ཧའོ་ལེ་ཝོའུ་གློག་བརྙན་དང་ཨོ་སི་ཁཱའི་གཟེངས་རྟགས་ཀྱི་བྱུང་བ།

u=2040296120,1575686328&fm=253&fmt=auto&app=138&f=JPEG_副本.jpg

 གཅིག  ཧའོ་ལེ་ཝོའུ་གློག་བརྙན་གྱི་བྱུང་བ།

         “ལོ་ངོ་བརྒྱའི་སྔོན་དུ། ཧའོ་ལེ་ཝོའུ་ནི་(好莱坞) ཨ་རིའི་ཁ་ལེ་ཧྥོར་ཉེ་ཡ་མངའ་སྡེའི་ཡུལ་ལུང་བྱེ་བྲག་ཅིག་ཡིན། ༡༨༨༧་ལོའི་ཟླ་༢པའི་ཉིན་ཞིག་ཚོང་བ་གྲགས་ཅན་ཝེ་ཨར•ཁཱོ་ཁི་སི་ཡིས་མུའུ་༡༢༠་ཡོད་པའི་ས་དེ་རང་གི་ཆུང་མར་ཉོས་པ་དང་། མིང་ལ་ཧའོ་ལེ་ཝོའུ་ཞེས་བོས་པ་དེ་ཕྱིས་སུ་ཨ་རིའི་གློག་བརྙན་གྱི་སྐད་དོད་དུ་གྱུར། རིམ་བཞིན་གནས་དེར་འཁྲབ་སྟོན་པ་གྲགས་ཅན་དག་གཏན་སྡོད་བྱས་ཤིང་རི་བོ་སྤེ་བུའོ་རཱེ་ནི་ཧའོ་ལེ་ཝོའུ་ཡི་འབྱོར་ལྡན་པ་དེ་དག་གི་གཞིས་ཁྱིམ་དྲོན་མོར་གྱུར། ད་ལྟའི་ཧའོ་ལེ་ཝོའུ་ནི་གསོན་ཤུགས་ལྡན་པའི་གྲོང་ཁྱེར་ཞིག་ཡིན་ལ། མཐོངས་ཡངས་ཟློས་གར་ཁང་དང་། ཡིའུ་ནེ་ཝུར་སོ་གློག་བརྙན་གྲོང་། ཕཱ་ར་མོན་ཐིའི་གློག་བརྙན་གྲོང་སོགས་ནི་དེའི་མཚོན་བྱེད་དུ་གྱུར་ཡོད། ༡༩༨༥.ལོར་ཧའོ་ལེ་ཝོའུ་ཡི་ཚོང་ལས་ཁུལ་དང་རོལ་རྩེད་ཁུལ་གཉིས་ནི་ཨ་རིའི་སྲིད་གཞུང་གིས་སྲུང་སྐྱོབ་བྱེད་སའི་ལོ་རྒྱུས་རང་བཞིན་གྱི་བཟོ་བཀོད་ཀྱི་གྲས་སུ་ཚུད་ཡོད་དོ། །”1

གཉིས།  ཧོ་ལེ་ཝོའུ་གློག་བརྙན་ལ་ཚད་རིམ་དགར་བའི་ལམ་ལུགས།

        “སྔོན་ཆད་ཧའོ་ལེ་ཝོའུ་གློག་བརྙན་གྱི་ནང་དོན་ལ་ཞིབ་བཤེར་བྱེད་པའི་སྒྲིག་ལམ་ཞིག་མཆིས་ཤིང་དེ་ཧའེ་སི་སྒྲིག་ཁྲིམས་ཟེར། ༡༩༦༨་ལོར་ཨ་རིའི་གློག་བརྙན་མཐུན་ཚོགས་ཀྱིས་གློག་བརྙན་ལ་ཚད་རིམ་བཞི་དགར་ཡོད་དེ། ཚད་རིམ་G ལོ་ལ་ཚད་བཀག་མེད་པར་ཀུན་གྱིས་ལྟ་ཆོག་པ། ཚད་རིམ་M དར་མའི་རིགས་ཀྱིས་མ་གཏོགས་ལྟ་མི་ཆོག་པ། ཚད་རིམ་R ལོ་བཅུ་དྲུག་མན་གྱི་ལྟད་མོ་བས་དར་མའི་གཟིགས་སྐྱོང་འོག་ལྟ་ཆོག་པ། ཚད་རིམ་X ལོ་བཅུ་དྲུག་ལ་མ་སོན་པའི་ལྟད་མོ་བས་ལྟ་མི་ཆོག་པ་བཅས་སོ། །”2 

