི། བུ་མོ་དབྱངས་ཅན་ལྷ་མོ་ཡིས་ཨ་ཕ་ལ་གྲོལ་ལམ་བསྟན་བྱུང་བ་བདེན་མོད། གྲོལ་བའི་ལས་བྱེད་མཁན་ནི་ཨ་ཕ་རང་ལས་གཞན་མེད། དེ་ནི་བཅད་རིས་ལྔ་པས་མཚོན་ཆོག་པ་སྙམ་སྟེ། རང་ཉིད་ཀྱི་སེམས་པ་གྲོལ་བར་བྱེད་དགོས་ན། ཁེར་རྒྱུགས་ཀྱི་དཔའ་ཚོད་ཅིག་དང་། གཞན་སྐྱུར་གྱི་སེམས་ཐག་ཞིག་ཡོད་དགོས་པ་རེད། དབྱངས་ཅན་ལྷ་མོས་ཨ་ཕའི་མོ་ཐོ་རྒྱང་ལ་རྒྱུགས་སོང་བ་དེ་ལྟ་སྐབས། དོན་དུ་ཨ་ཕ་ཁོ་རང་ཆུང་དུས་སུ་རང་གི་ཨ་ཕས་གྲྭ་ཆས་གྱོན་ནས་བུད་སོང་བའི་རྒྱབ་གཟུགས་དེ་དང་ཁྱད་པར་མེད། སྐྱུར་བ་དེ་ནས་རེ་སྒུག་ཞིག་སྐྱེ་ཡོད་པ་དང་བྲལ་བ་དེ་ལས་འདུ་འཛོམས་ཤིག་སྨོན་ཆོག་པ་རེད།
འོན་ཀྱང་། གློག་བརྙན་འདི་ལ་ད་དུང་སྐྱོན་ཆ་མཐོང་ཚོད་ཅིག་འདུག་ཏེ། རྩལ་གྱི་ཆ་ནས། མོ་ཐོའི་སྟེང་གི་དོན་བྱའི་ཁ་བརྡ་སྒྲ་ཕབ་བྱས་པ་དེར་སྤྲོས་གཏགས(特效)་ཅི་ཡང་བཟོས་མི་འདུག་པར། ནམ་རྒྱུད་ཁང་བའི་ནང་ནས་སྐད་ཆ་བཤད་པ་ལྟར་གསལ་བོ་རེད། མོ་ཐོའི་སྒང་གི་སྒྲ་ལྟར་སྤྲོས་པ་གཏགས་དགོས་ན་ལས་སླ་པོ་རེད། འོན་ཀྱང་མི་དགོས་སའི་སྐྱོན་དེ་འདྲ་ཤོར་འདུག་ལ། དེ་ཡིས་དངོས་ཡོད་རིང་ལུགས་ཀྱི་ཕབ་ཁྲིད་བྱེད་སྟངས་ལ་རྨས་སྐྱོན་མི་ཆུང་བ་ཞིག་བྱས་འདུག ད་དུང་མོ་ཐོ་འཁྱགས་རོམ་ནང་ཤོར་བ་དེ་ལའང་བརྙན་ལེན་སྟངས་སམ་གཟུགས་ཀྱི་སྤྲོས་གཏགས་ཐོག་ནས་དེ་བས་བཟང་བ་ཞིག་བྱེད་ཆོག་མོད། འཁྱགས་རོམ་གས་ནས་མོ་ཐོ་དར་ཁུང་ལ་ལྷུང་བའི་བརྗོད་འདོད་དེ་རྩལ་ཨ་ལ་བ་ལ་ཞིག་གིས་བརྫད་ནས་གླེན་པ་ཞིག་དར་ཁ་ལ་བསམ་བཞིན་སྐྱེབ་སོང་བ་ལྟར་འཁྲབ་འདུག