བཙོན་ཤག༢༡༡པ། དཔལ་རྩལ།


  p1622684449.jpg 

     གློག་བརྙན་འདི་ལ་སྤྱི་ལོ་ཉིས་སྟོང་དགུ་ལོའི་སི་ཕེན་གྱི་གྷོ་ཡ་གློག་བརྙན་བྱ་དགའGoya Awardsཡི་གློག་བརྙན་རྩེ་གྲ་དང་། གཙོ་འཁྲབ་རྩེ་གྲ འཁྲབ་ཁྲིད་རྩེ་གྲ་སོགས་བྱ་དགའ་གལ་ཆེ་ཤོས་བརྒྱད་ཐོབ་ཡོད་ཅིང་། མི་མང་པོས་འདི་ནི་མཐོང་དཀོན་པའི་བཙོན་ཁང་བརྗོད་བྱ་བྱས་པའི་གློག་བརྙན་ཞིག་ཏུ་ངོས་བཟུང་ཡོད།
      གློག་བརྙན་དུ་བཙོན་སྲུང་ཧུ་ཨན་ཞེས་པ་སྤྱིར་ན་རྩིས་འཁོར་བཟོ་བཀོད་པ་ཞིག་བྱ་འདོད་ཀྱི་ཕུགས་བསམ་ཡོད་མོད། འཚོ་བའི་དབང་གིས་སྔོན་ཆད་བཤས་ར་རུ་བྱ་བ་བསྒྲུབས་ཤིང་། བཙོན་སྲུང་གི་ལས་ཀ་ནི་གསར་དུ་ཐོབ་པ་ཞིག་རེད། ཁོས་བཙོན་ཁང་གི་འགོ་བ་ལ་བག་ཆགས་ལེགས་པོ་ཞིག་འཇོག་ཆེད་སྔ་ཉིན་ལ་ལས་ཀའི་ཁོར་ཡུག་རྒྱུས་ལེན་པར་ཕྱིན་ཞིང་། འགྲོ་ཁར་ཕྲུ་གུ་འཁོར་ནས་ཟླ་བ་དྲུག་ལོན་པའི་ཆུང་མ་དང་སེམས་མཐུན་པའི་གཏམ་གླེང་ཀྱང་ཡིད་འགུལ་བ་བྱུང་ཡོད། ཁོ་རང་བཙོན་ཁང་དུ་བསླེབས་རྗེས་བཙོན་སྲུང་གཞན་པ་གཉིས་ཀྱིས་ཁོ་རང་ཁྲིད་ནས་བཙོན་ཁང་གི་ལས་ཀའི་ཁོར་ཡུག་ངོ་སྤྲོད་བཞིན་པའི་སྐབས་སུ་སྔར་ནས་གྲ་སྒྲིག་ཚགས་སུ་ཆུད་པའི་བཙོན་མའི་འོས་ལངས་ཤིག་ལ་འཁེལ་བས། ཧུ་ཨན་གྱི་མགོ་ལ་རྡོ་འཁེལ་ཞིང་བརྒྱལ་བར་གྱུར་བ་དང་། ལས་གྲོགས་གཉིས་ཀྱིས་ཁོ་རང་སྐྱོབ་མ་ཐུབ་པར་བདེ་འཇགས་ཀྱི་ཁུལ་ལ་བྲོས། བརྒྱལ་བ་ལས་སངས་རྗེས་ཁོ་རང་གདུག་རྩུབ་ཆེ་བའི་བཙོན་མ་ཚོའི་གྲས་སུ་ཁེར་རྐྱང་དུ་ལུས་ཤིང་། སྲོག་དང་འཕྲལ་བའི་ཉེན་ཁ་ཡོད་པ་ཤེས་རྗེས། མགྱོགས་པར་ཐབས་ཤེས་ཤིག་དྲན་དེ། རང་ཉིད་བཙོན་སྲུང་ཡིན་པའི་བདེན་དཔང་ཡོད་ཚད་དོར་བ་དང་། ཟིང་འཁྲུག་གི་མགོ་ཁྲིད་མལ་མ་རེ་ལ་རང་ཉིད་ནི་གསར་དུ་ཡོང་བའི་བཙོན་མ་ཞིག་ཡིན་ཞེས་རྫུན་དུ་སྨྲས། དེ་ལྟར་ཡིད་ཆེས་ཐོབ་རྗེས་ཁོས་ཕྱི་ནང་ལག་སྦྲེལ་ནས་ཟིང་འཁྲུག་ལ་ཁ་གཏད་གཅོག་པའི་སྦྱོར་བ་སྤེལ་མོད། བཙོན་ཁང་ཕྱི་རོལ་དུ་མི་ཚོས་བཙོན་མ་ཚོས་ཟིང་འཁྲུག་བསླངས་བ་དང་། མི་ལ་ཤི་རྨས་ཡོད་པའི་གསར་འགྱུར་ཐོས་རྗེས་བཙོན་ཁང་ཕྱི་ལ་འདུས་པ་དང་། དེའང་གཞི་རྒྱ་ཆེ་བའི་ཟིང་འཁྲུག་ཅིག་དུ་གྱུར་ལ། ཧུ་ཨན་གྱི་ཆུང་མའང་དེའི་གྲས་སུ་ཡོད། ཉེན་རྟོག་པས་ཕྱི་རོལ་གྱི་ཟིང་འཁྲུག་ལ་དྲག་གནོན་བྱེད་བཞིན་པའི་སྐབས་སུ། ལག་ཉེས་ཐེབས་ནས་ཧུ་ཨན་གྱི་ཆུང་མ་རྨས་པ་དང་། མཐར་རྨས་ལྕི་བ་དང་མངལ་ཤོར་བ་སོགས་ཀྱི་དབང་གིས་ཚེ་མ་ཟིན། ཧུ་ཨན་གྱིས་གནས་ཚུལ་དེ་ཤེས་རྗེས་གདུང་འགྱོད་དང་ཁོང་ཁྲོ་དྲག་པོ་སྐྱེས་པ་དང་། ཤ་འཁོན་གྱིས་མིག་རྩ་དམར་བར་གྱུར་ནས་མཐར་ཨེ་ལེན་ནཱ་ལ་ཉེས་རྡུང་གཏོང་བའི་བཙོན་སྲུང་འགོ་བ་ཟིང་འཁྲུག་ཁུལ་ལ་བསླུས་ཤིང་རྫ་ཆག་གིས་བསྣུན་ནས་སྲོག་འཕྲོག ཕྱིས་སུ་ཟིང་འཁྲུག་ཐལ་དྲག་པས་གཞུང་ཕྱོགས་ཀྱིས་འཐབ་དམག་མངགས་ནས་དྲག་པོས་ཞོད་འཇགས་སུ་བཏང་བ་དང་། ཧུ་ཨན་ཟིང་ཆའི་སྐབས་སུ་བཙོན་གྲོགས་ལ་ངོ་ལོག་པའི་བཙོན་མ་འགས་ལྐོག་མདེལ་གྱིས་རྨས་ཤིང་ཚེ་ལས་འདས།

