ཁ་ཆེ་བ་དང་བོད་པའི་གློག་བརྙན་ཁང་ཐོག་མ།


    བོད་ཀྱི་གློག་བརྙན་གྱི་འདས་སོང་བགྲོ་དུས་ཅིས་ཀྱང་བོད་ཡུལ་ན་འཚོ་ཞིང་གཞིས་པའི་ཁ་ཆེ་བ་ཚོ་གླེང་དགོས་འདུག དུས་རབས་འགའི་སྔོན་ནས་ཁ་ཧྲེ་མེར་(Kashmir) དང་ཨི་རན་(Iran)སོགས་ནས་ཁ་ཆེ་བ་མང་པོ་བོད་ཡུལ་ལ་ཚོང་གཉེར་བར་འབྱོར། འདི་འདྲའི་ཚོགས་ཁག་མང་བོའི་ཁྲོད་ལ་དྭགས་ནས་རྡོག་ཐོན་པའི་ཁ་ཆེ་བའི་ཚོགས་ཁག་ཅིག་ཡོད་པར་བོད་པ་ཚོས་ལ་དྭགས་ཁ་ཆེ་ཞེས་འབོད། ཁོ་ཚོས་ཚོང་ལས་དང་ཞབས་ཞུའི་ལས་ཀ་གཙོ་བོར་གཉེར་བ་དང་ལྷ་ས་ནས་གཞིས་བཅས་ཤིང་གནས་འདི་ག་ནས་རྒྱ་གར་གྱི་བཟོ་བཀོད་ཁྱད་ཆོས་དང་ལྡན་ཁ་ཆེའི་དགོན་པ་ཞིག་བཏབས།