u=2185072167,1752139886&fm=253&fmt=auto&app=138&f=JPEG_副本.jpg

གསུམ།  ཨོ་སི་ཁཱ་གསེར་གྱི་གཟེངས་རྟགས་ཀྱི་བྱུང་བ།

          ཨོ་སི་ཁཱ་གསེར་གྱི་གཟེངས་རྟགས་ཀྱི་མཚོན་དོན་ནི་“སྐྱེས་པ་ཞིག་འཁོར་སྡེར་ལྔའི་སྟེང་དུ་འགྲེང་ཡོད་ལ། དེ་རེ་རེས་གློག་བརྙན་ལས་རིམ་གྱི་གལ་ཆེན་ལྔ་མཚོན་ཏེ། ཕབ་སྐྲུན་དང་འཁྲབ་འཁྲིད་པ། འཁྲབ་གཞུང་འབྲི་མཁན། འཁྲབ་སྟོན་པ། ལག་རྩལ་བ་བཅས་སོགས་མཚོན་ཞིང་། ཨོ་སི་ཁཱའི་ཐོག་མའི་དངོས་ལ (གློག་བརྙན་སྒྱུ་རྩལ་དང་ཚན་རིག་སློབ་གླིང་གི་གཟེངས་རྟགས) ཞེས་༡༩༣༡.ལོའི་སྐབས་བཞི་པའི་མཛད་སྒོའི་སྟེང་གཏན་འབེབས་བྱས་ཤིང་། ”3“དེ་ནི་ཡོངས་ཀྱིས་བཞེད་མཐུན་དུ་གྱུར་པ་ནི་སྐབས་དེར་གློག་བརྙན་སྒྱུ་རྩལ་དང་ཚན་རིག་སློབ་གླིང་གི་དཔེ་ཀློག་དོ་དམ་པ་བུད་མེད་ཅིག་གིས་གསེར་བྱང་རྟགས་མ་ལ་ཞིབ་ལྟ་བྱས་མཐར། ཁོ་མོ་ངོ་མཚར་སྟོང་གིས་སྣང་བ་ལྟར (དེ་ནི་དངོས་གནས་ངའི་ཨ་ཁུ་ཨོ་སི་ཁཱ་དང་གཉིས་སུ་མཚུངས་པ་རེད) ཅེས་བརྗོད་པར་ཀུན་གྱིས་དེ་སྙམ་མོ་ཡིན་པར་སྙམ་ནས་དེ་ལྟར་བཏགས་སྐད་བྱུང་ལ། ད་ལྟ་མིང་སྔོན་མ་དེ་ཤེས་མཁན་ཤིན་ཏུ་དཀོན་འདུག་གོ ། ”4ཞེས་དང་།  “ཨོ་སི་ཁཱ་དང་ཧའོ་ལེ་ཝོའུ་གཉིས་ནི་མིང་མི་གཅིག་ཀྱང་འགུག་ཤུགས་འདྲ་འདྲ་ཡིན་ཏེ། ནམ་ཡང་འཛམ་གླིང་གི་གློག་བརྙན་པ་དག་གི་མིག་གིས་ལྟ་ས་དེ་ཡིན། དེ་བཞིན་ཨོ་སི་ཁཱ་ནི་འཛམ་གླིང་གི་གློག་བརྙན་གཟེངས་རྟགས་ཀུན་ལས་གྲགས་ཆེ་ཤོས་དང་ལོ་རྒྱུས་རིང་ཤོས་དེ་ཡིན། ཨོ་སི་ཁཱའི་གློག་བརྙན་དུས་སྟོན་སྟེང་རྟགས་མ་ཐོབ་རྒྱུ་དང་། གྲགས་ལམ་རིང་མོར་རྗེས་ཤུལ་དབབ་རྒྱུ་དེ་གློག་བརྙན་གྱི་ལས་ལ་འཇུག་མཁན་དག་གིས་རྟག་ཏུ་རེ་བའི་ཕུགས་བསམ་ཡིན། ཧའོ་ལེ་ཝོའུ་ནི་འཛམ་གླིང་སྟེང་ཆེས་རྒྱས་གཤོམ་ཆེ་བའི་གློག་བརྙན་གྱི་རྒྱལ་ཁམས་ཡིན་པར་མ་ཟད་ཨོ་སི་ཁཱའི་འབྱུང་ཡུལ་ཡང་ཡིན་ནོ། །”5  དེ་ལྟར། “དུས་རབས་གོང་མའི་ལོ་རབས་༢༠བར། ཧའོ་ལེ་ཝོའུ་གློག་བརྙན་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང་། ༡༩༢༩་ལོའི་ཟླ་༡.