QVXyH8j2J_1274074342.jpg

trim.jpg


      གློག་བརྙན་འདི་ལ་ལྟ་སྐབས་སུ་ཚོར་བ་གཉིས་བྱུང་སོང་སྟེ། གཅིག་ནས་རང་ཉིད་ནང་བ་ཞིག་ཡིན་པའི་ཆ་ནས་མི་རྟག་པ་དང་རྐྱེན་ངན་ཞེས་པ་ནི་ཁྱོད་ལ་གདམ་ཀ་དང་གཟུར་བའི་དབང་ཆ་མེད་པར། གཤིན་རྗེ་ཡིས་མཐེབ་མདེལ་གྱིས་སུ་ལ་ཕོག་ན་དེ་རང་སྡུག་གྱོང་དུ་བརྩི་རྒྱུ་ལས་ཐབས་མེད་པ་ཞིག་རེད། དཔེར་ན་ཧུ་ཨན་ནི་བཙོན་སྲུང་གི་ལས་ཀ་དེ་ལེགས་པར་བསྒྲུབས་ཤིང་། བྱིས་པའི་ཨ་ཕ་བྱས་ནས་བཟའ་ཚང་གི་འཚོ་བ་སྐྱིད་པོ་རོལ་འདོད་པའི་མ་འོངས་པའི་འཆར་གཞི་ལ་ཐིམས་ཡོད་པ་ལས། རང་ལ་འདི་ལྟ་བུའི་རྐྱེན་ངན་པ་ཞིག་གློ་བུར་དུ་འཁོར་སྲིད་པ་ཡིད་ལའང་ཤར་མེད། འོན་ཀྱང་ལས་ངན་བྱ་རྡོ་ལམ་འཕྲད་ཀྱི་དཔེ་ལྟར། ཟིང་འཁྲུག་འདི་དང་འབྲེལ་བ་མེད་པའི་མི་ཞིག་ནས་ཟིང་འཁྲུག་འདིའི་ལྟེ་བར་གྱུར་ཞིང་། མཐར་བཟའ་ཚང་གང་བོའི་སྲོག་ཤོར་ཡོད་པ་རེད། འདིའི་གོ་རིམ་ཧྲིལ་བོར། ལས་དབང་གིས་ཁོ་ཡི་སྣ་ཐིག་འཐེན་ནས་ཕྱིན་པས། ཁོ་ལ་ཕྱིར་འཐེན་གཅིག་བྱེད་པའི་གོ་སྐབས་ཀྱང་སྤྲད་མེད། གློག་བརྙན་གྱི་ཕྱི་རུ་འགྲེང་བའི་ལྟད་མོ་བ་བདག་ལ་མཚོན་ན། རང་ཡང་འདི་ལྟར་ཅི་འབྱུང་ཆ་མེད་པའི་འཇིག་རྟེན་ཞིག་ན་ཡོད་པར་སྙམ་ན་སྐབས་ཙམ་གྱི་ངེས་འབྱུང་སྤུ་སུད་ཙམ་རེ་སྐྱེས་ཡོང་། གཉིས་ནས་གཞུང་ངམ་རྩ་འཛུགས་ཟེར་བ་ནི་བློ་འཁེལ་དུ་མི་རུང་བ་ཞིག་སྟེ། ཁོ་ཚོས་ཐོག་མར་ཧུ་ཨན་བེད་སྤྱོད་དུ་རུང་བའི་སྐབས་སུ་ཅི་ནུས་ཀྱིས་ཁོ་བརྒྱུད་ཅིང་གནས་ཚུལ་རྒྱུས་བླངས་པ་དང་། ད་དུང་ཧུ་ཨན་ནི་ཟིང་འཁྲུག་དེ་ཞོད་འཇགས་སུ་གཏོང་བའི་ལྡེ་མིག་ཅིག་ཏུ་བརྩིས