      ༡༨༩༦ལོར། ལི་མེར་གཅེན་གཅུང་(The Lumiere Brother)གི་བརྙན་ལེན་པས་རྒྱ་གར་ལ་གློག་བརྙན་ལག་རྩལ་ཁྱེར་འོང་བ་ནས་རྒྱ་གར་བ་ཚོ་གློག་བརྙན་ལ་དགའ་བོ་དཔག་མེད་ཆགས། ༡༩༢༥ལོར་རྒྱ་གར་ནས་གློག་བརྙན་ལས་ཀའི་གཞི་རྩ་ཡོངས་སུ་ཚུགས་ཤིང་ཡ་གླིང་གི་སྲོལ་རྒྱུན་གློག་བརྙན་གྱི་རྒྱལ་ཁབ་ཆེན་མོར་གྱུར། དེ་དང་བསྟུན་བོད་རྒྱའི་བར་ཚོང་ལས་ལ་གཞོལ་གིན་པའི་ཁ་ཆེ་བ་དག་གིས་བོད་ཡུལ་གྱི་ཁྲོམ་རར་དངོས་པོ་གསར་བ་མང་བོ་བསྐྱལ་འོང་། གློག་བརྙན་ཀྱང་དེར་བསྟུན་བོད་ཡུལ་དུ་སླེབས། དང་ཐོག་ཁོ་ཚོས་རིན་ཡོན་ཧ་ཅང་སླ་བའི་ཁྱིམ་པས་སྤྱོད་ཀྱིན་པའི་བརྙན་གཏོང་ཆས་སྟབས་བདེ་དག་གིས་གློག་བརྙན་བཏང་ཞིང་། མི་ཚོའི་དགའ་བ་འཕེལ་ཞིང་དངོས་ཟོག་གསར་བ་ལྷ་སའི་ཁྲོམ་རར་ཇེ་བྲིན་དུ་ཕྱིན་པ་དང་བསྟུན་བློ་རིག་སྤྱང་བའི་ཁ་ཆེ་བ་དག་གིས་ཚོང་ལས་ཀྱི་གོ་སྐབས་ཡག་པོ་ཞིག་རྙེད། ༡༩༥༢ལོའི་ཟླ་༤བར། གྲོང་ཁྱེར་ལྷ་སའི་ལྷོ་ཕྱོགས་ཀྱི་སྣེའུ་རུ་ལོ་རྒྱུས་སྟེང་གི་བོད་ཀྱི་གློག་བརྙན་ཁང་ཐོག་མ་བཙུགས། གློག་བརྙན་ཁང་གི་ཁྱོན་དེ་འདྲ་མི་ཆེ། གཅིག་ཐོག་ཚོམས་ཆེན་དང་གཉིས་ཐོག་ལ་ཁང་ཆུང་འགའི་བསྟར་མ་གཅིག་ཡོད། གློག་བརྙན་པ་སེ་ལའང་རིམ་པ་མི་འདྲ་བ་བཞི་ཡོད་པ་དང་། རིན་ཡོན་ཆེས་སླ་བ་དེར་དུང་ཙེ་ལྔ་དང་དེའི་འཕྲོ་མར་དུང་ཙེ་བཅུ་དང་དུང་ཙེ་བཅོ་ལྔ། ཁང་ཆུང་གི་འདུག་གནས་ལ་དུང་ཙེ་ཉེར་ལྔ་ཡིན་པ་མ་ཟད་ཇ་མངར་མོ་དང་ཞོར་ཟས་ཉུང་ཉུང་ཡང་གནང་ངེས། གློག་བརྙན་ཁང་ནས་གཏོང་གིན་པའི་གློག་བརྙན་ཕལ་མོ་ཆེ་ནི་སྐབས་དེར་རྒྱ་གར་ན་དར་ཁྱབ་ཆེ་བའི་གློག་བརྙན་ཤ་སྟག་ཡིན། དཔེར་ན་《ཡུལ་གྱར་བ།》《སཱ་ཞེན།》《ཨན་ནཱ་རྒ་རི།》ལ་སོགས། གློག་བརྙན་བོད་ཡུལ་དུ་དར་བ་ནས་སྐབས་དེའི་བོད་པ་ན་གཞོན་པ་ཚོའི་ཆོ་མེད་པའི་འཚོ་བ་ལ་སྤྲོ་སྣང་གསར་བ་ཞིག་བསབ། གློག་བརྙན་གང་གིས་མགུ་ཁ་མ་ཁེངས་ཕྱིར་ཡང་དང་བསྐྱར་གྱིས་བཏང་། གློག་བརྙན་ཁང་ནམ་རྒྱུན་འཚང་ཁ་ཤིག་ཤིག་ཏུ་གྱུར། སྐབས་བབ་དེ་འདྲ་ཞིག་ལ་གློག་བརྙན་གྱི་པ་སེ་རྫུན་མ་འཚོང་མཁན་གྱི་ཚོགས་ཁག་ཀྱང་མང་དུ་བྱུང་མྱོང་།

      ཁ་ཆེ་བའི་གློག་བརྙན་ཁང་ཆུང་ངུ་འདིས་བོད་ཡུལ་ལ་གློག་བརྙན་གྱི་ཁྲོམ་རའི་ལམ་ཁ་ཕྱེས། ༡༩༥༧ལོར། གླང་མདུན་ཚང་གཙོས་ཁ་ཆེ་བ་ཁ་ཤས་དང་མཉམ་པོར་གཙུག་ལག་ཁང་དང་གཡུ་ཐོག་ཟམ་པའི་བར་དཀྱིལ་གྱི་ས་སྟོང་དེར་བདེ་སྐྱིད་འོད་སྣང་ཞེས་པའི་གློག་བརྙན་ཁང་ཞིག་བཙུགས། གློག་བརྙན་ཁང་འདིའི་གཞི་ཁྱོན་དང་སྒྲིག་ཆས་ལ་སོགས་སྔར་གྱི་ལ་དྭགས་ཁ་ཆེ་བའི་གློག་བརྙན་ཁང་དེ་ལས་ཆེ་ཞིང་སྔོན་ཐོན་ཡིན་པ་དང་། གཏོང་གིན་པའི་གློག་བརྙན་ཡང་རྒྱ་གར་གྱི་གློག་བརྙན་རྐྱང་བ་མ་ཡིན། འོན་ཀྱང་འདི་དག་ཐམས་ཅད་རྗེས་ཀྱི་གཏམ་མོ།།


 

དཔྱད་མཆན་ཡོད།