པོའི་ཚེས་༤.ཉིན། ཧོའོ་ལེ་ཝོའུ་གློག་བརྙན་ཀུང་སི་སྨི་གོ་སྨེའི་སྦྱིན་བདག་མཱེ་ཨར(Mayer)གྱིས་རང་གི་གཞིས་ཀ་རུ་གྱེས་སྟོན་བཤམས་ཤིང་། ཁོས་གློག་བརྙན་པའི་སྡེ་ལ་གྲོས་གཞི་ཞིག་བཏོན་པར་ཀུན་གྱིས་མོས་མཐུན་བྱུང་སྟེ། འཁྲབ་སྟོན་པ་གྲགས་ཅན་དྷོ་གྷི་ལཱ་སི•ཧྥེར་པན་ཁི་སི་ཨ་རིའི་གློག་བརྙན་སྒྱུ་རྩལ་དང་ཚན་རིག་སློབ་གླིང་གི་དབུ་འཛིན་དུ་གྱུར། གློག་བརྙན་དུ་འཇུག་མཁན་དག་ལ་སྐུལ་སློང་བྱ་ཆེད་སློབ་གླིང་གི་ལས་འཛིན་ལྷན་ཚོགས་ཀྱིས་གཟེངས་རྟགས་ཤིག་གཉེར་བ་ནི་ད་ལྟའི་ཨོ་སི་ཁཱ་རེད། ༡༩༢༩.ལོའི་ཟླ་༥.པའི་ཚེས་༡༦.ཉིན་སྐབས་དང་པོའི་གཟེངས་རྟགས་མཛད་སྒོ་ཧའོ་ལེ་ཝོའུ་རོ་སེ་ཧྥུའུ་གསོལ་མགྲོན་ཁང་དུ་གཉེར་ལ། དུས་དེར་སྐབས་དང་པོའི་ཨོ་སི་ཁཱའི་གསེར་གྱི་རྟགས་མ་ཐོབ་མཁན་ཏེ་བུད་མེད་འཁྲབ་སྟོན་པ་ལྗེན་ནེ་ཐི•གྷེ་ནོར(Janet Gaynor)ཡིན་ལ། དེ་བཞིན་ཨོ་སི་ཁཱའི་དཔྱད་འདེམ་རིམ་པ་ལ་ནི་གཉིས་ཡོད་དེ། རིམ་པ་དང་པོར་འོས་མི་འདེམ་པ་ཡིན་ལ། མིང་ཐོ་འགོད་པའི་ཐབས་ལམ་བརྒྱུད་འབྲེལ་ཡོད་སྡེ་ཁག་གིས་དཔྱད་འདེམ་བྱ་རྒྱུའི་གློག་བརྙན་འོས་སྦྱོར་བྱེད་པ་དང་། དེ་ནས་གློག་བརྙན་ལ་བལྟས་རྗེས་སློབ་གླིང་གི་ཚོགས་མི་ཡོངས་ཀྱིས་འདེམ་ཤོག་ཐེངས་གཉིས་པ་འཕེན་དགོས། མཇུག་མཐར་འདེམ་ཤོག་གི་མང་ཉུང་ལྟར་མིང་ཐོ་གཏན་འབེབས་བྱེད་པ་ཡིན། གཟེངས་རྟགས་ཐོབ་པའི་མིང་ཐོར་གསང་རྒྱ་དམ་པོ་བྱས་ཡོད་པས་མཛད་སྒོའི་སྟེང་མིང་ཡིག་སྒྲོག་སྐབས། གཟེངས་རྟགས་ཐོབ་མཁན་གྱི་མིག་ལས་དགའ་སྤྲོའི་མཆི་མ་འདོན་པའང་ཡོད་དོ། ། ”6 