་ཡོད། འོན་ཀྱང་ཧུ་ཨན་གྱིས་ཆུང་མའི་ཤ་འཁོན་རྩོད་ཕྱིར་བཙོན་སྲུང་གཞན་དེ་བསད་པ་དང་། བཙོན་མ་ཚོར་སྔར་ལས་མང་བའི་ཁེ་དབང་རྩོད་རོགས་བྱ་བའི་མགོ་བཙུགས་དུས། ཁོ་ཚོའི་སྔར་གྱི་དཔུང་རོགས་ཡིན་སྙམ་གྱི་ངོ་གདོང་དེ་དོར་ནས། སྙིང་རྗེ་ཅི་ཡང་མེད་པར་ཟིང་འཁྲུག་མགོ་དཔོན་མལ་མཱ་རེ་ལ་ཧུ་ཨན་བཙོན་སྲུང་ཡིན་པའི་བདེན་དཔང་ཆ་ཚང་སྤྲད་ནས་མལ་མཱ་རེ་བསླུ་བའི་ཐབས་བྱས། འདི་ལྟར་རྩ་འཛུགས་དེའི་ཁེ་དབང་སྲུང་བ་དང་། དུས་བདེ་ཞོད་འཇགས་ཀྱི་ཕྱི་ཚུལ་ཙམ་པོ་སྲུང་ཆེད། མི་སྒེར་གྱི་བདེ་སྡུག་དང་འཚོ་གནས་ནི་སྐབས་དང་བསྟུན་ནས་ཡལ་བར་འདོར་ཆོག་པ་དང་། ཡང་ན་སྐད་ཆེན་པོའི་ཁོ་ངའི་ཕྱོགས་སུ་གཏོག་པ་མིན་ནོ་ཞེས་བདེན་པར་སྨྲ་བ་ལ་ཐེ་ཚོམ་ཅི་ཡང་མེད། རྩ་འཛུགས་དང་གཞུང་ཕྱོགས་ག་གེ་མོ་རེ་ལ་བློ་སེམས་གཏད་ཡོད་པའི་མི་དག་ལ་ཆ་མཚོན་ན་གློག་བརྙན་འདི་ལྟ་བུ་ནི་གསལ་འདེབ་གསལ་བོ་ཞིག་རེད་ལ། ང་ཚོས་ནམ་ཡང་ཚོགས་པ་ཞིག་དང་རྩ་འཛུགས་ཤིག་གི་ཆེད་དུ་ལུས་སྲོག་མ་དོར་བའི་ཡར་སྔོན་ལ་རང་ཉིད་ཀྱི་བདེ་སྡུག་སྲུང་འོས་པ་དང་། བདེན་པར་དང་སྙན་པར་སྨྲས་ཚད་ནི་ཡིད་ཆེས་སུ་རུང་བའི་གནས་མིན་པའི་གསལ་བཏབས་ཡོད།

origin.jpg

MM523kQ6C_1274074339.jpg


      བཙོན་ཤག༢༡༡པའི་གྱང་གོག་དེའི་ལྡེབས་སུ་སྔར་གྱི་འདས་པོ་དག་གིས་རང་མིང་བཀོད་ཡོད་ལ། ཧུ་ཨན་གྱིས་ཀྱང་མཐར་རང་གི་མིང་ཡང་དེ་དག་གི་མཇུག་ཏུ་བཀོད། མིང་དེ་དག་ལ་སྨྱུག་ཁའི་གསར་རྙིང་ཙམ་ལས། དེ་ལས་མངོན་པའི་སྡུག་བསྔལ་དང་འོ་དོད་ནི་འདྲ་འདྲ་དང་ལྕི་ཡང་མེད་པར་མངོན།


 

དཔྱད་མཆན་ཡོད།