དེ་ལྟ་བའི་རྩལ་གྱི་ཆ་ནས་ཤོར་མི་དགོས་པའི་སྐྱོན་ཆ་ཁ་ཤས་ད་དུང་འདུག་ལ། རྩལ་སྐྱོན་དེ་དག་ལས་ཀྱང་གནད་དུ་གྱུར་བའི་སྐྱོན་ནི་གཏམ་རྒྱུད་བཀོད་སྒྲིག་གི་སྐྱོན་ལ་བབ་ཡོད། གློག་བརྙན་གྲུབ་རྗེས་ཀྱི་དབྱངས་ཅན་ལྷ་མོའི་ཨ་མེས་དང་ཨ་ཕའི་བར་གྱི་འགལ་འབྲེལ་བརྗོད་པ་དེ་ཡིས་དབྱངས་ཅན་ལྷ་མོ་མོ་རང་གི་གཏམ་རྒྱུད་ལ་གནོད་པ་ཆེན་པོ་བྱས་འདུག ཟོན་ཐར་རྒྱལ་ཁོ་རང་གིས་འདོད་པ་ལྟར་ཡིན་ན། གློག་བརྙན་འདི་དབྱངས་ཅན་ལྷ་མོ་གཙོ་བྱས་པའི་བྱིས་པའི་ཚར་ལངས་བརྗོད་པའི་གཏམ་རྒྱུད་ཅིག་ཡིན་དགོས་པ་དང་། དེ་བྱིས་པའི་གློག་བརྙན་ཞིག་ཡིན་དགོས་པ་རེད། དེ་བས་ཕ་མེས་ཀྱི་གཏམ་རྒྱུད་དེ་ཟུར་བྱུང་དང་རམ་འདེགས་ཤིག་གི་ངོས་ནས་ཐོན་དགོས། འོན་ཀྱང་ཕ་མེས་ཀྱི་ཟུར་གཏམ་དེ་བརྗོད་ཐབས་མ་འགྲིག་པས་དབང་གིས་མཐར་གཙོ་བོར་ཆགས་འདུག་པ་དང་། གློག་བརྙན་གྱི་ཁ་བྱང་ཡང་གཙང་པོ་ཞེས་མ་འབོད་རང་འབོད་དུ་ཆགས་འདུག འདི་ནི་བརྗོད་ཐབས་ཀྱི་སྐྱོན་ཡིན་དགོས་ལ། འཁྲབ་གཞུང་གི་སྟེང་ནས་གཙོ་ཕལ་གནད་ཀྱིས་མ་ཟིན་ནས་བྱུང་བ་ཞིག་རེད་འདོད། ང་རང་གིས་གློག་བརྙན་འདི་ལ་དཔྱད་བརྗོད་འདི་སྤེལ་བ་དེ་ཡང་། ཨ་མེས་དང་ཨ་ཕའི་བར་གྱི་གཏམ་རྒྱུད་དེ་བརྗོད་གཞིར་བཞག་དགོས་བྱུང་ཡོད་ལ། ལྟད་མོ་བ་མང་ཆེ་བས་ཀྱང་མཐའ་མར་གཏམ་རྒྱུད་འདི་གཙོ་བོར་ལྟ་བཞིན་ཡོད་པ་རེད། གོ་འཛོལ་དེ་འདྲ་ཞིག་གིས་གློག་བརྙན་སྤྱི་ལ་གནོད་པ་བཟོས་ཡོད་པ་དང་། གཏམ་རྒྱུད། གྲུབ་ཆ། ཁ་བརྡ་སོགས་ཞིབ་ས་ནས་ལྟས་ན་ཤིན་ཏུ་ལེགས་པའི་བརྩམས་ཆོས་འདི་འདྲ་ཞིག མཐར་ཕུང་པོ་གཅིག་ཏུ་སྡུད་སྐབས། ཏག་ཏག་མགོ་རྔ་ཆེ་ཆུང་ཤོར་བའི་ཨ་ཁ་ཁ་ཞིག་ཤོར་ཡོད་འདུག་སྙམ།
▍ཟུར་བཀོད། ས་བུ་ཆེ། གློག་བརྙན་ཐར་ལོ་ལབ་པ། http://www.filmtbt.com/remark/photos/2016-11-21/661.html(ངེད་དྲ་བའི་པར་དབང་གང་འདོད་དུ་དགོལ་མི་རུང་།)
དཔྱད་མཆན་ཡོད།