3-15-scaled.jpg

 བཞི། ཨོ་སི་ཁཱའི་རྟགས་མ་ནི་རྒྱལ་སྤྱི་རང་བཞིན་གྱི་གཟེངས་རྟགས་ཤིག་ཡིན།

         “ཨོ་སི་ཁཱའི་རྟགས་མ་ནི་འཛམ་གླིང་Aརིམ་པ་ཚད་ཀྱི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་བཅུ་གསུམ་གྱི་ཁོངས་སུ་གཏོགས་ཀྱང་། འཛམ་གླིང་སྒྱུ་རྩལ་རྟགས་མའི་ཡང་རྩེ་ཡིན་པ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་རྒྱལ་སྤྱིའི་ཨོ་སི་ཁཱའི་རྟགས་མའི་སྒྲིག་སྲིད་ལམ་ལུགས་ལས་ཤེས་ཐུབ། དུས་རབས་ཉི་ཤུ་བའི་ལོ་རབས་བཞི་བཅུ་ནས་བཟུང་ཨོ་སི་ཁཱ་རྟགས་མའི་སྒྲིག་གཞིའི་རྩ་དོན་དང་གྲུབ་སྟངས་ཀྱི་རྩ་དོན། ཁྲིམས་ཀྱི་རྩ་དོན། རྟགས་མའི་དེ་ཉིད་གནང་རིམ་གྱི་རྩ་དོན་མི་འདྲ་བ་ཨ་རི་ནས་འཛམ་གླིང་ལ་ཁྱབ་བསྒྲགས་མཛད་ཅིང་། ངེས་པ་དོན་གྱི་ཨོ་སི་ཁཱའི་གློག་བརྙན་ལམ་ཆེན་ལ་གྲུབ་འབྲས་ཀྱི་དན་རྟགས་མངོན་གསལ་བླངས་པས། འཛམ་གླིང་གློག་བརྙན་ལོ་རྒྱུས་དང་གློག་བརྙན་ཚོང་ར་ལ་ལོ་རྒྱུས་གསར་བའི་རྡོ་རིང་བཞེངས་ཡོད། ཨོ་སི་ཁཱའི་རྟགས་མ་ནི་རང་དབང་གི་ཉོ་ཚོང་དང་རང་མོས་ཀྱི་འཁོར་སྐྱོད་བྱེད་ཆོག་པའི་རྒྱལ་སྤྱིའི་རྟགས་མ་ཞིག་གཏན་ནས་མིན། དེ་ལ་གནམ་ལྕགས་ཐོགས་ལས་བཙན་པའི་དོ་དམ་སྒྲིག་ཁྲིམས་གཏན་འབེབས་བྱས་པ་འདི་ལྟར། ཁེ་ལས་པ་དང་རྒྱུ་སྟོབས་ཅན་གྱིས་ཉོ་ཚོང་གི་ལམ་ནས་འཁོར་སྐྱོད་བྱེད་མི་ཆོག་པ་དང་། ཨ་རིའི་ཨོ་སི་ཁཱའི་རྟགས་མ་དང་འདྲ་བའི་ཨོ་སི་ཁཱ་གཞན་ཅི་རིགས་བཟོ་ལས་གཏན་ནས་བྱེད་མི་ཆོག་པ། ཨོ་སི་ཁཱི་ལམ་ལུགས་ལྐོག་གཉེར་བྱེད་མི་ཆོག་པ། དེ་མིན། གློག་བརྙན་གསར་འདོན་གྱི་ཚད་གཞིའི་ཟིན་ཚད་ཞིག་ལ་ཐོབ་གྱུར་ན་ཨོ་སི་ཁཱ་གསེར་བྱང་རྟགས་མ། གལ་ཏེ་མི་གཉིས་ལ་ཐུན་མོང་དུ་ཐོབ་གྱུར་ན་མི་རེ་རེ་ཐོབ་དགོས་པ་དང་ཐོབ་པའི་ཆ་ལ་ཨོ་སི་ཁཱའི་རྩ་བའི་སྒྲིག་འཛུགས་ཡོད་པ་རེད། གཞན་ཡང་། ཨོ་སི་ཁཱའི་རྟགས་མ་གནང་བའི་དབྱེ་སྟངས་ལ་རིགས་ཆེན་པོ་བཅུ་རུ་ཕྱེ་ཡོད།

༡.ཆེས་དཔེ་མཚོན་ཅན་གྱི་འཁྲབ་སྟོན་པ།

༢.ཆེས་དཔེ་མཚོན་ཅན་གྱི་འཁྲབ་སྟོན་མ།

༣.ཆེས་དཔེ་མཚོན་ཅན་གྱི་འཁྲབ་ཁྲིད་པ།

༤.ཆེས་དཔེ་མཚོན་ཅན་གྱི་བརྙན་ལེན་པ།  

༥.ཆེས་དཔེ་མཚོན་ཅན་གྱི་མཛེས་རིས་ཇུས་བཀོད་པ།

༦.ཆེས་དཔེ་མཚོན་ཅན་གྱི་གློག་བརྙན་བསམ་བློ་མཚོན་བྱེད་པ།

༧.ཆེས་དཔེ་མཚོན་ཅན་གྱི་འཁྲབ་གཞུང་རྩོམ་རིག་པ། 

༨.ཆེས་དཔེ་མཚོན་ཅན་གྱི་བརྙན་བཀོད་གཏུབ་གཅོད་པ།

༩.ཆེས་དཔེ་མཚོན་ཅན་གྱི་ཚོན་རིས་པ།

༡༠.ཆེས་དཔེ་མཚོན་ཅན་གྱི་གློག་བརྙན་པར་གཞི་བཅས་ལ་ཨོ་སི་ཁཱའི་རྟགས་མ་འཐོབ་ཆོག་པའི་གློག་བརྙན་རྟགས་མའི་ཆོ་ལོ་དང་ཐོབ་དགོས་པའི་དམིགས་ཚད་བཅུ་ཕྲག་ལྷག་འདུག་པ་སྤྱི་བབ་ཙམ་ཡིན། དེ་ནི་ཨོ་སི་ཁཱ་གློག་བརྙན་རྟགས་མའི་སྒྲིག་འཛུགས་ཁྲིམས་ལས་བཀོད་ཡོད། དེ་མིན་ད་དུང་དམིགས་བསལ་གྱིས་གཤམ་གྱི་འདི་དག་ལའང་འཐོབ་ཆོག་པར་འདུག་སྟེ། རྩེ་གྲས་མཛེས་སྐྲུན་པ་དང་རྩེ་གྲས་རོལ་དབྱངས་པ། རྩེ་གྲས་སྒྲིག་སྦྱོར་བ། རྩེ་གྲས་རྒྱན་གོས་ཇུས་བཀོད་པ། རྩེ་གྲས་གློག་བརྙན་ལག་རྩལ་བ་དག་ལ་དམིགས་བསལ་གྱི་ཟུར་ཚད་ནས་འཐོབ་ཆོག་པར་གཏན་འབེབས་བྱས་ཡོད།”7 ཅེས་སོ། །

3-15-scaled_副本.jpg

སྤྱི་ལོ་༢༠༢༣-༡༢-༢༣ ཉིན་ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས་པའི «གློག་བརྙན་སྒྱུ་རྩལ་གྱི་གསང་བ» ཞེས་པ་དང་། ཚེ་བརྟན་རྡོ་རྗེས་སྒྲིག་བསྒྱུར་བྱས་པའི «ཧའོ་ལེ་ཝོའུའི་གློག་བརྙན་བཟོ་ལས» ཞེས་པའི་དེབ་གཉིས་ལས་ཁོལ་དུ་ཕྱུང་སྟེ་ཨ་ཇོ་ནས་བསྡུ་སྒྲིག་བྱས་པའོ། །

 

1.ཚེ་བརྟན་རྡོ་རྗེས་སྒྲིག་བསྒྱུར་བྱས། «ཧའོ་ལེ་ཝོའུའི་གློག་བརྙན་བཟོ་ལས» (འཛམ་གླིང་ལོ་རྒྱུས་ཀུན་གསལ་མེ་ལོང་གི་དེབ་ཕྲེང་93)[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༢ ལོའི་ཟླ་༡༢.པར་ཐེངས་དང་པོ་དཔར།  ཤོག་ངོས་༩-༡༠

2.ཚེ་བརྟན་རྡོ་རྗེས་སྒྲིག་བསྒྱུར་བྱས། «ཧའོ་ལེ་ཝོའུའི་གློག་བརྙན་བཟོ་ལས» (འཛམ་གླིང་ལོ་རྒྱུས་ཀུན་གསལ་མེ་ལོང་གི་དེབ་ཕྲེང་93) [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༢ ལོའི་ཟླ་༡༢.པར་ཐེངས་དང་པོ་དཔར།  ཤོག་ངོས་༢༢

3.ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་སྒྱུ་རྩལ་གྱི་གསང་བ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོའི་ཟླ་བ་༡༠ རུ་པར། ཤོག་ངོས་༤༢

4.ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་སྒྱུ་རྩལ་གྱི་གསང་བ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོའི་ཟླ་བ་༡༠ རུ་པར། ཤོག་ངོས་༢༧༩

5.ཚེ་བརྟན་རྡོ་རྗེས་སྒྲིག་བསྒྱུར་བྱས། «ཧའོ་ལེ་ཝོའུའི་གློག་བརྙན་བཟོ་ལས» (འཛམ་གླིང་ལོ་རྒྱུས་ཀུན་གསལ་མེ་ལོང་གི་དེབ་ཕྲེང་93) [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༢ ལོའི་ཟླ་༡༢.པར་ཐེངས་དང་པོ་དཔར།  ཤོག་ངོས་༤༡

6.ཚེ་བརྟན་རྡོ་རྗེས་སྒྲིག་བསྒྱུར་བྱས། «ཧའོ་ལེ་ཝོའུའི་གློག་བརྙན་བཟོ་ལས» (འཛམ་གླིང་ལོ་རྒྱུས་ཀུན་གསལ་མེ་ལོང་གི་དེབ་ཕྲེང་93) [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༢ ལོའི་ཟླ་༡༢.པར་ཐེངས་དང་པོ་དཔར།  ཤོག་ངོས་༤༡

7.ཟླ་ཚང་དཔལ་མཁར་རྒྱལ་གྱིས་བརྩམས། «གློག་བརྙན་སྒྱུ་རྩལ་གྱི་གསང་བ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོའི་ཟླ་བ་༡༠ རུ་པར། ཤོག་ངོས་༢༨༢-༢༨༣

དཔྱད་མཆན་ཡོད།